ཚྭ་ཁ་འགྲམ་རྒྱུད་ཀྱི་འབྲོག་པ་གསར་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 10-26


  

འདི་ནི་རྒད་པོ་བུ་དམར་རེད།
          ཟླ10པའི་ཚེས21ཉིན། བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་དགེ་རྒྱས་རྫོང་ཚྭ་ཁ་ཤང་བྱང་སྨད་གྲོང་ཚོའི་ལོ་ན75ལ་སླེབས་པའི་རྒད་པོ་བུ་དམར་གྱིས་ལུས་སུ་བོད་ལྭ་གྱོན་ནས་སྐྱིལ་ཀྲུང་དུ་བསྡད་ནས།  མཚམས་མི་ཆད་པར་རང་གིས་བཏུས་པའི་ཚྭ་ཁུག་མའི་ནང་དུ་ལྡུག་བཞིན་འདུག་ལ། ཚྭ་རྡོག་ཁུག་མའི་ནང་དུ་བླུགས་པའི་ཧྲག་སྒྲ་ཡིས།  མི་རྣམས་ལ་དེ་དུས་ཀྱི་འཚོ་བའི་དཀའ་སྡུག་དང་ཚྭ་ལམ་སྟེང་གི་ཆར་ཀླུང་གི་སྒྲ་དབང་མེད་དུ་དྲན་དུ་བཅུག
འདི་ནི་དགེ་རྒྱས་རྫོང་ཚྭ་ཁ་ཤང་ཁ་ཆེན་མཚོའི་ཚྭ་མཚེའུ་རེད།
          ས་བབ་མཐོ་ཞིང་གྲང་ངར་ཆེ་བའི་དགེ་རྒྱས་རྫོང་ཚྭ་ཁ་ཤང་དུ་འབྲུ་རིགས་ཐོན་སྐྱེད་མི་བྱེད་མོད། དགའ་འོས་པ་ཞིག་ལ་རང་བྱུང་ཁམས་ཆེན་པོས་ཚྭ་ཁ་ཤང་གི་མང་ཚོགས་ལ་ཕུན་སུམ་ཚོགས་པའི་ཚྭ་གཏེར་གྱི་ཐོན་ཁུངས་ཞིག་བསྩལ་ཡོད་པ་རེད།  ལོ་ངོ1000ལྷག་ཙམ་གྱི་སྔོན་ནས་ས་གནས་དེ་གའི་མི་མང་ཆེ་བས་ཚྭ་དང་འབྲོག་ལས་ཀྱི་ཐོན་རྫས་ལ་བརྟེན་ནས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་དང་། ཐ་ན་ནེ་པ་ལའི་རྒྱུད་དུ་འབྲུ་རིགས་དང་རས་ཆ་སོགས་ཀྱི་འཚོ་བའི་མཁོ་ཆས་ལ་བརྗེ་རེས་བྱེད་ཀྱིན་ཡོད།
          འགྲོ་ཐེངས་གཅིག་ལ་ཟླ་གཉིས་གསུམ་ལྷག་ཙམ་གྱི་དུས་ཚོད་དགོས་ཤིང་། དེར་ཚྭ་ལུག་གནའ་ལམ་གྱི་ངོ་མཚར་ཆེ་བའི་གཏམ་རྒྱུད་རབ་དང་རིམ་པ་བྱུང་ཡོད། ལོ་རྒྱུས་ཀྱི་འཕོ་འགྱུར་གང་མང་ཞིག་བརྒྱུད་དེ་རིམ་བཞིན་ཤར་དུ་ཇ་རྟའི་གནའ་ལམ་དང་། ནུབ་ཏུ་ཚྭ་ལུག་གནའ་ལམ་ཞེས་པའི་མཚན་སྙན་ཆགས་ཡོད་པ་རེད།
          དཀའ་ངལ་ཆེ་བའི་དུས་སུ་ལོ་ན14ལ་སོན་པའི་བུ་དམར་གྱིས་རྒན་རབས་ཚོ་དང་མཉམ་དུ་ལོ་ངོ་སྟོང་ཕྲག་ལ་རྒྱུན་འཛིན་བྱས་པའི་གནའ་ལམ་དེར་བསྐྱོད་པ་རེད། འཚོ་བ་དབུལ་པོ་་ཡིན་པའི་དབང་གིས་གཡག་དང་རྟ་གསོ་བའི་ནུས་པ་མེད་པས།  དངོས་ཟོག་སྐྱེལ་འདྲེན་བྱེད་དུས་སུ་གཙོ་བོ་ལུག་ལ་བརྟེན་དགོས་ཀྱི་ཡོད་པ་དང་། རྐང་ཐང་དུ་སྤྱི་ལེ་བརྒྱ་ཕྲག་ཁ་ཤས་ཀྱི་ལམ་ཐག་རིང་པོ་བརྒལ་ནས་ཆར་རླུང་དང་འགྲོགས་ནས་ཕྱི་རོལ་དུ་གནས་མལ་བྱེད་དགོས་ཀྱི་ཡོད།
འདི་ནི་ཚྭ་ཁ་ཤང་བྱང་སྨད་གྲོང་ཚོའི་འབྲོག་པས་ཚྭ་ལེན་པའི་རྣམ་པ་རེད།
          ཐེངས་ཤིག་ཚྭ་ལེན་དུ་འགྲོ་བའི་ལམ་དུ་ལུག་ཁྱུ་འདྲོགས་ནས་ཕྱོགས་བཞིར་བྲོས་སོང་བས། བུ་དམར་ངུ་བཞིན་མཚན་བརྒྱབ་ནས་ཚྭ་ཁལ་འཁུར་བའི་ལུག་ཚང་མ་བཙལ་ནས་རྙེད་ཐབས་བྱས། “སྐབས་དེར་སྐྲག་ཁོམ་ཡང་མེད་དེ། ཁྱིམ་མིས་ད་རུང་འབྲུ་རིགས་ལ་སྒུག་ཡོད་པ་རེད”ཅེས་བུ་དམར་གྱིས་དེ་ལྟར་བཤད་པ་དང་། ཁོས་དོན་དངོས་ཐོག་ཆེས་སྐྲག་པ་ནི་ཆར་པ་འབབ་རྒྱུ་དེ་ཡིན་ཞིང་། ཆར་ཆུས་བཟའ་ཚྭ་རྣམས་ཞུ་རུ་བཅུག་ནས་མེད་པར་གྱུར་ཚེ་ང་ཚོས་བརྗེས་ཡོང་བའི་འབྲུ་རིགས་ཀྱང་ཇེ་ཉུང་དུ་འགྲོ་བ་ཡིན་ཞེས་བཤད།
          དཀའ་སྡུག་ལ་མི་སྐྲག་པའི་ཚྭ་ཁའི་འབྲོག་པས་ཚྭ་ལུག་གནའ་ལམ་གྱི་སྟེང་ལོ་མང་པོར་ཕར་འགྲོ་ཚུར་འོང་བྱས་ཤིང་། ཁོ་ཚོས་ཐ་ན་རྨས་སྐྱོན་ཕོག་པ་དང་ཤི་རྨས་སོགས་ཀྱི་གནས་ཚུལ་ལ་གདོང་གཏོད་ཀྱི་ཡོད། རྗེས་སུ་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་སོང་ཞིང་འགྲིམ་འགྲུལ་འཕེལ་རྒྱས་བྱུང་བ་དང་ཆབས་ཅིག   ཚྭ་འབྲུའི་ཉོ་ཚོང་ཡང་རིམ་བཞིན་མཚམས་བཞག་སྟེ་འབངས་མི་སེར་གྱིས་ཚྭ་དང་ཕྱུགས་ལས་ཀྱི་ཐོན་རྫས་དག་རྫོང་མཁར་དུ་བཙོངས་ཏེ། དེ་ནས་འབྲུ་རིགས་སོགས་ཉོས་པ་རེད།
          དུས་ཀྱི་འགྲོས་དང་བསྟུན་ནས། ཡར་སྔོན་བྲེལ་འཚུབ་ཆེ་བའི་ཚྭ་ལུག་གནའ་ལམ་དེའང་ད་ལྟ་ངོ་མཚར་ཆེ་བའི་གཏམ་རྒྱུད་ཅིག་ཏུ་གྱུར་ཏེ་མི་རྣམས་ཀྱི་དྲན་འཛིན་དུ་ཉར་ཡོད་མོད། འོན་ཀྱང་སྔོན་བྱོན་པ་རྣམས་ཀྱི་དཀའ་སྡུག་དང་ངལ་དུབ་ལ་མི་སྐྲག་པའི་སྙིང་སྟོབས་ནི་མི་རབས་ནས་མི་རབས་བར་དུ་རྒྱུན་འཛིན་བྱས་ཏེ། རྒྱུན་ཆད་མེད་པར་ས་གནས་དེ་གའི་འབྲོག་པ་ཚོའི་འདུ་ཤེས་དང་བསམ་བློར་འགྱུར་ལྡོག་བྱུང་དུ་བཅུག་ནས་འཚོ་བ་གསར་པ་བསུ་བར་སྐུལ་ལྕག་ཐེབས་ཀྱི་ཡོད།
འདི་ནི་ཚྭ་བཟོ་གྲྭའི་ཐོན་རྫས་རེད།
          2018ལོར། དགེ་རྒྱས་ཀྱི་ཚྭ་ཁལ་སྲོལ་རྒྱུན་དེ་བོད་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་མིང་གཞུང་ཁག་ལྔ་པའི་ནང་བཅུག་ཅིང་། ཚྭ་ཁའི་འབྲོག་པས་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་ཞིག་བསུས་པ་རེད།
          2005ལོར། ཚྭ་ཁ་ཤང་བྱང་སྨད་གྲོང་ཚོར་ཆེད་དོན་མ་དངུལ་སྒོར་ཁྲི14དང་གྲོང་མིས་མ་རྐང་སྒོར་ཁྲི13.8བཏང་ནས་བྱང་སྨད་གྲོང་ཚོའི་དབུལ་སྐྱོར་ཚྭ་བཟོ་གྲྭ་བཙུགས་ཤིང་། 2018ལོར་ཚྭ་ཁ་ཤང་གི་ཚྭ་པའི་ལས་སྣོན་བཟོ་གྲྭ་དེ་དབུལ་སྐྱོར་ཐོན་ལས་རྣམ་གྲངས་སུ་གཏན་འཁེལ་བྱུང་བར་མ་ཟད། མ་དངུལ་སྒོར་ཁྲི365.63བཏང་ནས་ཚྭ་ཁ་ལས་སྣོན་བཟོ་གྲྭར་རིམ་སྤོར་སྒྱུར་བཀོད་བྱས་པ་རེད།
འདི་ནི་ཚྭ་ཁ་ཤང་གི་འབྲོག་པ་རེད།
          2020ལོར་ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་སེལ་ཆེད། ཚྭའི་བཟོ་གྲྭས་ཟླ3པའི་ཟླ་དཀྱིལ་དུ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱས་ཏེ། སྒོར་ཁྲི60ཡི་ངལ་ལས་ཡོང་འབབ་མངོན་འགྱུར་བྱུང་བ་དང་།  ཚྭ་བཟོ་གྲྭ་དང་མངའ་རིས་ས་ཁུལ་གཞུང་ལམ་ཅུས་ཀྱིས་ཕྱིར་ཚོང་གན་རྒྱ་ཏུན800ལ་མིང་རྟགས་བཀོད་ཅིང་། ཕྱིར་ཚོང་བྱེད་ཚད་སྒོར་ཁྲི80མངོན་འགྱུར་བྱུང་། མིག་སྔའི་བར། ཚྭ་བཟོ་གྲྭའི་ཕྱིར་ཚོང་བསྡོམས་འབོར་སྒོར་ཁྲི143ཟིན་ཡོད་པ་རེད།
          ཐོན་ལས་འཕེལ་རྒྱས་ཀྱིས་འབྲོག་པའི་བསམ་བློའི་འདུ་ཤེས་ལ་འགྱུར་ལྡོག་བྱུང་ཞིང་། “སྲོག་གཅོད་དང་བྲིན་ཚོང་ལ་གཅེས་སྤྲས་བྱེད་པའི་སྲོལ་རྒྱུན་གྱི་འདུ་ཤེས་དེའི་ཤུགས་རྐྱེན་འོག འབྲོག་ལས་ཡོང་འབབ་ལོ་ལྟར་ཅུང་དམའ་བའི་ཆུ་ཚད་རྒྱུན་འཁྱོངས་ཐུབ་ཀྱི་ཡོད”ཅེས་ཚྭ་ཁ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། ཤང་ཀྲང་དཀོན་མཆོག་ཚེ་རིང་གིས་དེ་ལྟར་བཤད། ད་ཆ་འབྲོག་པའི་བསམ་བློའི་འདུ་ཤེས་ལ་རིམ་བཞིན་འགྱུར་ལྡོག་བྱུང་བཞིན་ཡོད་པ་དང་།  དེང་རབས་དཔལ་འབྱོར་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་གང་ཐུབ་བྱས་ཏེ། ད་ལོ་ཁོ་ནར་ཡང་ཕྱུགས་ཟོག་མགོ་གྲངས12000བཤས་གཏོང་བྱས་ཡོད་པ་རེད།
འདི་ནི་ཚྭ་བཟོ་གྲྭའི་ཟུར་ཞིག་གི་རྣམ་པ་རེད།
          ཚྭ་བཟོ་གྲྭའི་འཁོར་ཁང་དུ། ཚྭ་ཁའི་འབྲོག་པས་བྱང་ཆ་ལྡན་པའི་ངང་ཚ་རླུང་སྐམ་འཁོར་དང་། ཆག་གྲུམ་འཕྲུལ་འཁོར། ཀོ་ཐག་སྐྱེལ་འདྲེན་འཕྲུལ་འཁོར། ཚྭ་འཁོར་སོགས་དེང་རབས་ཅན་གྱི་འཕྲུལ་ཆས་བཀོལ་སྤྱོད་བྱེད་བཞིན་ཡོད་ཅིང་། བུ་དམར་གྱི་ཚ་བོས་ཉམས་མྱོང་ལྡན་པའི་རྒན་རབས་པའི་ས་ནས་ཞབས་སིལ་ཚྭ་ལུམས་ཀྱི་བཟོ་སྟངས་ལ་སློབ་སྦྱོང་བྱེད་བཞིན་ཡོད།  ཕུན་སུམ་ཚོགས་པའི་ཚྭ་ལས་ཀྱི་ཐོན་ཁུངས་ལ་གཞི་བཅོལ་བ་དང་། ཐོན་ལས་ཀྱི་འཕེལ་རྒྱས་ལ་བརྟེན་ནས་ཚྭ་ཁའི་འབྲོག་པས་སྦྲ་གུར་ནས་སྡོད་ཁང་གསར་པའི་ནང་གནས་སྤོ་བྱས་ཏེ། ཁོ་ཚོས་འབྲོག་པའི་རྟ་ལྕག་དོར་ནས་ཁ་དབྲག་རླངས་འཁོར་བསྐོར་བྱུང་།
          ཚྭ་ཁའི་འགྲམ་རྒྱུད་གྱི་འབྲོག་མི་གསར་པས་རྒྱུན་པར་རྒད་པོ་བུ་དམར་ལ“སྲོལ་རྒྱུན་གྱི་ལག་ཤེས་ལ་བརྟེན་ནས་ཚྭ་ཇི་ལྟར་འཐུ་བ་དང་། ཚྭ་བླུགས་པའི་བལ་ཁུག་ཇི་ལྟར་འཚེམ་པ། ལུག་རྒྱབ་ཏུ་ཚྭ་འགེལ་བར་དོ་སྣང་བྱེད་དགོས་པ་གང་དག་ཡོད་པ་སོགས་ཀྱི་སྐོར་བློ་འདྲི་བྱེད་ཀྱི་ཡོད”ཅིང་།  བུ་དམར་ནི་ཚྭ་ཁ་ཤང་གི་ལུག་ཁལ་ཚྭ་ཁུར་གྱི་གོམས་སྲོལ་འདིའི་རྒྱུན་འཛིན་པ་ཞིག་ཡིན་པའི་ཆ་ནས། རྒྱུན་པར་ན་གཞོན་རྣམས་ཀྱི་དོགས་པ་སེལ་བར་བྱེད་པ་དང་། ཁོས་ལུགས་སྲོལ་འདི་མུ་མཐུད་དུ་རྒྱུན་འཛིན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1