དཀར་མཛེས་ཀྱི་རི་གྲོང་དུ་གནའ་བོའི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་བསྐྱར་དར་བྱུང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 10-21



     ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་གློག་འཕྲིན་འབྱོར་གསལ། སྟོན་དུས་ཀྱི་གངས་ལྗོངས་ས་མཐོར་གནམ་གཤིས་བསིལ་དུ་ཕྱིན། རི་ཚོགས་ཀྱིས་བསྐོར་བའི་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་སྡེ་དགེ་རྫོང་སྨན་ཤོར་གྲོང་རྡལ་གྱི་ལག་ཤེས་བཟོ་ཁང་དུ། ལོ་ན་གཞོན་པའི་གངས་ལྗོངས་ཀྱི་བཟོ་བོ་ཚོས་བློ་རྩེ་གཅིག་སྒྲིམ་གྱིས་བཟོ་རྩལ་ཐོན་རྫས་བརྐོ་བཞིན་ཡོད་པ་དང་རྡུང་སྒྲ་སྙན་པོ་ཞིག་བར་སྣང་དུ་བྲག་ཅ་འཁོར་ཡོད།
     བཟོ་ཁང་གི“དགུ་བཅུ་ནང་སྐྱེས”ཀྱི་སྦྱིན་བདག་ཟླ་བ་སྒྲོལ་མས་ཚོད་རྩིས་ཤིག་བརྒྱབ་པར། སྲོལ་རྒྱུན་གྱི་ཟངས་ཆས་ཤིག་ལ་ཐེངས་ཁྲི་52ལྷག་ཙམ་བརྡུངས་ན་གཞི་ནས་ལེགས་གྲུབ་ཐུབ་པ་དང་ཁྲོམ་རའི་ཐོག་ཀྱང་གནའ་བོའི་ལག་ཤེས་བཟོ་རྩལ་དེ་འདྲར་དགའ་བསུ་ཆེན་པོ་ཐོབ་ཀྱི་ཡོད། 2018ལོར་ཟླ་བ་སྒྲོལ་མ་སློབ་ཆེན་ཐོན་ནས་ཕ་ཡུལ་དུ་ལོག་སྟེ་དེང་རབས་ཀྱི་ཚོང་གཉེར་རིག་པའི་འདུ་ཤེས་བཅངས་ནས་བཟོ་ཁང་ལ་སྒྱུར་བཀོད་བྱས་པས“མཁྱེན་ལི”བཟོ་ཁང་གི་ལོ་འདིའི་ཕྱིར་ཚོང་ཡོང་འབབ་སྔོན་ཆད་ལས་ལྡབ་20འཕར་ཡོད་པ་རེད།
     སྨན་ཤོར་གྲོང་རྡལ་གྱི་ལག་ཤེས་བཟོ་རྩལ་སྔོན་མ་ནས་སྐད་གྲགས་ཆེ་བས་དེ་ནི་བོད་མི་རིགས་ཀྱི་ལག་ཤེས་བཟོ་རྩལ་ཉར་ཚགས་ཆ་ཚང་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་རེད། གསར་འགོད་པ་སྨན་ཤོར་གྲོང་རྡལ་དུ་སྐྱོད་སྐབས་སྔོ་བསངས་སྤྲིན་དཀར་འོག་ཚོན་མདོག་རྣམ་པར་བཀྲ་བའི་བོད་བཟོའི་སྡོད་ཁང་གི་སྟར་པ་གྲལ་འགྲིག་ལ་ལག་ཤེས་བཟོ་རྩལ་གསོ་སྦྱོང་འཛིན་གྲྭ་དང་། ལག་ཤེས་བཟོ་རྩལ་གྱི་དབུལ་སྐྱོར་འཁོར་ཁང་། ཟོག་འགྲེམས་ཞབས་ཞུའི་ས་ཚིགས་བཅས་རིམ་པ་སྟར་ཆགས་ཡོད།
     སྔོན་ཆད་ཀྱི་དུས་སྐབས་ཤིག་ལ་སྨན་ཤོར་གྱི་ལག་ཤེས་བཟོ་རྩལ་འཕེལ་རྒྱས་དང་རྒྱུན་འཛིན་ལའང་དཀའ་ངལ་མི་ཉུང་བ་ཞིག་ཕྲད་པ་དང་ལག་ཤེས་མི་ཉུང་བ་ཞིག་ཀྱང་རྒྱུན་ཆད་ཡོད་པ་མི་རྣམས་ཀྱིས་ཤེས་ཀྱི་ཡོད།
     དུས་རབས་20པའི་དུས་མཇུག་ཏུ་ས་གནས་དེ་གའི་སྲིད་གཞུང་གི་རོགས་སྐྱོར་དང་དམངས་ཁྲོད་ཀྱི་འབད་བརྩོན་འོག་སྨན་ཤོར་གྱི་ལག་ཤེས་བཟོ་རྩལ་ལ་འཕེལ་རྒྱས་གང་ལེགས་བྱུང་ཡོད། ད་ཆ་སྨན་ཤོར་གྲོང་རྡལ་བསླས་འཐག་དང་། འཚེམ་བཟོ། ཤིང་བརྐོས། རྡུང་བཟོ། ཟངས་ལུགས་རྒྱག་པ་སོགས་བོད་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་སྣ་ཚོགས་རྒྱུན་འཛིན་གྱི་ཞིབ་བཟོ་བྱ་ཡུལ་དུ་གྱུར་པ་དང་གཞི་ཁྱོན་ཅུང་ཆེ་བའི་ལག་ཤེས་བཟོ་རྩལ་བཟོ་ཁང་27དང་དེ་བཞིན་ཁྱིམ་ཚང་རྣམ་པའི་བཟོ་ཁང་ཆུང་གྲས་སྣ་ཚོཌ་ཀྱང་ཡོད།
     ལག་ཤེས་བཟོ་རྩལ་བསྐྱར་དར་བྱུང་བ་དེས་ས་གནས་དེ་གའི་གྲོང་མིར་ཕྱུག་འགྱུར་གྱི་ལམ་བུ་བཏོད་ཡོད། སྨན་ཤོར་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ལི་ཤིན་ཚའེ་ཡིས་ངོ་སྤྲོད་བྱས་པར། ད་ཆ་མི་2000ཙམ་སྨན་ཤོར་གྲོང་རྡལ་དུ་སློབ་སྦྱོང་ངམ་ཡང་ན་ལག་ཤེས་བཟོ་རྩལ་ལས་ལ་གཞོལ་བཞིན་ཡོད་པ་དང་། ཕྱི་ལ་ཡོད་པའི་ན་གཞོན་མང་པོ་ཞིག་གིས་ཀྱང་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་ཀྱི་ཡོད།

     “དུད་ཚང་དབུལ་པོར་ལག་ཤེས་བཟོ་རྩལ་གསོ་སྦྱོང་བྱས་པ་བརྒྱུད། ཁོ་ཚོས་ལག་རྩལ་སྣ་གཅིག་ཤེས་པ་དང་གྲོང་རྡལ་ཡོངས་ཀྱི་དུད་ཚང་དབུལ་པོ་1192དེ་དག་2019ལོར་ཚང་མ་དུས་བཀག་ལྟར་དབུལ་སྒྲོལ་ཐུབ་ཡོད”ཅེས་ལི་ཤིན་ཚའེ་ཡིས་བཤད། ལོ་23ལ་སླེབས་པའི་བུ་མོ་ནི་འོན་པ་རེད། ལོ་3གྱི་གོང“མཁྱེན་ལི”བཟོ་ཁང་ལ་ཞུགས་ནས་ལག་ཤེས་བཟོ་རྩལ་སྦྱངས། སྙིང་རུས་ཆེ་ཞིང་སློབ་སྦྱོང་ལ་དགའ་བའི་བུ་མོའི་ལག་ཤེས་བཟོ་རྩལ་ལོ་གཉིས་ནང་བྱ་འཕུར་བ་ལྟར་འཕེལ་རྒྱས་ཕྱིན་པ་དང་གླ་ཕོགས་ན་ནིང་དང་བསྡུར་ན་མི་ཉུང་བ་ཞིག་འཕར་ཡོད། མ་འོངས་པར་ཁོང་གིས་ད་དུང་སློབ་སྦྱོང་མང་ཙམ་བྱས་ནས་རང་ཉིད་ཀྱི་ཁྱད་ཆོས་གསར་གཏོད་བྱེད་འདོད་ཡོད་པ་རེད།

http://tibet.people.com.cn/15827080.html


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1