གཙོ་ངོས།>> རྩོམ་རིག>>སྙན་རྩོམ།

དབལ་ཤུལ་རང་བྱུང་། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༡༠ཚེས་༢༣ཉིན།

༄༅།། ལས་སྣང་རབ་རིབ།


གངས་ཀྱི་མིག་ཆུ་འཐོར་བའི་བྱང་ཐང་ན ། །
སྲིད་པའི་རལ་བ་རུལ་བའི་ན་བུན་འཐིབས། །
ཆུ་ཀླུང་རྩེ་རྒོད་ཉམས་པའི་རི་གྲོང་ན། །
མ་ཡུམ་སྨྲེང་བའི་འབོད་པ་བྲག་ཅར་འཁོར། །

ཡ་ཁོག་རྡུལ་རླུང་འཚུབ་པའི་སྐར་འོད་ལ། །
ཟླ་ཟེར་ཐིག་པ་འཐུང་བར་རེ་སྒུག་བྱས། །
སྨིན་དྲུག་ཚང་ལ་ལོག་པའི་ཐུན་མཚམས་སུ། །
རྨི་ལམ་ཕོ་བྲང་འགྱེལ་འདི་ཡ་རེ་ང་། །

སྐྱི་སེར་གཏུམ་དྲག་ཆེ་བའི་སྟོན་མཇུག་ན། །
ལས་སྣང་སྡོང་ལོ་སེར་པོ་གྲམ་པར་ཟག །
དྲན་པ་རི་ལ་ཤོར་བའི་ས་སྲོས་དེར། །
ཕྱིར་མིག་ཆུ་ལ་བསྐྱོན་པ་ཐེངས་གཅིག་མིན། །

ལོ་ཟླའི་རི་མོ་དབྱར་གྱི་འཇའ་ཚོན་འདྲ། །
མི་ཚེའི་དར་རྒུད་ཆུ་བོའི་རླབས་དང་མཚུངས། །
ངུ་དགོད་རེས་མོས་ཤོར་བའི་འཇིག་རྟེན་ན། །
དོན་དམ་ཡིད་རྟོན་རུང་བ་ཅི་ཞིག་མཆིས། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1