བདེ་ཆེན་ཁུལ་འཇོལ་རྫོང་ནས་ལོ་3000ལོན་པའི་རྡོའི་པུར་སྒམ་ཞིག་རྙེད།

རྩོམ་སྒྲིག་པ།ཡོང་ཁུངས།བདེ་ཆེན་ཉིན་རེའི་ཚགས་པར། སྤེལ་དུས། 10-22




     ཉེ་སྔོན་འཇོལ་རྫོང་རིག་གནས་ཡུལ་སྐོར་ཅུས་རིག་དངོས་དོ་དམ་སུའོ་ཡིས་ཨ་གདོང་གྲོང་ཚོ་ནས་རྡོའི་པུར་སྒམ་རྙེད་པ་རེད།


        རྡོའི་དུར་སྒམ་རྙེད་ཚུལ།
    ཨ་གདོང་གྲོང་མིའི་ཨུ་ཡོན་ལྷན་ཁང་གི་ལས་བྱེད་མི་སྣ་གྲོང་གསེབ་ཏུ་འགྲོ་སྐབས། བསམ་ཡུལ་ལས་འདས་པ་ཞིག་ནི་དུད་ཚང་དུ་བསྐྱོད་པའི་གཞུང་ལམ་འགྲམ་གྱི་བྲག་ཕུག་ཅིག་ཏུ་རྡོའི་པུར་སྒམ་ཞིག་དང་འདྲ་བ་ཡོད་པ་མཐོང་བྱུང་། གྲོང་མིའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིས་གནས་ཚུལ་དེ་གོང་རིམ་གཙོ་སྐྱོང་སྡེ་ཁག་ལ་སྙན་སེང་ཞུས་པ་དང་། འཇོལ་རྫོང་རིག་དངོས་དོ་དམ་ཁང་དང་། འཇོལ་རྫོང་རྟེན་རྫས་བཤམས་མཛོད་ཁང་། ཧྲེན་ཕིང་གྲོང་རྡལ་རིག་གནས་ས་ཚིགས་བཅས་ཀྱི་འབྲེལ་ཡོད་ལས་དོན་མི་སྣ་ཡུལ་དངོས་སུ་གཟིགས་ཞིབ་གནང་བར་ཕེབས་པ་རེད།


    རྡོའི་པུར་སྒམ་གྱི་བང་སོར་རྙེད་པའི་གནས་དང་པོ་ནི་ཨ་གདོང་གྲོང་ཚོའི་ཆུ་རྩི་ཁ་གྲོང་མིའི་ཚོ་ཆུང་གི་གསར་སྐྲུན་མདའ་ར་ཤར་ངོས་ཀྱི་སྨི་50ཙམ་གྱི་རི་ལྡེབས་སུ་ཡོད་པ་དང་། གྲོང་ཚོ་དེའི་དུད་ཚང་དུ་བསྐྱོད་པའི་གཞུང་ལམ་རྒྱ་ཆེ་རུ་བཏང་ནས་འཛུགས་སྐྲུན་བྱེད་སྐབས་བྲག་ཁུང་ཞིག་དམར་རྗེན་དུ་ཐོན་པ་ཞིག་རེད། ནང་དུ་རླུང་ཟད་ཐེབས་པའི་མིའི་རུས་པ་དང་དུར་རྫས་རྫ་མ་སོགས་ཡོད་པས། རྡོའི་པུར་སྒམ་གྱི་བང་སོར་ངོས་འཛིན་བྱས་པ་རེད།

    ས་གནས་དེ་གའི་རིག་དངོས་སྡེ་ཚན་གྱི་ལག་རྩལ་མི་སྣས་སྔར་བས་ལྟ་ཞིབ་བྱས་པ་བརྒྱུད། བཟོ་དབྱིབས་འདི་ནི་དཔེ་མཚོན་ཅན་གྱི་རྡོའི་པུར་སྒམ་རིག་གནས་ཀྱི་རྣ་གཤོག་ཆེན་པོའི་རིགས་ཡིན་པ་དང་། ན་ཀུའུ་དང་ཁེ་སོགས་ནི་རིག་གནས་ཀྱི་མུ་འབྲེལ་ཞིག་ཡིན། ལོ་རབས་ནི་ད་ལྟའི་བར་དུ་ལོ་ངོ་3000ཡས་མས་ཟིན་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། རྫ་ཆས་དེ་རིགས་ལ“ཨན་ཕུའུ་ལའི”རྣམ་པ་དང་། བང་སོའི་ནང་དུ་ད་དུང་རླུང་ཟད་ཀྱི་རུས་པ་ཁ་ཤས་ཡོད་པ་དང་།དུར་སའི་ནང་དུ་གཙང་བཤེར་སྔར་ལས་ལྷག་པར་བྱས་མེད། རྫ་ཁོག་དང་མི་རུས་ཁག་གཅིག་འཇོལ་རྫོང་རིག་དངོས་དོ་དམ་ཁང་གིས་གནས་སྐབས་ཀྱིས་ཉར་ཚགས་བྱེད་ཀྱི་ཡོད།


    རྡོ་སྒམ་གྱི་དུར་ས་གཉིས་པ་ནི་ཨ་གདོང་གྲོང་ཚོའི་ཆུ་རོང་གྲོང་མིའི་ཚོ་ཆུང་དུ་ཡོད། ཤར་གྱི་གཞུང་ཐིག་98°51'23.00"འཕྲེད་ཐིག་བྱང་མ28°33'34.10"ཡིན་པ་དང་རྒྱ་མཚོའི་ངོས་ལས་མཐོ་ཚད་2511mཡིན་པ་དང་། ཞིང་དུད་ཀྱི་ཤར་ཕྱོགས་སུ་ཧ་ལམ་200mཡོད་པའི་སྟེགས་བུའི་སྟེང་དུ་ཡོད། གནས་དེར་རྡོའི་པུར་སྒམ་དྲུག་ཡོད་པ་དང་རྡོའི་པུར་སྒམ་བཞི་ཉར་ཚགས་ཡག་པོ་བྱས་ཡོད། རྡོའི་དུར་སྒམ་1ཆར་ཆུས་ཁུར་ཟིན། རྡོའི་པུར་སྒམ་གཅིག་གི་ནུབ་ངོས་ཀྱི་ཁ་ལེབ་ཕྱེ་ཡོད་པ་དང་རྡོའི་པུར་སྒམ་གྱི་དུར་ས་ཚང་མ་ཤར་ནུབ་ཕྱོགས་སུ་ཡོད། ལས་དོན་མི་སྣས་ཁ་ཕྱེ་བའི་རྡོའི་དུར་སྒམ་ལ་སྟབས་བདེའི་གཙང་བཤེར་བྱས་པ་རེད། གཙང་བཤེར་བྱས་པའི་དུར་མགོ་ནུབ་ལ་ཕྱོགས་པ་དང་། རྐང་བ་ཤར་ལ་གཏད་པ། བང་སོའི་མཐིལ་ལ་རྡོ་ལེབ་འདིང་བ། གཞོགས་གཉིས་སུ་རྡོ་ཆུང་ཆུང་གིས་བརྩིགས་ཡོད་པ་རེད། དེའི་སྟེང་དུ་རྡོ་ལེབ་ཀྱིས་བཀབ་ཡོད་པ་དང་། སྣེ་གཉིས་ཀྱང་རྡོ་ལེབ་ཀྱིས་ཁ་བཀག་པ་རེད། དུར་སའི་ནུབ་ངོས་ཀྱི་རྡོ་ལེབ་ཕྱེ་ཡོད། རྣ་གཅིག་ཅན་གྱི་རྫ་མ་ཞིག་རྙེད་པ་སྟེ། གསུས་ཟླུམ་དང་སྐེ་རིང་། རྣ་རྐྱང་གིས་ཁའི་འགྲམ་ནས་ཕྲག་པ་སྦྲེལ་ཡོད། (མཐོ་ཚད་ལ་13.8cmདང་། རྫ་ཁའི་ཚངས་ཐིག་ལ་8.4cmདང་། རྫ་ཁའི་ལྟོ་བའི་ཚངས་ཐིག་ལ་12cmཞབས་ཀྱི་ཚངས་ཐིག་6.5cmབཅས་ཡིན་པ།)“ཨན་ཧྥུ་ལ་”ཞེས་པའི་བང་སོར་གཏོགས། གཞན་ཡང་ད་དུང་ཆག་གྲུམ་ཚབས་ཆེ་ཙམ་ཡོད་པའི་རྫ་སྣོད་ཀྱི་ཆག་རོ་ཞིག་རྙེད་པས། ཁྱོན་བསྡོམས་ཆག་རོ་6དང་དེ་བཞིན་མིའི་རུས་པའི་ཆག་རོ་ཁག་གཅིག་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1