གཙོ་ངོས།>> ཁྲིམས་ལུགས།>>སྲིད་ཇུས་འགྲེལ་བཤད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། བོད་ལྗོངས་ཉིན་ཚགས། སྤེལ་དུས། ༢༠༢༠ལོའི་ཟླ་བ་༡༠ཚེས་༢༣ཉིན།

༄༅།།ཐེམ་ཐོ་གྲོང་ཁྱེར་དུ་ཡོད་པའི་ཕྲུ་གུས་གྲོང་གསེབ་ཁང་ས་ཤུལ་འཛིན་ཆོག

          རང་བྱུང་ཐོན་ཁོངས་པུའུ་ཚོང་གཉེར་སྡོད་ཁང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའུ་དང་། དམངས་སྲིད་པུའུ། རྒྱལ་ཁབ་གསང་སྲུང་ཅུས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཞིང་ལས་གྲོང་གསེབ་པུའུ། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་བཅས་ཀྱིས་ཉེ་ཆར“རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་གྲོས་འགོ་ཨང3226པ”ལ་ལན་བཏབ་པ་རེད། གྲོས་འགོའི་ནང་བཏོན་པའི“གྲོང་གསེབ་ཀྱི་ཁང་སའི་སྤྱོད་དབང་ཐོ་འགོད་ཀྱི་གནད་དོན”སྐོར་ལ། ཐེམ་ཐོ་གྲོང་ཁྱེར་དང་གྲོང་རྡལ་དུ་ཡོད་པའི་བུ་ཕྲུག་གིས་ཞིང་པའི་ཁང་སའི་སྤྱོད་དབང་ཁྲིམས་ལྟར་ཤུལ་འཛིན་བྱ་ཆོག་པ་མ་ཟད། གཏན་འཇགས་རྒྱུ་ནོར་གྱི་ཐོ་འགོད་བདག་གཉེར་ཡང་བྱ་ཆོག་ཅེས་ལན་གསལ་པོ་བཏབ་ཡོད་པ་རེད། 
          དེའི་ནང་། 《རྒྱུན་འཛིན་བཅའ་ཁྲིམས》ཀྱི་གཏན་འབེབས་གཞིར་བཟུང་། རྒྱུན་འཛིན་བྱེད་པའི་ཁང་པ་དེ་ཤུལ་བཞག་ཏུ་བརྩིས་ནས་ཤུལ་འཛིན་བྱེད་མཁན་གྱིས་ཤུལ་འཛིན་བྱ་ཆོག་པ་དང་། ས་ཁང་གཞི་གཅིག་ཅན་གྱི་རྩ་དོན་ལྟར་ཤུལ་འཛིན་བྱེད་མཁན་ལ་ཁང་པའི་བདག་དབང་དང་ཁང་སའི་བེད་སྤྱོད་དབང་ཆ་ཐོབ་རྗེས། གྲོང་གསེབ་ཀྱི་ཁང་ས་ཁེར་རྐྱང་དུ་ཤུལ་འཛིན་བྱ་མི་ཆོག 《གཏན་འཇགས་རྒྱུ་ནོར་ཐོ་འགོད་བཀོལ་སྤྱོད་ཚད་གཞི(ཚོད་ལྟའི་ལག་བསྟར)》ནང་གཏན་འབེབས་ཁ་གསལ་བྱས་པ་སྟེ། གྲོང་ཚོ་དེའི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཀྱི་ཁུངས་མི་མིན་པའི་མིས(གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་ཚུད་པ)ཁང་ས་ཤུལ་འཛིན་བྱས་ནས། ཁང་ས་བཟུང་བར་འབྲེལ་ཡོད་གཏན་འབེབས་ལྟར་བདག་དབང་གཏན་འཁེལ་གྱི་ཐོ་འགོད་བྱ་ཆོག་པ་དང་གཏན་འཇགས་རྒྱུ་ནོར་ཐོ་འགོད་ཟིན་ཐོ་དང་ལག་ཁྱེར་གྱི་ཟུར་བཀོད་དུ“དབང་ཆ་ཡོད་མཁན་དེ་ཞིང་པའི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཀྱི་དེ་གོང་གི་ཁོངས་མིའི་སྡོད་ཁང་གི་ཁྲིམས་མཐུན་ཤུལ་འཛིན་བ་ཡིན”ཞེས་མཆན་འགོད་བྱེད་དགོས།
          གཞན་ཡང་། “གཏན་འཇགས་རྒྱུ་ནོར་མཉམ་དུ་དབང་བའི་ཐོ་འགོད”སོགས་ཀྱི་གནད་དོན་ལའང་ལན་གསལ་པོ་བཏབ་པ་སྟེ། གཏན་འཇགས་རྒྱུ་ནོར་ཐོ་འགོད་སྒྲིག་གཞིས་ཐོབ་སྐལ་ཉུང་བའི་མཉམ་དུ་དབང་བའི་མིས་གཞོགས་འདེགས་མ་བྱས་པར་བདག་གཉེར་ཐོ་འགོད་མི་བྱེད་པའི་གནད་དོན་དང་། ལག་བསྟར་ཁོངས་སུ་གཏོགས་པའི་གནད་དོན་ཐད་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་བཅའ་ཁྲིམས་ཀྱི་གཏན་འབེབས་དོན་འཁྱོལ་ནན་པོ་བྱས་ཏེ། གཏན་འཇགས་རྒྱུ་ནོར་དབང་བའི་ཁྲིམས་མཐུན་ཁེ་ཕན་སྲུང་སྐྱོང་ཏན་ཏིག་བྱེད་དགོས་ཞེས་བརྗོད་ཡོད། 
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1