གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། སྤེལ་དུས། ༢༠༢༠ལོའི་ཟླ་བ་༡༠ཚེས་༢༦ཉིན།

ཀྲུང་གོ་མི་དམངས་དང་བླངས་དམག་གིས་ཨ་འགོག་ཁྲའོ་རོགས་བྱས་ཏེ་ཕྱི་རྒྱལ་དུ་དམག་འཐབ་བྱེད་པར་བསྐྱོད་ནས་ལོ་70འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས་པ།

       ཟླ་10ཚེས་23ཉིན། ཀྲུང་གོ་མི་དམངས་དང་བླངས་དམག་གིས་ཨ་འགོག་ཁྲའོ་རོགས་བྱས་ཏེ་ཕྱི་རྒྱལ་དུ་དམག་འཐབ་བྱེད་པར་བསྐྱོད་ནས་ལོ་70འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་པ་རེད། འདི་ནི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཚོགས་ཆེན་ཐོག་གསུང་བཤད་གལ་ཆེན་གནང་བཞིན་པ།
       ཟླ་10ཚེས་23ཉིན། ཀྲུང་གོ་མི་དམངས་དང་བླངས་དམག་གིས་ཨ་འགོག་ཁྲའོ་རོགས་བྱས་ཏེ་ཕྱི་རྒྱལ་དུ་དམག་འཐབ་བྱེད་པར་བསྐྱོད་ནས་ལོ་70འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་པ་རེད། འདི་ནི་ཚོགས་ཆེན་ལ་ཕེབས་པའི་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ཡིན་པ།
       ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཚེས་23ཉིན་གྱི་སྔ་དྲོར། ཀྲུང་གོ་མི་དམངས་དང་བླངས་དམག་གིས་ཨ་འགོག་ཁྲའོ་རོགས་བྱས་ཏེ་ཕྱི་རྒྱལ་དུ་དམག་འཐབ་བྱེད་པར་བསྐྱོད་ནས་ལོ་70འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཚོགས་ཆེན་ཐོག་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་རླབས་ཆེན་གྱི་ཨ་འགོག་ཁྲའོ་རོགས་དམག་འཁྲུག་གིས་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་རྒྱ་སྐྱེད་འགོག་རྒོལ་དང་། ཀྲུང་གོ་གསར་པའི་བདེ་འཇགས་སྲུང་སྐྱོང་། ཀྲུང་གོ་མི་དམངས་ཀྱི་ཞི་བདེའི་འཚོ་བ་སྲུང་སྐྱོང་། ཁྲའོ་ཞན་ཕྱེད་གླིང་གི་དུས་བབ་བརྟན་དུ་བཏང་བ། ཨེ་ཤེ་ཡ་དང་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་བཅས་བྱས་ཡོད། ལོ་70ཡི་གོང་གི་རླབས་ཆེན་གྱི་ཨ་འགོག་ཁྲའོ་རོགས་དམག་འཁྲུག་ལ་ཕྱིར་དྲན་བྱས་ནས། ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེན་འཐབ་རྩོད་བྱེད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འོད་སྟོང་འཕྲོ་བའི་མདུན་ལྗོངས་ལ་རྒྱང་ལྟ་བྱེད་སྐབས། ང་ཚོར་བློ་རྩེ་ཤིན་ཏུ་བརྟན་པོ་དང་གདེང་ཚོད་ཤིན་ཏུ་བརྟན་པོ་ཡོང་གི་ཡོད། ང་ཚོས་ཨ་འགོག་ཁྲའོ་རོགས་དམག་འཁྲུག་གི་དཀའ་ཚེགས་ཆེ་བའི་ལོ་རྒྱུས་ཀྱི་ལམ་བུ་དང་རླབས་ཆེན་གྱི་རྒྱལ་ཁ་བློ་ལ་བརྟན་པོར་ངེས་པ་དང་། རླབས་ཆེན་གྱི་ཨ་འགོག་ཁྲའོ་རོགས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། དཔའ་ངར་ཆེར་སྐྱེད་དང་བློ་སྟོབས་ཆེན་པོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཕྱོགས་སུ་མུ་མཐུད་དཔའ་ངར་ཆེན་པོས་མདུན་དུ་སྐྱོད་དགོས་པའི་ནན་བཤད་གནང་བ་རེད།
       ལི་ཁེ་ཆང་དང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་བཅས་ཚོགས་ཆེན་ལ་ཕེབས་པ་རེད།
       མི་དམངས་ཚོགས་ཁང་ཆེ་མོའི་རྣམ་པ་རྔམ་བརྗིད་ལྡན་ལ་སྤྲོ་སེམས་རབ་ཏུ་འཁོལ་ཞིང་། ཀྲུའུ་ཞི་སྡིངས་ཆའི་སྟེང་དུ“ཀྲུང་གོ་མི་དམངས་དང་བླངས་དམག་གིས་ཨ་འགོག་ཁྲའོ་རོགས་བྱས་ཏེ་ཕྱི་རྒྱལ་དུ་དམག་འཐབ་བྱེད་པར་བསྐྱོད་ནས་ལོ་70འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན”གྱི་ཚོགས་རྟགས་བཀལ་བ་དང་། རྒྱབ་ངོས་རས་ཡོལ་གྱི་དབུས་སུ་རྒྱལ་རྟགས་བཀལ་ཅིང་། རྒྱལ་རྟགས་ཀྱི་འོག་ཏུ“1950ལོ་ནས2020ལོ”ཞེས་པའི་ཨང་ཀི་དཀར་པོ་བྲིས་པའི་མཚོན་རྟགས་བཀལ་བ་དང་། གཞོགས་གཉིས་སུ་དར་དམར་10བསྒྲིགས་ཡོད་པ་རེད། ཚོགས་ཁང་ཆེ་མོའི་ཐོག་སོ་གཉིས་པའི་རྒྱང་གཟིགས་སྟེགས་བུར“བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ནས། རླབས་ཆེན་གྱི་ཨ་འགོག་ཁྲའོ་རོགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཐོག་མའི་བསམ་འདུན་མ་བརྗེད་པ་དང་། འགན་འཁྲི་བློ་ལ་བརྟན་པོར་འཆང་བ། ནམ་ཡང་འབད་འཐབ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས”ཞེས་པའི་སྦྱར་ཡིག་བཀལ་ཡོད་པ་རེད།
སྔ་དྲོའི་ཆུ་ཚོད་10པར་ཚོགས་ཆེན་འགོ་ཚུགས་ཤིང་། ཚང་མས་ཡར་བཞེངས་ནས་རྒྱལ་གླུ་བླངས་པ་དང་། རྒྱལ་གླུ་བླངས་རྗེས་ཚོགས་ར་ཡོངས་ཀྱི་མི་རྣམས་གུས་སྟབས་ཀྱིས་ལངས་ཏེ་ཨ་འགོག་ཁྲའོ་རོགས་དམག་འཁྲུག་ལ་དཔའ་ངར་ཆེན་པོས་རང་སྲོག་བློས་བཏང་བའི་སྔོན་གཤེགས་དཔའ་བོར་ངག་བསྡམས་ནས་མྱ་ངན་ཞུས་པ་རེད།
སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ལོ་70ཡི་གོང་། ཀྲུང་ཧྭའི་ཕུལ་བྱུང་བུ་ཕྲུག་ལས་གྲུབ་པའི་ཀྲུང་གོ་མི་དམངས་དང་བླངས་དམག་གིས་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་དང་མི་རིགས་ཀྱི་རེ་འདུན་སེམས་ལ་བརྟན་པོར་བཅངས་ནས། ཞི་བདེ་སྲུང་སྐྱོབ་དང་བཙན་འཛུལ་ལ་འགོག་རྒོལ་བྱེད་པའི་དྲང་བདེན་གྱི་དར་ཆ་མཐོན་པོར་སྒྲེང་བ་དང་། དཔའ་ངར་ཆེར་སྐྱེད་དང་བློ་སྟོབས་ཆེན་པོས་ཡ་ལུའུ་གཙང་པོ་འཕྲེད་བཅད་གཏོང་བ། རླབས་ཆེན་གྱི་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དང་གསར་བརྗེའི་དཔའ་བོའི་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་བྱས་ཏེ། ཁྲའོ་ཞན་གྱི་མི་དམངས་དང་དམག་དཔུང་དང་མཉམ་དུ་ལོ་གཉིས་དང་ཟླ་བ་དགུའི་རིང་དཀའ་སྤྱད་ཚད་མེད་ཀྱིས་ཁྲག་བཏོན་དམར་འཛིང་བྱས་པ་བརྒྱུད། ཨ་འགོག་ཁྲའོ་རོགས་དམག་འཁྲུག་ལ་རྒྱལ་ཁ་རླབས་ཆེན་ཐོབ་ཡོད། ཨ་འགོག་ཁྲའོ་རོགས་དམག་འཁྲུག་གི་རྒྱལ་ཁ་རླབས་ཆེན་དེ། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་དེབ་ཐེར་ཐོག་ནམ་ཡང་འཁོད་ངེས་ཡིན་ལ། མིའི་རིགས་ཀྱི་ཞི་བདེ་དང་། འཕེལ་རྒྱས། ཡར་ཐོན་བཅས་ཀྱི་ལོ་རྒྱུས་དེབ་ཐེར་ཐོག་ནམ་ཡང་འཁོད་ངེས་རེད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས། ལོ་70ཡི་རིང་། རྒྱལ་སྤྱིའི་དྲང་བདེན་སྲུང་སྐྱོང་དང་། འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་། དབུ་བརྙེས་མ་ཐག་པའི་སྤྱི་མཐུན་རྒྱལ་ཁབ་སྲུང་སྐྱོང་བཅས་བྱེད་པར་བཞག་པའི་ཉམས་པ་མེད་པའི་མཛད་རྗེས་འཇོག་མཁན་གསར་བརྗེ་པ་རྒན་རབས་དང་། ཐེ་ཚོམ་སྤུ་ཙམ་ཡང་མེད་པར་དཔའ་བོའི་བསྟོད་གླུ་རྩོམ་ཕོད་པའི་ཀྲུང་གོ་མི་དམངས་དང་བླངས་དམག་གི་དཔོན་དམག དེ་བཞིན་དམག་འཁྲུག་དེར་རྒྱལ་ཁ་འཐོབ་ཆེད་ལེགས་སྐྱེས་འབུལ་མཁན་ཚང་མ། ཨ་འགོག་ཁྲའོ་རོགས་དམག་འཁྲུག་ལ་ཞུམ་པ་མེད་པར་རང་སྲོག་བློས་གཏོང་མཁན་གྱི་སྔོན་གཤེགས་དཔའ་བོ་བཅས་ང་ཚོས་ནམ་ཡང་བརྗེད་མེད། སྔོན་གཤེགས་དཔའ་བོ་ཚོའི་བྱས་རྗེས་བསྐལ་བརྒྱའི་བར་ཇི་སྲིད་གནས་པ་དང་། སྔོན་གཤེགས་དཔའ་བོ་ཚོའི་མཚན་སྙན་ཇི་སྲིད་བར་དུ་གནས་ངེས་རེད་ཅེས་ནན་བཤད་གནང་བ་རེད། ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱི་ཚབ་ཞུས་ནས་ད་ལྟ་འཚོ་བཞུགས་གནང་བའི་ཀྲུང་གོ་མི་དམངས་དང་བླངས་དམག་གི་འཐབ་འཛིང་བ་རྒན་གྲས་དང་། བློ་མཐུན་རྒན་གྲས། གཟི་བརྗིད་ལྡན་པའི་དམག་མི་རྨས་མ། དེ་སྔ་ཨ་འགོག་ཁྲའོ་རོགས་དམག་འཁྲུག་ལ་རོགས་སྐྱོར་བྱེད་མཁན་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་། ལྷག་པར་དུ་དམག་འཐབ་ལ་ཞུགས་པ་དང་གཡུལ་སར་རྒྱབ་སྐྱོར་བྱེད་མཁན་མི་སྣ། ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་ནང་མི་དང་དམག་མིའི་ནང་མི་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད།
       ཞི་ཅིན་ཕིང་གིས། ཨ་འགོག་ཁྲའོ་རོགས་དམག་འཁྲུག་ལ། ཁྲའོ་ཞན་ཏང་དང་། སྲིད་གཞུང་། མི་དམངས་བཅས་ཀྱིས་ཀྲུང་གོ་མི་དམངས་དང་བླངས་དམག་ལ་ཐུགས་ཁུར་དང་། གཅེས་སྐྱོང་། རོགས་སྐྱོར་བཅས་བྱས་པ་དང་། ཀྲུང་ཁྲའོ་རྒྱལ་ཁབ་གཉིས་པོའི་མི་དམངས་དང་དམག་དཔུང་སྐྱིད་སྡུག་མཉམ་མྱོང་དང་ཤི་གསོན་མཉམ་གནས་བྱས་ཏེ། ཁྲག་དྲོན་ལ་བརྟེན་ནས་འཐབ་འཛིང་བའི་མཛའ་གྲོགས་རླབས་པོ་ཆེ་ཆགས་པར་བྱས་ཡོད། འཛམ་གླིང་ཐོག་ཞི་བདེར་དགའ་བའི་རྒྱལ་ཁབ་དང་མི་དམངས་དང་། མཛའ་གྲོགས་ཀྱི་རྩ་འཛུགས་དང་མཛའ་གྲོགས་ཀྱི་མི་སྣས་ཀྲུང་གོ་མི་དམངས་དང་བླངས་དམག་ཁྲའོ་ཞན་དུ་བསྐྱོད་ནས་དམག་འཐབ་བྱེད་པར་རོགས་སྐྱོར་དང་རྒྱབ་སྐྱོར་ཤུགས་ཆེན་བྱས་ཡོད་ཅེས་གསུངས་པ་དང་། ཞི་ཅིན་ཕིང་གིས་ཀྲུང་གོའི་ཏང་དང་། སྲིད་གཞུང་། དམག་དཔུང་བཅས་ཀྱི་ཚབ་ཞུས་ནས་ཁོང་ཚོར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་ཧྭ་མི་རིགས་ནི་ཞི་བདེར་དགའ་བའི་མི་རིགས་དང་ཀྲུང་གོ་མི་དམངས་ནི་ཞི་བདེར་དགའ་བའི་མི་དམངས་རེད། ཉེ་རབས་ཚུན་དུ། ཀྲུང་གོ་མི་དམངས་ཀྱིས་བཙན་དབང་རྒྱལ་ཁབ་ཀྱི་བཙན་འཛུལ་གྱི་གནོད་འཚེ་ཚད་མེད་མྱངས་པ་དང་། དམག་འཁྲུག་གི་རྡབ་རྡེག་ཤུགས་ཆེན་ཕོག་པས། དམག་འཁྲུག་ནི་གདུག་རྩུབ་དང་ཞི་བདེ་ནི་རྩ་ཆེན་ཡིན་པ་དེ་བས་གསལ་པོར་རྟོགས་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་མ་ཐག་པའི་སྐབས་སུ། གང་སར་ཉམས་པ་སླར་གསོ་དང་ལས་བརྒྱ་དར་རྒྱས་ཡོང་རྒྱུར་ལུས་པས། ཀྲུང་གོ་མི་དམངས་ཀྱིས་ཞི་བདེ་ལྷིང་འཇགས་ཡོང་རེ་ཚད་མེད་བྱེད་ཀྱི་ཡོད། ཡིན་ནའང་། ཀྲུང་གོ་མི་དམངས་ཀྱི་རེ་འདུན་འདིར་རྩུབ་སྤྱོད་ཀྱི་འགྲན་སློང་ཕྲད་ནས། བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་བས་དམག་འཁྲུག་ཀྲུང་གོ་མི་དམངས་ཀྱི་མགོ་ལ་བཙན་འགེལ་བྱས་པ་རེད། ཨ་འགོག་ཁྲའོ་རོགས་དམག་འཁྲུག་ནི་དམག་རྒྱག་མཁན་ཕྱོགས་གཉིས་པོའི་སྟོབས་ཤུགས་ཧེ་བག་ཧ་ཅང་ཆེ་བའི་ཆ་རྐྱེན་འོག་བརྒྱབ་པའི་དེང་རབས་ཅན་གྱི་དམག་འཁྲུག་ཅིག་རེད། ཤིན་ཏུ་དོ་མི་མཉམ་པ་དང་དཀའ་ཚེགས་ཤིན་ཏུ་ཆེ་བའི་གནས་ཚུལ་དེ་འདྲའི་འོག ཀྲུང་གོ་མི་དམངས་དང་བླངས་དམག་གིས་ཁྲའོ་ཞན་དམག་དམངས་དང་གཞོགས་འདེགས་དམ་ཟབ་བྱས་ཏེ། དཀའ་སྤྱད་ཚད་མེད་ཀྱིས་འཐབ་འཛིང་བྱས་པ་བརྒྱུད། དྲག་ཆས་ཆ་ཚང་སྤྲས་པའི་དགྲ་ཡ་ཕམ་ཉེས་བཏང་བ་རེད། ཨ་འགོག་ཁྲའོ་རོགས་དམག་འཁྲུག་གི་རླབས་ཆེན་རྒྱལ་ཁ་ནི་ཀྲུང་གོ་མི་དམངས་ཡར་ལངས་ནས་འཛམ་གླིང་གི་ཤར་ཕྱོགས་སུ་འགྱིང་ངེར་གནས་པའི་བསྒྲགས་གཏམ་ཞིག་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཕྱོགས་སུ་སྐྱོད་པའི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་རེད། ཀྲུང་གོ་དང་འཛམ་གླིང་གཉིས་ཀར་གལ་ཆེ་ཞིང་གཏིང་ཟབ་པའི་དོན་སྙིང་ལྡན་ཡོད།
       ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་མི་དམངས་ཀྱིས་བཙན་འཛུལ་བས་རྒྱལ་མཚམས་སུ་དམག་ཤུགས་གཅིག་སྡུད་བྱས་ནས་དབུ་བརྙེས་མ་ཐག་པའི་ཀྲུང་གོ་གསར་པ་གཏོར་ཕམ་གཏོང་བའི་རེ་ངན་ཐལ་བའི་རྡུལ་དུ་བརླགས་པས། ཀྲུང་གོ་གསར་པའི་རྐང་པ་དངོས་འབྲེལ་བརྟན་པོ་ཚུགས་ཐུབ་ཡོད། ཀྲུང་གོ་མི་དམངས་ཀྱིས་ཉེ་རབས་ཚུན་དུ་གཞན་གྱིས་རང་སྣང་གང་ཤར་དུ་མནར་གཅོད་གཏོང་བ་དང་གཞན་ལ་བརྟེན་ནས་འཚོ་གནས་བྱེད་པའི་ལོ་བརྒྱའི་མཚན་ཤས་རྦད་དེ་མེད་པར་བཟོས་ཏེ། “ཨེ་ཤེ་ཡ་ཤར་མའི་ནད་པ”ཞེས་པའི་མིང་ཆད་མེད་པར་བཟོས་པས་ཀྲུང་གོ་མི་དམངས་ཀྱི་མགོ་བོ་དངོས་འབྲེལ་འདེགས་ཐུབ་ཡོད། ཀྲུང་གོ་མི་དམངས་ཀྱིས་བཙན་འཛུལ་བ་ཕམ་ཉེས་བཏང་བས། འཛམ་གླིང་ཡོངས་ལ་གཡོ་འགུལ་ཐེབས་པ་དང་། ཨེ་ཤེ་ཡ་དང་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་ཀྲུང་གོ་གསར་པའི་གནས་བབ་གལ་ཆེན་འདིང་ཐུབ་པ། ཀྲུང་གོ་གསར་པའི་རྒྱལ་ཁབ་ཆེན་པོའི་གནས་བབ་མངོན་ཡོད། མི་དམངས་དམག་དཔུང་གིས་དམག་འཁྲུག་རྒྱག་རིང་དམག་འཁྲུག་སྦྱངས་ཏེ། དམག་རིགས་རྐྱང་པ་ནས་དམག་རིགས་དང་དཔུང་རིགས་སྣ་ཚོགས་ཀྱི་མཉམ་སྡེབ་དམག་དཔུང་དུ་གྱུར་པས། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་ལ་སྐུལ་མ་ཤུགས་ཆེན་ཐེབས་ཡོད། འཛམ་གླིང་དམག་ཆེན་གཉིས་པ་མཇུག་འགྲིལ་རྗེས། ཨེ་ཤེ་ཡ་དང་ཐ་ན་འཛམ་གླིང་གི་འཐབ་ཇུས་བཀོད་པ་ཡག་པོ་བཏིངས་པས། འཛམ་གླིང་ཡོངས་ཀྱི་གཉའ་གནོན་མྱོང་མཁན་མི་རིགས་དང་མི་དམངས་ཀྱིས་མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་བརྩོན་ལེན་བྱེད་པའི་དྲང་བདེན་གྱི་བྱ་གཞག་ལ་སྐུལ་མ་ཆེན་པོ་ཐེབས་ནས། འཛམ་གླིང་ཞི་བདེ་དང་མིའི་རིགས་ཀྱི་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། དམག་འཁྲུག་དེ་ལས། རི་ཆུ་སྔར་གནས་དང་རྒྱལ་ཁབ་བདེ་འཇགས་བྱུང་ནས་བཙན་ཤུགས་ལ་མི་སྐྲག་པའི་ཀྲུང་གོ་མི་དམངས་ཀྱི་འགྱུར་མེད་སྙིང་སྟོབས་གང་ལེགས་མངོན་ཡོད། དམག་འཁྲུག་དེ་ལས། ཀྲུང་གོ་མི་དམངས་ཀྱི་སྙིང་སྟོབས་རབ་ཏུ་འཕེལ་ནས་ཀྲུང་གོ་མི་དམངས་ཀྱི་ཀུན་སེམས་གཅིག་སྒྲིལ་གྱི་དཀའ་སྤྱད་སྙིང་རུས་ཀྱི་གཤིས་རྒྱུད་གང་ལེགས་མངོན་ཡོད། དམག་འཁྲུག་དེ་ལས། འཛམ་གླིང་ཡོངས་ཀྱིས་ཀྲུང་གོར་ལྟ་སྟངས་གསར་པ་བཟུང་ནས། འཛམ་གླིང་ཞི་བདེ་སྲུང་སྐྱོང་བྱེད་པའི་ཀྲུང་གོ་མི་དམངས་ཀྱི་ཆོད་སེམས་བརྟན་པོ་གང་ལེགས་མངོན་ཡོད། དམག་འཁྲུག་དེ་ལས། མི་དམངས་དམག་དཔུང་གི་དམག་འཐབ་ནུས་པར་འཛམ་གླིང་ཧང་སངས་ནས། འཐབ་ན་རྒྱལ་ངེས་ཡིན་པའི་འགྱུར་མེད་བློ་སྟོབས་གང་ལེགས་མངོན་ཡོད། དམག་འཁྲུག་དེ་ལས། དྲང་བདེན་ནི་བཙན་དབང་ལས་རྣམ་པར་རྒྱལ་ངེས་ཡིན་པ་དང་ཞི་བདེ་འཕེལ་རྒྱས་ནི་འགོག་ཐབས་མེད་པའི་ལོ་རྒྱུས་ཀྱི་རླབས་རྒྱུན་ཡིན་པ་སླར་ཡང་ར་སྤྲོད་བྱས་ཡོད།
ཞི་ཅིན་ཕིང་གིས་གསུངས་དོན། ཟིལ་རླབས་དགུང་འཕྱུར་གྱི་ཨ་འགོག་ཁྲའོ་རོགས་དམག་འཁྲུག་ལ་དཔའ་བོའི་ཀྲུང་གོ་མི་དམངས་དང་བླངས་དམག་གིས་རླབས་ཆེན་གྱི་ཨ་འགོག་ཁྲའོ་རོགས་སྙིང་སྟོབས་བཏོད་ཡོད། རླབས་ཆེན་གྱི་ཨ་འགོག་ཁྲའོ་རོགས་སྙིང་སྟོབས་ཀྱི་རྒྱུན་བསྐྱངས་ནས་ད་བར་ལོ་རྒྱུས་ཡུན་རིང་སོང་བས། ངེས་པར་དུ་ནམ་ཡང་རྒྱུན་འཛིན་དང་མི་རབས་ནས་མི་རབས་བར་དར་སྤེལ་གཏོང་དགོས། དུས་རབས་འཕེལ་རྒྱས་ཇི་ལྟར་བྱུང་རུང་། ང་ཚོར་བཙན་ཤུགས་ལ་མི་སྐྲག་པ་དང་བཙན་དབང་ལ་འགོག་རྒོལ་བྱེད་པའི་མི་རིགས་ཀྱི་སྙིང་སྟོབས་ཡོད་དགོས། དུས་རབས་འཕེལ་རྒྱས་ཇི་ལྟར་བྱུང་རུང་། ང་ཚོར་ཀུན་སེམས་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་སྒྲིལ་བྱེད་པའི་མི་རིགས་ཀྱི་སྟོབས་ཤུགས་ལྡན་དགོས། དུས་རབས་འཕེལ་རྒྱས་ཇི་ལྟར་བྱུང་རུང་། ང་ཚོར་རང་སྲོག་བློས་གཏོང་ལ་མི་འཛེམ་པ་དང་འཆི་རྒྱུར་མི་སྐྲག་པའི་མི་རིགས་ཀྱི་བློ་སྟོབས་ཡོད་དགོས། དུས་རབས་འཕེལ་རྒྱས་ཇི་ལྟར་བྱུང་རུང་། ང་ཚོར་དྲང་སྲུང་གསར་གཏོད་ངར་སེམས་དང་ཞུམ་མེད་མདུན་སྐྱོད་བྱེད་པའི་མི་རིགས་ཀྱི་བློ་གྲོས་ལྡན་དགོས།
       ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཨ་འགོག་ཁྲའོ་རོགས་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་60ལྷག་ཙམ་སོང་རིང་། ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་གོར་སྔར་འབྱུང་མ་མྱོང་བའི་ལོ་རྒྱུས་ཀྱི་འཕོ་འགྱུར་ཧ་ཅང་ཆེན་པོ་བྱུང་སྟེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་། ཀྲུང་ཧྭ་མི་རིགས་ཡར་ལངས་པ་དང་ཕྱུག་པོ་ཆགས་པ་ནས་སྟོབས་ཆེན་ཆགས་པའི་བར་གྱི་རླབས་ཆེན་གྱི་མཆོང་སྐྱོད་བྱུང་ཡོད། དེང་སྐབས། ང་ཚོ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་སྦྲེལ་མཚམས་སུ་གནས་པས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་འཐོབ་ཉེར་ཡོད་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མདུན་ལམ་འོད་ཟེར་ལྡན་པ་ཞིག་ཡོད། རླབས་ཆེན་གྱི་རྒྱལ་ཁ་བློ་ལ་བརྟན་པོར་ངེས་པ་དང་རླབས་ཆེན་གྱི་བྱ་གཞག་ལ་སྐུལ་འདེད་གཏོང་བར། ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ཏེ་ཏང་སྔར་བས་འགྱུར་མེད་སྟོབས་ལྡན་ཞིག་ཏུ་འགྱུར་བར་བྱེད་དགོས། ངེས་པར་དུ་མི་དམངས་ལྟེ་བར་འཛིན་པ་དང་། ཐམས་ཅད་མི་དམངས་ཀྱི་ཆེད་དུ་ཡིན་པ། ཐམས་ཅད་མི་དམངས་ལ་རྟེན་པ་བཅས་མཐའ་འཁྱོངས་བྱེད་དགོས། ངེས་པར་དུ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་རང་རྒྱལ་གྱི་ཕྱོགས་བསྡུས་རྒྱལ་སྟོབས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ངེས་པར་དུ་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་ལ་སྐུལ་འདེད་མགྱོགས་མྱུར་བཏང་སྟེ་མི་དམངས་དམག་དཔུང་འཛམ་གླིང་གི་དམག་དཔུང་རྩེ་གྲ་ཞིག་ཏུ་ཕྱོགས་ཡོངས་ནས་སྐྲུན་དགོས། ངེས་པར་དུ་འཛམ་གླིང་གི་ཞི་བདེ་དང་དྲང་བདེན་སྲུང་སྐྱོང་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་དགོས།
ཞི་ཅིན་ཕིང་གིས་གསུངས་དོན། འཛམ་གླིང་ནི་རྒྱལ་ཁབ་ཁག་གི་མི་དམངས་ལ་དབང་བ་ཞིག་ཡིན་པས། འཛམ་གླིང་ལ་འཕྲད་པའི་དཀའ་ངལ་དང་འགྲན་སློང་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་ཕྱར་བ་གྲུ་འདེགས་དང་ལག་གདང་སྦྲེལ་ནས་ཁ་གཏད་གཅོག་དགོས། ཞི་བདེ་འཕེལ་རྒྱས་དང་མཉམ་ལས་གཉིས་ཁེ་ནི་འགྲོ་ལམ་ཡང་དག་རེད། དེང་གི་འཛམ་གླིང་དུ་ཕྱོགས་རྐྱང་རིང་ལུགས་དང་། སྲུང་སྐྱོང་རིང་ལུགས། ཐལ་སྐྱོད་རང་ཕན་རིང་ལུགས་བཅས་གང་རུང་ནི་ལམ་ལྷོངས་རྩ་བ་ནས་ཡོང་ཐབས་མེད་པ་ཞིག་རེད། སྙད་འདོགས་གཡོ་ལེན་དང་། བཀག་སྡོམ། བཙན་གནོན་བཅས་ཀྱི་བྱེད་སྟངས་གང་རུང་ནི་ལམ་ལྷོངས་རྩ་བ་ནས་ཡོང་ཐབས་མེད། རང་འདོད་རང་བསམ་དང་ང་ཆེ་ང་བཙན་གྱི་བྱེད་སྤྱོད་གང་རུང་དང་། བཙན་དབང་དང་། ཧམ་ཤེད། བཙན་ཤེད་བཅས་ཀྱི་བྱེད་སྤྱོད་གང་རུང་ནི་ལམ་ལྷོངས་རྩ་བ་ནས་ཡོང་ཐབས་མེད། དེ་དག་ལམ་ལྷོངས་རྩ་བ་ནས་ཡོང་ཐབས་མེད་ལ། མཐའ་མཇུག་ཕུང་རྒྱུ་ཡིན་པ་སྨོས་མེད་ཡིན།
       ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་འགོག་སྲུང་རང་བཞིན་གྱི་རྒྱལ་སྲུང་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད་པས། ཀྲུང་གོའི་དམག་དཔུང་ནི་ཐོག་མཐའ་བར་གསུམ་དུ་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་བྱེད་པའི་སྟོབས་ཤུགས་བརྟན་པོ་ཞིག་རེད། ཀྲུང་གོས་ནམ་ཡང་བཙན་པོ་དབང་ཡོད་རྒྱ་སྐྱེད་མི་གཏོང་ལ། བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡོད། ང་ཚོས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་ལ་གནོད་འཚེ་ཕོག་པར་བལྟས་ནས་སྡོད་མི་སྲིད་པ་དང་། མི་སུ་ཞིག་དང་ཕྱོགས་གཏོགས་གང་ཞིག་གིས་མེས་རྒྱལ་གྱི་བླ་ན་མེད་པའི་མངའ་ཁོངས་ལ་བཙན་འཛུལ་དང་མེས་རྒྱལ་ཁ་ཕྲལ་གཏོང་དུ་གཏན་ནས་འཇུག་གི་མིན། གནས་ཚུལ་ཚབས་ཆེན་འདི་འདྲ་ཐོན་ཚེ། ཀྲུང་གོ་མི་དམངས་ཀྱིས་རྡུང་རྡེག་ཚ་ནན་གཏོང་ངེས་ཡིན།
ལི་ཁེ་ཆང་གིས་ཚོགས་ཆེན་གཙོ་སྐྱོང་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཨ་འགོག་ཁྲའོ་རོགས་དམག་འཁྲུག་ལ་རླབས་ཆེན་རྒྱལ་ཁ་ཐོབ་པ་དང་བྱས་རྗེས་ཆེན་པོ་བཞག་པར་ཕྱོགས་ཡོངས་ནས་ཕྱིར་དྲན་དང་ཕྱོགས་སྡོམ་དང་། ཨ་འགོག་ཁྲའོ་རོགས་སྙིང་སྟོབས་ཀྱི་ལོ་རྒྱུས་ཀྱི་དོན་སྙིང་དང་དུས་རབས་ཀྱི་རིན་ཐང་རྒྱས་བཤད་གཏིང་ཟབ། ཨ་འགོག་ཁྲའོ་རོགས་དམག་འཁྲུག་གི་ལོ་རྒྱུས་ཀྱི་བློ་འབྱེད་ལ་གསལ་སྟོན་གནད་སྨིན། རྒྱལ་ཁབ་ཀྱི་མངའ་ཁོངས་བདག་དབང་དང་གཅིག་གྱུར་སྲུང་སྐྱོང་དང་། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ལངས་ཕྱོགས་དང་ཆོད་སེམས་བརྟན་པོ་གསལ་བསྒྲགས་ནན་པོ། རླབས་ཆེན་གྱི་རྒྱལ་ཁ་བློ་ལ་བརྟན་པོར་ངེས་པ་དང་། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་བཅས་གནང་ཡོད། ཚང་མས་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། རླབས་ཆེན་གྱི་ཨ་འགོག་ཁྲའོ་རོགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས་ཞེས་གསུངས་པ་རེད།
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1