༄༅།། ཚུལ་ཁྲིམས་དར་རྒྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 10-23


སྨན་རམས་པ་ཚུལ་ཁྲིམས་དར་རྒྱས་ལགས་ཀྱི་མཚམས་སྦྱོར་གནད་བསྡུས།

        སྨན་རམས་པ་ཚུལ་ཁྲིམས་དར་རྒྱས་ལགས་ནི་མགོ་ལོག་དགའ་བདེ་ཆོས་རོང་སྡེ་བའི་འབྲོག་ཁྱིམ་ཞིག་ཏུ་ཕ་ཉ་ཡག་དཀོན་པོ་དང་མ་ཨ་བང་བཟའ་རྣམ་པོ་གཉིས་ཀྱི་བུ་རུ་སྤྱི་ལོ་༡༩༦༢ལོའི་ཟླ་༩པའི་ཚེས་༡༥ཉིན་སྐྱེས་ཤིང་། ཆུང་ངུའི་དུས་ནས་ཕ་མ་གཉིས་དང་བྲལ་ནས་ཨ་མྱེ་ཉ་ཡག་སྨན་དགའ་ཞེས་པས་གཉོར་ཞིང་། ལོ་བདུན་གྱི་སྟེང་ནས་ཨ་མྱེ་ཉ་ཡག་དང་མཛོད་ཚ་ཨ་བུ་དཀར་ལོ་སོགས་ཀྱི་མདུན་ནས་བོད་ཡིག་འབྲི་ཀློག་བསླབས། ལོ་དགུའི་སྟེང་རྡོ་བླ་སྨན་པ་ཤེས་རབ་རྒྱ་མཚོ་དང་རོང་ལས་ལྷ་ཆེན་སོགས་ཀྱི་མདུན་ནས་ཀོང་སྤྲུལ་ཟིན་ཏིག་དང་སྨན་གྱི་སྦྱོར་སྡེ་སོགས་ལ་ཐོག་མར་སྦྱངས། ལོ་བཅུ་གསུམ་སྟེང་རུ་ཆེན་གྱི་རྐང་རྗེན་སྨན་པ་བྱས། ལོ་བཅུ་བཞི་ཐོག་གོང་རིམ་གྱིས་བཀོད་སྒྲིག་འོག་ཟི་ལིང་དུ་ནུབ་ལུགས་གསོ་རིག་དང་རྒྱའི་སྐད་ཡིག་ལ་སློབ་སྦྱོང་བྱས། ལོ་བཅུ་དྲུག་ཐོག་ཀྲུང་གོ་མི་དམངས་བཅིང་གྲོལ་དམག་ལ་ཞུགས་ཏེ་མི་ལོ་བཞིའི་རིང་ལ་དམག་རྩལ་དང་དམག་དོན་ཐབས་ཇུས་ཞོར་དུ་ཕྱི་ལུགས་གསོ་རིག་གི་མཚོན་རྨ་དང་མྱུར་སྐྱོབས་ལག་ལེན་སྐོར་ལ་སྦྱང་བ་མཛད། ལོ་ཉི་ཤུ་སོན་སྐབས་ཕ་ཡུལ་དུ་ལོག་ནས་མཁས་དབང་དགེ་ལེགས་རབ་རྒྱས་སོགས་སྐྱེས་ཆེན་མང་བོའི་ཞབས་ལ་གཏུགས་ནས་ཐུན་མིན་རིག་གནས་ཀྱི་སྐོར་མང་དུ་གསན། ལོ་ཉེར་ལྔར་སོན་སྐབས་ཀྲུང་གོ་མི་དམངས་བཅིང་གྲོལ་དམག་སྐམ་དམག་བཞི་བའི་སྨན་ཁང་དང་། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་གཉིས་ནས་ལོ་གསུམ་གྱི་རིང་ལ་ཕྱི་ལུགས་གསོ་རིག་གི་རིམས་ནད་དང་གཉན་ནད་གསོ་བཅོས་སྐོར་ལ་སློབ་སྦྱོང་བྱས། ལོ་ཉེར་བདུན་སྟེང་ནས་མཛོད་ཚ་ཨ་བུ་དཀར་ལོའི་གསུང་ལྟར་མཁས་དབང་འཇིགས་མེད་མཐུ་ལྡན་རྡོ་རྗེ་དང་ཁམས་གཙང་རིན་པོ་ཆེ་གཉིས་ལས་མན་ངག་བཀའ་རྒྱའི་རིགས་མང་དུ་ཞུས་པ་དང་དེའི་ཞོར་དུ་མགོ་ལོག་ཁུལ་འཕྲོད་བསྟེན་རིམས་འགོག་ས་ཚིགས་ཀྱི་རིམས་ནད་ཆེད་ལས་སྒོ་བསྟེན་ཁང་གི་ཀྲུའུ་རིན་གྱི་འགན་བཞེས་ཏེ་དེར་ལས་ཞུགས་བྱས། ལོ་སུམ་ཅུའི་ཐོག་བོད་ལྗོངས་གསོ་རིག་སློབ་ཆེན་དང་ལྷ་ས་སྨན་རྩིས་ཁང་ནས་མཁས་དབང་ཁྲོ་རུ་ཚེ་རྣམ་དང་བྱམས་པ་འཕྲིན་ལས་གོ་འཇོ་དབང་འདུས་རྣམས་ཀྱི་དྲུང་དུ་བོད་ལུགས་གསོ་རིག་ལ་སྦྱངས་བ་བྱས། ལོ་སུམ་ཅུ་སོ་ལྔའི་ཐོག་སྒེར་ཀྱི་སྨན་ཁང་ཞིག་བཙུགས་པ་དང་དེའི་ཞོར་དུ་རྒན་གསོ་ཁང་དང་དབང་བོ་སྐྱོན་ཅན་དྭ་ཕྲུག་སོགས་ལ་སྨན་དང་གྱོན་ཆས་བཟའ་བཏུང་སོགས་ཀྱིས་རོགས་སྐྱོར་བྱས། དེ་དང་དུས་མཉམ་དུ་རང་སྒེར་གྱི་འགྲོ་གྲོན་ཕུད་དེ་རྐང་རྗེན་སྨན་པའི་ཟབ་སྦྱོང་འཛིན་གྲྭ་ལོ་གསུམ་ལ་བཙུགས།

        དེར་བརྟེན་རྒྱལ་ཁབ་རིམས་པ་དང་དགོན་སྡེ་ཡུལ་ཚོ་མི་སྒེར་སོགས་ཀྱིས་ཁོང་ལ་བྱ་དགའ་དང་གཟེངས་བསྟོད་གཟི་བརྗིད་མཚན་སྙན་སོགས་མང་དུ་བསྩལ་ཡོད། ༡༩༨༠ལོར་ཀྲུང་གོའི་མི་དམངས་བཅིང་གྲོལ་དམག་ཆབ་སྲིད་པུའུ་ཡིས་རིམས་པ་གསུམ་པའི་བྱས་རྗེས་ཅན་གྱི་བྱ་དགའ་གནང་བ་དང་། ༡༩༨༥ལོར་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་ཐེན་གྱིས་མི་དམངས་སྨན་པ་བཟང་པོའི་བྱ་དགའ་དང་ལོ་དེར་ཀྲུང་གོའི་ན་གཞོན་ཚོགས་པས་ན་གཞོན་ཕུལ་བྱུང་ཅན་གྱི་བྱ་དགའ་དངུལ་གྱི་རྟགས་མ་ཐོབ། ༡༩༨༩ལོར་བསྟུད་མར་སྔོན་ཐོན་མི་སྣའི་བྱ་དགའ་ལོ་དུ་མར་ཐོབ། ༡༩༩༩ལོར་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་དབང་བོ་སྐྱོན་ཅན་གཉོར་སྐྱོང་གི་ཕུལ་བྱུང་བྱ་དགའ་གནང་། ༢༠༠༡ལོར་ཀྲུང་དབྱང་རྩ་འཛུགས་པུའུ་དང་ཀྲུང་དབྱང་མི་དོན་པུའུ་ཀྲུང་གོའི་ཚན་རྩལ་པུའུ་རྣམས་ཀྱིས་སྐབས་བདུན་པའི་ན་གཞོན་ཚན་རྩལ་ཕུལ་བྱུང་ཅན་གྱི་བྱ་དགའ་ཐོབ། ༢༠༠༥ལོར་རྒྱལ་ཁབ་རིམས་པའི་སྨན་པ་འབུམ་རམས་པའི་ཐོབ་ཐང་བསྩལ་བ་དང་། མདོ་སྨད་འབའ་སེང་ཁྲི་དགོན་གྱིས་གངས་ལྗོངས་ལ་ལྷག་བསམ་དཀར་བོའི་ཤེས་ཡོན་ཅན་གྱི་བྱ་དགའ་གནང་། ༢༠༠༦ལོར་མཚོ་སྔོན་ཞིང་ཆེན་ནང་བསྟན་ཆོས་ལུགས་ཚོགས་པ་དང་། མཚོ་སྔོན་ཞིང་ཆེན་སྐྱེ་དངོས་སྲུང་སྐྱོབ་མཐུན་ཚོགས་གཉིས་ཀྱིས་དྲིན་ཆེན་ཕ་མར་དྲིན་འཇལ་དཔེ་བཟང་གི་བྱ་དགའ་ཐོབ། ༢༠༠༨ལོར་ཞིང་ཆེན་ཡོངས་ཀྱི་དབང་བོ་སྐྱོན་ཅན་དང་དྭ་ཕྲུག་ལ་རོགས་རམ་མཛད་མཁན་གྱི་སྔོན་ཐོན་མི་སྒེར་གྱི་གཟི་བརྗིད་མཚན་སྙན་གནང་། ༢༠༡༥ལོར་རྒྱལ་ཡོངས་ཕུལ་བྱུང་དམངས་སྒྲུབ་སློབ་གསོ་བའི་བྱ་དགའ་སོགས་བསྩལ།
        དེ་ལྟར་གཞན་ཕན་གྱི་ལས་ལ་འབད་འབུངས་ཆེར་བསྐྱེད་པ་དང་ཆབས་གཅིག་ཏུ་རང་གི་ཉམས་མྱོང་དང་སློབ་དཔོན་རྣམས་ཀྱི་མན་ངག་ཟུང་དུ་འབྲེལ་བའི་དཔྱད་རྩོམ་སྐོར་ལ་རིགས་རྒྱུད་འཚར་ལོངས་ཡོང་བའི་བོད་ལུགས་གསོ་རིག་གི་ཤེས་བྱ། བོད་ལུགས་གསོ་རིག་གི་རིན་ཐང་། མི་ཚེའི་འཆར་སྣང་སྦྲང་མའི་གླུ་ཆུང་། བོད་ཀྱི་གསོ་བ་རིག་པའི་དབང་ལུང་ཁྲིད་གསུམ་གྱི་གལ་ཆེའི་རང་བཞིན་ཅུང་ཟད་བཤད་པ། རིམས་ནད་གསོ་བཅོས་ཀྱི་མྱོང་ཚོར། བོད་ལུགས་སྨན་ཆང་གིས་གྲུམ་བའི་ནད་བཅོས་ཚུལ། དུས་རབས་ཉེར་གཅིག་པར་བོད་ལུགས་གསོ་བ་རིག་པའི་རིན་ཐང་དང་འཕེལ་རྒྱས་སྐོར། བོད་སོག་གསོ་རིག་བར་གྱི་འབྲེལ་བའི་སྐོར། བོད་སྨན་གྱི་མཆིན་ནད་ལྡེམ་བུ་གསོ་བཅོས་ཞིབ་འཇུག་སྐོར། སུམ་ཅུ་ཏིག་གི་ཕན་ནུས་ཞིབ་འཇུག་སྐོར། བོད་ལུགས་སྨན་རྫས་བཙོ་བསྲེག་དུག་འདོན་སྐོར་སོགས་རྒྱའི་སྐད་ཡིག་གི་ལམ་དང་བོད་ཡིག་དུས་དེབ་ཚགས་པར་སོགས་སུ་བཀོད་ཡོད། 
        དེང་གི་དུས་འདིར་བོད་ཀྱི་གསོ་རིག་འཛམ་གླིང་རྒྱལ་ཁབ་སོ་སོའི་མཐོང་ཆེན་དུ་བྱེད་ནའང་། འདིའི་གཞུང་ལུགས་དང་ལག་ལེན་རྣམ་དག་གི་བརྒྱུད་པ་ཉིན་རེ་བཞིན་ཉམས་རྒུད་དུ་འགྲོ་བཞིན་པ་འདི་ཉིད་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་དུ་གཏོང་ཆེན་༢༠༠༢ལོར་ཁོང་བཟའ་མི་གཉིས་ཀྱི་རྒྱུ་ནོར་ཡོད་དགུ་རྩ་ནས་སྤྲུག་སྟེ་གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་ཞེས་པའི་གསོ་རིག་སློབ་གྲྭ་འདི་ཉིད་གསར་དུ་བཙུགས་ཤིང་། དྭ་ཕྲུག་དང་དཀའ་ཁག་ཅན་གྱི་ཞིང་འབྲོག་གི་བུ་དང་བུ་མོ་རྣམས་ལ་སློབ་ཡོན་མི་དགོས་པར་གནས་དེར་ད་ཡོད་སློབ་མ་བཞི་བརྒྱ་ལྷག་དང་མཐར་ཕྱིན་སློབ་མ་བརྒྱད་བརྒྱ་ལྷག་གི་མདུན་ལམ་གྱི་སྒོ་ཆེན་ཡངས་པོར་ཕྱེས་ཡོད་ལ། ད་ལྟ་ཁོང་གིས་དཀའ་ངལ་བརྒྱ་ཕྲག་ཁྱད་དུ་བསད་དེ་ནངས་སྔ་ལངས་དང་དགུང་འཕྱི་ཉལ་གྱིས་ཉམ་ཐག་ནད་པ་རྣམས་ལ་ནད་གསོའི་དགོས་མཁོ་བསྐངས་ཤིང་ཞོར་དུ་དུས་ཚོད་ཀྱི་བར་སྟོང་རེ་རེར་སློབ་ཁྲིད་བྱེད་བཞིན་ཡོད་པ་དང་རྒྱལ་ཡོངས་དམངས་སྒྲུབ་སློབ་གསོ་ཚོགས་པའི་རྒྱུན་ལས་ལས་ཧྲིའི་འགན་དང་མཚོ་སྔོན་ཞིང་ཆེན་དམངས་སྒྲུབ་སློབ་གསོ་ཚོགས་པའི་ཚོགས་གཙོ་གཞོན་པ། མགོ་ལོག་ཁུལ་སྐབས་བཅུ་གསུམ་དང་བཅུ་བཞི་པའི་པའི་དམངས་ཆེན་འཐུས་མིའི་འགན་བཞེས་ཏེ་བཞུགས་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1