གཙོ་ངོས།>> ཞིབ་འཇུག>>ཀུན་འདུས།

སྒྲོལ་མ་ཚེ་རིང་། ཐུབ་བསྟན་ཕུན་ཚོགས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་དེབ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༡༠ཚེས་༢༦ཉིན།

༄༅།།གནའ་བོའི་དར་ལམ་ཁྲོད་ཀྱི་བོད་ཀྱི་གླ་རྩི་དང་དེའི་ཚོང་ལམ་ལ་དཔྱད་པ།


སྒྲོལ་མ་ཚེ་རིང་། ཐུབ་བསྟན་ཕུན་ཚོགས།
གནད་བསྡུས། དཔྱད་རྩོམ་འདིར་རྒྱ་ཡིག་དང་དབྱིན་ཇིའི་ཡིག་རིགས་ནང་དུ་བཀོད་པའི་ཡིག་ཆ་གཞིར་བཟུང་ནས་དུས་རབས་གསུམ་པ་ནས་བཅུ་པ་བར་བོད་ཀྱི་གླ་རྩིའི་ཚོང་དོན་ལ་དཔྱད་རྗེས་སྐབས་དེའི་བོད་ཀྱི་གླ་རྩིའི་ཚོང་དོན་གཙོ་བོར་གྱུར་པའི་ཚོང་ལས་ཀྱི་ལོ་རྒྱུས་དང་། གནའ་བོའི་ཚོང་འབྲེལ་དེ་དག་གིས་ཀྲུང་གོའི་དེང་གི་བརྒྱུད་གཅིག་ལམ་གཅིག་ཅེས་པའི་ཕུགས་ཀྱི་ཇུས་ཆེན་བསྐྲུན་རྒྱུར་ནུས་པ་ལེགས་པོ་ཐོན་ཚུལ་གྱི་དགོངས་ཚུལ་བསྟན་འདུག
གནད་ཚིག གླ་རྩི། གནའ་བོའི་དར་ལམ། ཚོང་ལམ།[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] F125 [ཡིག་ཚང་མཚོན་བྱང་།] A [རྩོམ་གི་གོ་རིམ་ཨང་སྒྲིག] 1005-5746(2019)01-166-15
          དང་པོ། གླེང་གཞི་དང་དཔྱད་གཞིའི་གནད་བསྟན་པ།
          སྤྱི་ལོའི་དུས་རབས་གསུམ་པ་ནས་བཟུང་གནའ་བོའི་བོད་ཀྱི་གླ་རྩི་ནི་དར་ལམ་བརྒྱུད་དེ་ཏ་ཟིག་གཙོ་བོར་གྱུར་པའི་ཁ་ཆེའི་ལུང་པ་དང་། ནུབ་ཕྱོགས་ཀྱི་ཚོང་རའི་ནང་དུ་དྲངས་པ་དེ་མི་རིགས་གཞན་གྱི་ལོ་རྒྱུས་དེབ་ཐེར་ནང་ཡོངས་གྲགས་སུ་གསལ་པོར་བཀོད་འདུག བོད་ཀྱི་གླ་རྩི་དེ་དག་ནི་ཏ་ཟིག་སོགས་ཨ་རབ་ཀྱི་ཡུལ་གྲུ་ཁག་ཏུ་ཆེས་ཕུལ་དུ་བྱུང་བའི་རྒྱས་སྤྲོས་དངོས་རྫས་ཤིག་དང་། བསུང་རྫས་རྩེ་གྲ་ཞིག་ཏུ་བརྩི་བཞིན་ཡོད་པའང་ར་སྤྲོད་བྱུང་འདུག དེར་བརྟེན་བོད་ཀྱི་གླ་རྩི་དེ་གནའ་བོའི་དར་ལམ་བརྒྱུད་དེ་ཁ་ཆེའི་ཡུལ་གྲུ་ཁག་དང་ནུབ་ཕྱོགས་ཀྱི་ཚོང་རའི་ནང་དུའང་ཆེས་དགའ་བསུ་ཐོབ་པའི་ནང་འདྲེན་གྱི་དངོས་རྫས་གྲས་ཤིག་ཡིན་ཡང་། མིག་སྔར་ལག་ཏུ་སོན་པའི་བོད་ཀྱི་བཙན་པོའི་རྒྱལ་རབས་སྐབས་ཀྱི་ཡིག་ཆའི་ནང་བོད་ནས་གླ་རྩི་ཕྱིར་འཚོང་བྱས་ཚུལ་གྱི་ལོ་རྒྱུས་རྙེད་དཀའ།
          སྤྱི་ལོའི་དུས་རབས་གསུམ་པ་ཙམ་ནས་བཟུང་། བོད་ཀྱི་གླ་རྩི་ནི་གནའ་བོའི་དར་ལམ་བརྒྱུད་དེ་ཏ་ཟིག་གཙོ་བོར་གྱུར་པའི་ཁ་ཆེའི་ཡུལ་གྲུ་ཁག་ཏུ་ཆེས་དགའ་བསུ་ཐོབ་པའི་སྨན་མཆོག་ཅིག་ཡིན་པ་མ་ཟད། རྒྱལ་པོའི་ཕོ་བྲང་ནང་དུ་རྒྱས་སྤྲོས་རང་བཞིན་ལྡན་པའི་དངོས་རྫས་དང་བསུང་རྫས་ཀྱི་རིགས་ཤིག་ཏུ་རྩིས་པ་ནི་ལོ་རྒྱུས་དེབ་ཐེར་ཁག་ཏུ་གསལ། ཁྱད་པར་དུ་དབྱི་སི་ལན་གྱི་ཡུལ་གྲུ་ཁག་གིས་བོད་ཀྱི་གླ་རྩི་ཐོན་སའི་ས་གནས་དང་། གླ་རྩིའི་བཟང་ངན་དབྱེ་འབྱེད། གླ་རྩི་ཉར་ཚགས་བྱེད་སྟངས། གླ་རྩི་སྡེབ་ཚོང་བྱེད་ས་བཅས་གསལ་པོར་བཀོད་པ་ནི་བོད་ཀྱི་ལོ་རྒྱུས་སྨྲ་བ་དག་གིས་མིག་གི་དགའ་སྟོན་དུ་གྱུར་ལགས་པས། གཤམ་དུ་རྒྱལ་ཁབ་ཕྱི་ནང་གི་ལོ་རྒྱུས་དེབ་ཐེར་ཁག་ལ་གཞི་བཅོལ་ནས་བོད་ཀྱི་གླ་རྩིའི་སྐོར་ལ་དཔྱད་པར་བྱའོ། །
          བོད་རང་གི་མཁས་པ་སྔ་མའི་བརྩམས་ཆོས་ནང་དུ་གླ་རྩིའི་སྐོར་བཀོད་པ་ནི་སྔ་ཕྱིར་བྱུང་བའི་སྨན་གཞུང་ཁག་ཙམ་ལས་ལོ་རྒྱུས་དེབ་ཐེར་གཞན་པའི་ནང་དུ་ཧ་ཅང་དཀོན། སྨན་གཞུང་ལས་བྱུང་བའི་གླ་རྩིའི་སྐོར་དེ་དག་ཀྱང་ཧ་ཅང་ཁ་ཐོར་ཞིང་ཞིབ་རྒྱས་མེད་པས་དེའི་ཞིབ་འཇུག་གི་བྱ་བའི་ནང་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད། ཏུན་ཧོང་ནས་ཐོན་པའི་སྨན་དཔྱད་ཤོག་དྲིལ་ལས་གླ་རྩི་དང་དོམ་མཁྲིས་ལ་སོགས་པའི་སྲོག་ཆགས་ཀྱི་སྨན་སྣ་ཉེར་ལྔ་བཀོད་ཡོད་པ་མ་ཟད། དེའི་ནང་དོམ་མཁྲིས་རྨ་ཁར་བཏབ་ན་ཁྲག་གཅོད་པ་དང་། གླ་རྩིས་གཉན་ཚད་གཅོག་པ་སོགས་ཀྱི་སྐོར་བསྟན་ཡོད་དེ། སྨན་དཔྱད་སྐོར་གྱི་ཡིག་ཆ་ཤོག་དྲིལ་རིང་པོ་S.t.756ཡིག་ཕྲེང་80ནས་81པ་ལས། ཏོ། །རྨ་ཁ་སྐམས་ཤྀང་སྐྲངས་ན་རྨ་ཁར་འམ་བྲང་ལྤགས་སམ་ཕགས་སློན་གྱིས་གཡོག་ཅིང་གནན། རྩིས་གནན། གླ་རྩི་དང་དོམ་མཁྲིས་ཁོང་དུ་གཐང་།[1]ཞེས་དང་། P.t.1057ཡིག་ཕྲེང་108ནས་109པ་ལས། གཅིག་ཁ་འཚོས་ཤིག །ངར་ཐུག་བགྱིས་པའྀ། ནང་དུ་གླ་རྩི། སྲ ང་གཅིག་མད། །[2] ཅེས་པར་གཞིགས་ན། སྔ་མོ་ཞིག་ནས་བོད་མི་ཚོས་གླ་རྩི་གསོ་བྱེད་སྨན་གྱི་ནང་དུ་བཀོལ་སྤྱོད་བྱས་ཡོད་པ་ཐེ་ཚོམ་མེད། གཞན་ཡང་། གསོ་རིག་འབུམ་བཞི་ལས་ཀྱང་། གླ་རྩི་མཁྲིས་པར་སྐྱེར་པ་བ་ཤ་ཁ། །[3]གླ་རྩིས་དུག་སྲིན་མཁལ་མཆིན་གཉན་ནད་སེལ། །[4]གདོན་དང་གཉེན་ལ་གླ་རྩི་གུ་གུམ་ནག །[5]གླ་རྩི་བྱི་ཏང་ཀའི་ཕྱེ་མ་བསྟེན། །[6]མཁལ་བྱེར་གླ་རྩི་ལྕམ་པ་སུག་སྨེལ་མནན། །[7]ཞེས་པ་སོགས་གླ་རྩིས་ནད་གཞི་གང་དག་ལ་ཕན་ཚུལ་བསྟན་ཡོད་ལ། དེའི་ཕྱིས་ཀྱི་རྒྱུད་བཞི་དང་རྒྱུད་བཞིའི་འགྲེ ལ་པ་མཐའ་དག་གི་ནང་དུའང་དེ་དང་འདྲ་བར་གླ་རྩིའི་ནུས་པ་བཤད་ཡོད།
          གླ་རྩི་ནི་རི་དྭགས་གླ་བ་ཕོ་མོ་གཉིས་ལས་ཕོ་གླའི་ལྟེ་བ་དང་སྐྱེ་འཕེལ་དབང་པོའི་བར་དུ་བྱུང་བའི་གཤེར་རྨེན་གྱི་ཟག་རྫས་ཤིག་སྟེ། བོད་ཀྱི་དམངས་ཁྲོད་དུ་གླ་བ་ལ་དབྱེ་ན་གངས་གླ་དང་། ནགས་གླ། ཚེར་གླ་བཅས་གསུམ་དུ་ཡོད་ལ། གླ་བའི་སོ་ལ་བསྟེན་ནས་ཁ་འཇམ་དང་། སོ་ཟུག སོ་བཞི་བཅས་ན་སོའི་རིམ་པ་དབྱེ་སྟངས་ཀྱང་མཆིས། གླ་རྩིའི་དམིགས་བསལ་གྱི་དྲི་མ་དེས་མོ་གླ་དྲུས་རྩ་ལངས་པའི་དུས་སུ་ངང་གིས་ཕོ་གླ་གང་དུ་ཡོད་མེད་ཤེས་ཀྱི་ཡོད། སྤྱིར་གླ་རྩིའི་རྩི་སྐོགས་རིང་ཐུང་ལ་ལི་སྨི[8]4ནས་7བར་དང་། མཐུག་སྲབ་ལ་ལི་སྨི་2ཙམ། ཞེང་ལ་ལི་སྨི་3ནས་5ཙམ་ཡོད། གླ་རྩིའི་ཁྱོན་ཡོངས་ཀྱི་ལྗིད་ཚད་ལ་ཁེ་[9]15ནས་45ཙམ་ཡོད། དེའི་ནང་ནས་ཁེ་6ནས་20ཡས་མས་ཀྱི་གླ་རྩི་སྙི་ལ་སྐྱེར་ཁའི་མདོག་གི་ཟག་རྫས་འདྲེས་ཡོད་ཅིང་། དེའི་རོ་ནི་ཁ་ཏིག་ཆེ་ཞིང་བསྐ་བ་དང་ཅུང་གར་པོ་ཡོད། གླ་རྩིའི་ཁུ་བ་ནི་རྩེ་སྐོགས་ལྗིད་ཚད་ཀྱི་བརྒྱ་ཆ་ཐིག་ལེའི་འོག་གི་གྲངས་ཆུང་ལྔ་ཙམ་ལས་མེད་ནའང་དེའི་དྲི་ངད་ཆེ་བས་ཕྱོགས་སུ་ཁྱབ་པའི་ནུས་པ་ལྡན། གླ་རྩི་སྐམ་པོའི་སྐབས་སུ་དྲི་བསུང་དེ་ཙམ་མེད་ཀྱང་རེ་ཞིག་བུལ་ཆུའི་ནང་དུ་སྦང་མ་ཐག་ཏུ་དྲི་བསུང་ཕྱོགས་ཀུན་ཏུ་འཐུལ་ངེས་ལ། གླ་རྩིའི་གྲུབ་ཆའི་ནང་དུ་གླ་རྩིའི་ཁུ་བ་ལས་རྫས་རིགས་གཞན་བཅུ་ཕྲག[10]གནས་པར་བཤད། ཕྱི་གླིང་པས་ཀྲུང་གོའི་གླ་བའི་རིགས་ལ་ཁག་གསུམ་[11]དུ་ཕྱེ་འདུག་སྟེ། གླ་ཁྲ་ནི་འབྲི་ཆུ་སྟོད་རྒྱུད་ཀྱི་ས་ཁུལ་ལ་གནས་པ་དང་། ནུབ་ཆཱང་གི་གླ་བ་ནི་ཀན་སུའུ་ས་ཁུལ་དུ་གནས། ཞི་པུ་ལི་ཡའི་གླ་བ་ནི་ཧྲན་ཞི་སོགས་ཀྱི་ས་ཁུལ་དུ་ཕྱི་ཚོང་བྱེད་པ་དང་། དེའུ་དམར་གྱི་ཤེལ་གོང་ཤེལ་ཕྲེང་ལས། རིགས་ལ་བརྟག་པ་ནི་གླ་ནག་དང་གླ་སྐྱ་གཉིས་ཏེ་[12]ཞེས་འབྱུང་བར་ལྟར་ན། བོད་ཀྱི་རིགས་གཞུང་དུ་གླ་བ་རིགས་གཉིས་མ་གཏོགས་དབྱེ་མེད་པ་འདྲ་ཡང་། ཞིབ་ཏུ་རྔོན་པ་ཉམས་མྱོང་ཅན་དག་ལ་རྩད་གཅོད་བྱེད་དུས་གོང་དུ་བཤད་པ་བཞིན་དམངས་ཁྲོད་དུ་གླ་བ་རིགས་གསུམ་ཙམ་དུ་དབྱེ་སྲོལ་འདུག
          གཉིས་པ། བོད་ཀྱི་གླ་རྩི་དང་ཏ་ཟིག་སོགས་ཀྱི་འབྲེལ་བ་བྱུང་ཚུལ།
          དུས་རབས་གསུམ་པ་ནས་བདུན་པའི་བར་དུ་དབྱི་ལང་གིས་འཛད་སྤྱོད་བྱས་པའི་གླ་རྩི་ནི་ཀྲུང་གོ་དང་དབྱི་ལང་ངམ་ཏ་ཟིག་བར་གྱི་ཚོང་དོན་གྱི་ཁོངས་གཏོགས་ཤིག་སྟེ། དབྱི་ལང་གི་ས་ཆ་སྤྱི་དང་ཕ་མིར་ས་མཐོའི་ཡུལ་ལུང་ཐམས་ཅད་དུ་གླ་རྩིའི་ཐོན་ཁུངས་གང་ཡང་མེད་སྟབས། ངེས་པར་དུ་ཀྲུང་གོ་དང་འབྲེལ་བ་བྱེད་དགོས་པ་ལས། ཤར་དཀྱིལ་གྱི་མི་རིགས་དག་དང་དེའི་སྐོ ར་གྱི་ཚོང་འབྲེལ་མེད། གླ་རྩི་ནི་ཀྲུང་གོ་ནས་ཐོན་ཞིང་། མ་མཐའ་ཡང་སྤུ་རྒྱལ་ནས་ལི་ཡུལ་དང་སུའུ་ལེ་[13]བརྒྱུད་དེ་ཐོན་[14]ཞེས་འབྱུང་། དེར་བརྟེན་ཏ་ཟིག་གི་གཤེན་ཆོས་ནང་དུ་གླ་རྩི་གཙང་མཆོད་ཀྱི་ཆོ་གའི་སྐབས་སུ་གླ་རྩི་བཀོལ་སྤྱོད་བྱེད་པའི་ལུགས་སྲོལ་བྱུང་འདུགསྲོལ་དེའི་ཁུངས་འདེད་ནས་དཔྱད་ན་དུས་རབས་གསུམ་པའི་ནང་གི་མུའུ་ནེ་ཆོས་ལུགས་[15]ལ་ཐུག་འདུག་ཅེས་དང་། ནུབ་ཕྱོགས་ཀྱི་ལོ་རྒྱུས་ཁྲོད་དུ་ཐོག་མར་གླ་རྩིའི་སྐོར་གསལ་ས་ནི་གནའ་བོའི་རོ་མ་ཤར་པའི་གྲྭ་པ་ཁོ་སི་མཱ་ཡིང་ཏི་ཁུ་ཕོ་ལད་སི་ཐེས་[16]སྤྱི་ལོ་545ལོར་བྲིས་པའི་དཔེ་ཆ་དེ་ཡིན།[17] སྟེས་དབང་གིས་གླ་རྩིའི་སྐོར་འབྲི་མཁན་ནི་དུས་རབས་དྲུག་པའི་དུས་འགོ་ཙམ་ལ་བྱུང་བའི་ཨ་རབ་ཀྱི་གནའ་བོའི་སྙན་ངག་མཁས་པ་ཡི་མོ་ལེའུ་ཀད་སི་ཞེས་པ་དེ་རེད། འདིར་དོ་སྣང་བྱེད་དགོས་པ་ཞིག་ལ། དུས་རབས་དྲུག་པའི་སྐབས་སུ་ཏ་ཟིག་གི་ཕོ་བྲང་ནང་གི་རྒྱལ་པོ་དང་སྐུ་བཅར་དག་གིས་བོད་ཀྱི་གླ་རྩི་ལ་རྒྱུས་མངའ་ཧ་ཅང་ཆེ་བ་ནི་གཤམ་གྱི་ལོ་རྒྱུས་དེབ་ཐེར་དག་གིས་ར་སྤྲོད་བྱ་ཐུབ་སྟེ། སྤྱི་ལོ་590ལོ་ནས་628ལོ་བར་དུ་བྱུང་བའི་ཏ་ཟིག་གི་སྲ་ཧྲན་རྒྱལ་རབས་[18]ཀྱི་གོང་མ་གཉིས་པ་དང་སྐུ་བཅར་[19]ཞེས་པའི་དེབ་ནང་དུ། རྒྱལ་རབས་གོང་མ་གཉིས་པ་ཁུ་སི་ལོ་ཨེ་སི་དང་སྐུ་བཅར་ཧོ་སཱ་ཨེ་ཀྲུག་ཁེ་བར་གྱི་གཏམ་གླེང་ཁྲོད་དུ་བོད་ཀྱི་གླ་རྩིའི་སྐོར་གསལ་དོན་དུ། ཁུ་སི་ལོ་ཨེ་སི་ཡིས་གང་ནི་ཆེས་ཕུལ་དུ་བྱུང་བའི་དྲི་ཞིམ་སྤོས་རྫས་རེད་ཅེས་དྲིས་པར། སྐུ་བཅར་ཧོ་སཱ་ཨེ་ཀྲུག་ཁེས་ཤ་མོང་མངར་མོ་དང་སྤོས་ཆུ་བསྲེས་པའི་ཏུལ་སི་དང་། སྤོས་རྫས་འབྲུག་མཆིལ་གྱིས་བདུག་པའི་མུ་མེན་མེ་ཏོག གླ་རྩིས་བདུག་པའི་ཀུ་མུད་དང་ག་བུར་བསྲེས་པའི་དྲི་ཞིམ་རྒྱ་སྲན་རེད་ཅེས་ལན་ཕུལ། མཚམས་འདིར་བོད་ཀྱི་གླ་རྩི་ཞེས་གསལ་ཁ་མ་ཐོན་རུང་དེབ་དེའི་ཅུང་མི་རིང་བའི་མཚམས་སུ་སླར་ཡང་གོང་མ་གཉིས་པ་ཁུ་སི་ལོ་ཨེ་སི་ཡིས་མུ་མཐུད་དེ་འདྲི་རྒྱུར། ནམ་མཁའི་དྲི་བསུང་ནི་གང་ཡིན་ཞེས་པ་ལ། སྐུ་བཅར་ཧོ་སཱ་ཨེ་ཀྲུག་ཁེས་དེ་ནི་ཁུ་སི་ལོ་ཨེ་སིའི་བདུད་རྩི་དང་། ཏ་ཟིག་གི་རྒྱ་སེའི་མེ་ཏོག སད་མཱ་ཨེ་ཧན་[20]གྱི་ཏུལ་སི། ཐ་པུ་ལ་སེ་ཐན་[21]གྱི་ཚ་ལུ་མ། སད་ཁའོ་མའུ་ཡི་གུར་གུམ། ཤི་ཨེ་ཝན་གྱི་ཀུ་མུད། རྒྱ་གར་གྱི་སྤོས་རྫས་འབྲུག་མཆིལ་ནས་ཚེར་ལྡུམ་མེ་ཏོག་སོགས་སྤོས་རྫས་བསྟུད་མ། སྤུ་རྒྱལ་གྱི་གླ་རྩི་དང་ཞིས་ཤི་ཨེའི་སྤོས་ཤེལ། འདི་ནི་བདེ་བ་ཅན་པ་དག་གིས་བར་སྣང་ནས་བསྣམས་པའི་དྲི་ཞིམ་རེད་ཅེས་ལན་ཕུལ་བའི་ནང་དུ། སྤུ་རྒྱལ་ལམ་བོད་ཡུལ་ནས་ཐོན་པའི་གླ་རྩི་དེ་སྤོས་རྫས་རྩེ་གྲའི་གྲས་སུ་བཞག་པས་མ་ཚད། ཡུལ་གྲུ་གཞན་དག་གི་གླ་རྩི་མ་ཡིན་པར་བོད་ཀྱི་གླ་རྩི་ཞེས་དམིགས་སུ་བཀར་ནས་བརྗོད་པར་གཞིགས་ན། དུས་རབས་དྲུག་པའི་ནང་དུ་ཏ་ཟིག་གི་སྲ་ཧྲན་རྒྱལ་རབས་ཀྱི་རྒྱལ་བློན་དག་གིས་བོད་ཀྱི་གླ་རྩི་ལ་རྒྱུས་མངའ་ཆེན་པོ་ཡོད་པ་དཔག་ནུས།
          གཞན་ཡང་སྤྱི་ལོ་946ལོར་བརྩམས་པའི་གསེར་གྱི་རྩྭ་ཐང་ཞེས་པའི་དེབ་ནང་དུ་བོད་ཀྱི་གླ་རྩིའི་སྐོར་ཤིན་ཏུ་ཞིབ་ཕྲ་གསལ་བ་མ་ཟད། གླ་རྩི་འབྱུང་སའི་ཡུལ་དང་ཉར་ཚགས་བྱེད་སྟངས། བོད་ཀྱི་གླ་རྩི་དང་ཡུལ་གཞན་གྱི་གླ་རྩིའི་དབར་གྱི་ཁྱད་པར་བཅས་འཁོད་ཡོད་པ་ནི་དགའ་འོས་པའི་གནས་ཤིག་རེད། གང་ཡིན་ཟེར་ན་བོད་ཀྱི་གནའ་བོའི་ཡིག་རྙིང་ནང་དུ་གླ་རྩིའི་སྐོར་གསལ་བ་ཤིན་ཏུ་དཀོན་པ་མ་ཟད། གླ་རྩིའི་ཚོང་ལམ་བྲིན་པོ་དེ་འདྲ་ཞིག་མཆིས་པའང་ང་ཚོའི་བསམ་ཡུལ་ལས་འདས། ཨ་རབ་ཀྱི་རྩོམ་པ་པོ་གྲགས་ཅན་མཱ་སའུ་ཏི་ཡིས་བརྩམས་པའི་གསེར་གྱི་རྩྭ་ཐང་ཞེས་པའི་དེབ་ལས། བོད་ཀྱི་གླ་རྩི་ལ་ཐུན་མིན་གྱི་ཁྱད་ཆོས་ལྡན་པ་ནི་རྩོད་མེད་ཀྱི་གནད་ཅིག་རེད་ཅེས་དང་། དེའི་རྒྱུ་མཚན་གཉིས་ཡོད་དེ། དང་པོ་ནི། བོད་ཀྱི་གླ་བས་ཤིང་སྤོས་སམ་གཞན་པའི་སྐྱེ་དངོས་དག་ཟ་ཞིང་། རྒྱ་ཡུལ་གྱི་གླ་བས་སྤུ་རྒྱལ་གྱི་གླ་བ་ནང་བཞིན་ཤིང་སྤོས་ཀྱི་རིགས་དག་མི་ཟ་པའི་ཕྱིར་དང་། གཉིས་པ་ནི་སྤུ་རྒྱལ་གྱི་མི་དག་གིས་གླ་རྩིའི་རྩི་སྙི་རྩི་སྐོགས་ཀྱི་ཕྱི་རོལ་དུ་མི་བླང་པ་དང་། གླ་རྩིའི་རང་བྱུང་གི་རྣམ་པ་སོར་ཉར་ཅི་ཐུབ་བྱས་ལ། རྒྱ་རིགས་དག་གིས་ཆེད་མངགས་གླ་རྩི་རྩི་སྙི་རྩི་སྐོ གས་ཀྱི་ཕྱི་རོལ་དུ་བཏོན་ཏེ་གཡོ་སྒྱུས་དེར་ཁྲག་བསླད་པའམ་རྫས་གཞན་བསྲེས་ཏེ་བསླད་བཅོས་བྱེད། འདིར་གསལ་བཤད་ཞུ་དགོས་པ་ཞིག་ནི། རྒྱའི་གླ་རྩི་ནི་རྒྱ་མཚོ་བརྒྱུད་དེ་ཨེ་ཤི་ཡའི་ཡུལ་གྲུ་ཁག་ཏུ་སྐྱེལ་འདྲེན་བྱས་པས། རྒྱ་མཚོའི་བརླན་བཤེར་དང་གནམ་གཤིས་འགྱུར་ལྡོག་དབང་གིས་དེའི་སྤུས་ཀ་ལའང་སྐྱོན་ངེས་ཅན་ཐེབས་སྲིད། གལ་སྲིད་རྒྱ་རིགས་དག་གིས་གླ་རྩིར་བསླད་བཅོས་བྱེད་པའི་ངན་སྤྱོད་དོར་ཏེ། གླ་རྩི་ཁ་དམ་པོར་བཀག་པའི་ཤེལ་དམ་སོགས་སུ་བླུག་སྟེ་ཏ་ཟིག་དང་དབྱི་རག་སོགས་ཁ་ཆེའི་ཡུལ་གྲུ་ཁག་ཏུ་འདྲེན་ན། དེའི་སྤུས་ཚད་ཀྱང་སྤུ་རྒྱལ་གྱི་གླ་རྩི་དང་མཉམ་ངེས་[22]ཞེས་འབྱུང་། དུམ་མཚམས་འདི་བརྒྱུད་དེ་ང་ཚོས་གང་ཤེས་ཐུབ་ཅེ་ན། བོད་པས་གླ་རྩི་ཉར་ཚགས་བྱེད་པའི་ལག་རྩལ་མཐོན་པོར་སླེབས་ཡོད་པ་དང་། གླ་རྩིའི་ནང་དུ་ཁྲག་སོགས་ལྷད་མ་བསྲེས་པས་ཁ་ཆེའི་ཡུལ་གྲུ་ཁག་ཏུ་གདེང་འཇོག་ཆེན་པོ་ཡོད་པའང་རྟོགས་ནུས། དེ་ཡང་ཤེལ་གོང་ཤེལ་ཕྲེང་ལས་ཀྱང་། འདི་ཡང་དྲིའི་ལས་བྱེད་པ་ཡིན་པས་དྲི་མ་ཡལ་བར་པར་བུར་བཅུག་ལ་ཁ་སྦྲ་ཚིལ་གྱིས་བཀག་ནས་ཉར་ཚགས་བྱེད་དགོས་པར་བཤད་[23]ཅེས་གླ་རྩི་ཉར་ཚགས་བྱེད་པའི་ཐབས་ཤེས་བསྟན་ཡོད། དེ་དང་ཆབས་ཅིག་བོད་ཀྱི་ཐུན་མོང་མ་ཡིན་པའི་ས་ཁམས་ཁོར་ཡུག་གིས་གླ་བའི་གཟན་པ་ཤིང་སྤོས་སོགས་བཟས་པའི་རྐྱེན་གྱིས་གླ་རྩིའི་དྲི་བསུང་ཡང་གླ་རྩི་གཞན་ལས་ཀུན་ཏུ་འཕགས་ཚུལ་ཡང་བསྟན་འདུག གང་ལྟར་བོད་བཙན་པོ་རྒྱལ་རབས་ཀྱི་སྔ་རོལ་དུ་གླ་རྩི་དེ་ཁ་ཆེའི་ཡུལ་གྲུ་ཁག་ཏུ་ཚོང་འདྲེན་བྱས་ནས་ལོ་རྒྱུས་རིང་པོ་སོང་བ་མ་ཟད།བོད་པ་རང་ཉིད་མ་ཟད་ཁ་ཆེ་བས་ཀྱང་བོད་མིའི་གླ་རྩི་ཉར་ཚགས་བྱེད་སྟངས་དང་། གླ་བའི་གཟན་པ་གང་ཡིན། དེ་མཚུངས་སུ་ཡུལ་གྲུ་གཞན་གྱི་གླ་རྩི་དང་བསྡུར་ན་ཁྱད་ཆོས་གང་དག་ཡོད་པ་སོགས་ངམ་ངམ་ཤུགས་ཀྱིས་ཤེས་ཐུབ་པ་ཞིག་རེད།
          མཱ་སའུ་ཏི་ཡིས་བྲིས་པའི་གསེར་གྱི་རྩྭ་ཐང་ཞེས་པའི་བརྩམས་ཆོས་ནང་དུ་གླ་རྩིའི་དྲི་བསུང་བཟང་ཤོས་དང་སྤུས་ཀ་ཡག་ཤོས་ནི་གླ་བ་ནར་སོན་པའི་གླ་རྩི་དེའོ། །གླ་བའི་གཟུགས་དབྱིབས་དང་རྣམ་པ། ཁ་མདོག་དང་རྭ་ཅོ་གང་ཅིའི་ཐད་ལ་ཤ་བ་དང་ཁྱད་པར་ཆེན་པོ་མེད་རུང་། ཁྱད་པར་ཆེ་ཤོས་ནི་མཆེ་བའི་ཐོག་ཏུ་ཡོད་དེ། གླ་བའི་མཆེ་བ་ནི་གླང་ཆེན་དང་མཚུངས་ལ། གླ་བ་ཐམས་ཅད་ཀྱི་ཡ་མཆུ་ལ་རིང་ཐུང་མཐོ་གང་ཙམ་གྱི་མཆེ་བ་དཀར་པོ་གཉིས་རེ་སྐྱེས་ནས་ཕྱིར་བརྐྱངས་ཏེ་ཡོད་[24]ཅེས་པ་ལྟར། དེའི་ནང་གླ་བའི་གླ་རྩི་བཟང་ཤོས་དེ་ནར་སོན་པའི་གླ་བའི་གླ་རྩི་ཡིན་པ་དང་། གླ་བའི་ཕྱིའི་གཟུགས་དབྱིབས་དང་རྣམ་པའི་ཁྱད་པར་སོགས་བརྗོད་དེ་གླ་བར་རྒྱུས་མངའ་ཆེན་པོ་ལྡན་ཚུལ་བརྗོད་མོད། རྩོམ་པ་པོ་ཁོ་རང་གིས་དངོས་སུ་རི་དྭགས་གླ་བ་མོ་མཐོང་མྱོང་མེད་པ་དང་། ཡང་ན་ཏ་ཟིག་སོགས་སུ་ཕྱིར་འཚོང་བྱེད་པའི་གླ་རྩི་ནི་ཕོ་གླ་རྐྱང་པ་དང་འབྲེལ་བ་ཡོད་སྟབས། གོང་གི་ཚིག་ནང་དུ་གླ་བ་ཐམས་ཅད་ལ་མཆེ་བ་དཀར་པོ་གཉིས་རེ་ཡོད་ཅེས་པའི་ནོར་འཁྲུལ་ཤོར་ཞིང་། གླ་བ་ཕོ་མོ་གཉིས་ལས། ཕོ་གླ་རྐྱང་པ་ལས་མོ་གླ་ལ་ནི་ཕྱིར་བརྐྱངས་པའི་མཆེ་བ་དཀར་པོ་[25]དེ་གཉིས་མེད་ཅིང་།བོད་ཀྱི་གཏམ་དཔེ་ལ། ཤ་ཡུ་མོར་རྭ་ཅོ་མ་དར་རེད། །དེ་དར་ན་ནོར་བུའི་རིགས་ཅན་ཡིན། །གླ་མོ་གླར་གླ་མཆེ་མ་དར་རེད། །དེ་དར་ན་ནོར་བུ་རིགས་ཅན་ཡིན། །ཞེས་པ་ལས་ཀྱང་ཤེས་སོ། །གཞན་ཡང་བརྩམས་ཆོས་དེ་ཉིད་ལས། བོད་པ་རྣམས་ཀྱིས་རི་དྭགས་བརྔོན་ཐབས་དང་གླ་བའི་ལྟེ་བ་ནས་གླ་རྩི་ལེན་སྟངས་བཅས་ཀྱང་ཞིབ་ཕྲའི་སྒོ་ནས་འགྲེལ་བརྗོད་བྱས་ཡོད་དེ། སྤུ་རྒྱལ་དུ་མི་རྣམས་ཀྱིས་ལྐོ་མོག་དང་དོང་རྙི། ཡང་ན་རྒྱ་རྙི་སྤྱད་དེ་གླ་བ་འཛིན་བཟུང་བྱེད་པ་དང་། ཡང་ན་མདའ་འཕངས་ནས་བསད་འཕྲལ། ལྟེ་བའི་ཁྲག་མ་སྐམ་ཚེ་གླ་བའི་ལྟེ་བ་ནས་གླ་རྩི་བཅད་དེ་ལེན། གལ་སྲིད་གླ་བ་ནར་མ་སོན་པ་དང་གླ་རྩི་མ་སྨིན་པ་ཡིན་ན། རྩི་སྐོགས་བརྒྱུད་དེ་སྣོམ་མི་བཟོད་ལ་སྐྱུག་བྲོ་བའི་དྲི་ངན་ཞིག་ཁ་ངེས་[26]ཞེས་འབྱུང་། འདིར་གླ་བའི་གླ་རྩི་སྨིན་དང་མ་སྨིན་ན་ཚོད་ལ་རག་ལས་པ་དང་། བོད་མིས་དེ་སྔོན་གླ་བ་འཛིན་བཟུང་བྱེད་པར་ལྐོ་མོག་དང་། དོང་རྙི། མདའ་སོགས་བེད་སྤྱད་དེ་བརྔོན་བྱེད་ཚུལ་འང་ཞིབ་ཏུ་བརྗོད་ཚུལ་བཅས་ལ་ལྟོས་ན་མི་རིགས་དེ་གཉིས་ཀྱི་བར་ལ་གླ་རྩིའི་ཚོང་འབྲེལ་ཡུན་རིང་བྱས་ཏེ་དེའི་སྐོར་གྱི་ཤེས་བྱ་ཡང་ཁྱབ་གདལ་དུ་ཕྱིན་ནས་ཕན་ཚུན་རྒྱུས་ལོན་ཟབ་པོ་ཡོད་པར་དཔོག་ནུས།
          གཞན་ཡང་མཱ་སའུ་ཏིའི་བརྩམས་ཆོས་འདིའི་ནང་གླ་རྩི་གླ་བའི་ལུས་ཕུང་ཐོག་ཏུ་སྨིན་ནས་ན་ཟུག་སྟེར་བས། ཉི་མས་བསྲེགས་པའི་རྡོའི་ཐོག་ཏུ་གླ་བས་གླ་རྩི་རྡབ་རྡེག་བཏང་རྐྱེན་ཁྲག་ཤུལ་ལམ་གླ་རྩིའི་ཕྱེ་མ་བྲག་རྡོའི་ངོས་སམ་དེའི་ཉེ་འགྲམ་དུ་ཟག་པ་དག བོད་ཀྱི་རྔོན་པ་ཚོས་འཚོལ་བཏུས་བྱེད་སྲོལ་ཡོད་པའི་སྐོར་ཡང་འཁོད། དེ་ཉིད་ལས། ཆེས་ཕུལ་དུ་བྱུང་བའི་གླ་རྩི་ནི་རྩི་སྐོགས་ཀྱི་ནང་དུ་སྨིན་ཞིང་ལྟེ་བའི་ཐོག་ཏུ་སྐྱེས་པ་དེ་ཡིན་ལ། དེ་ནི་གླ་རྩིའི་གྲུབ་རྫས་མཐའ་དག་གླ་བའི་ལུས་ཕུང་རང་སྟེང་དུ་ངང་གིས་སྐྱེས་ཤིང་སྨིན་ལ། ཁྲག་དང་འདྲེས་པའི་གླ་རྩི་དེ་གླ་བའི་ལྟེ་བ་གཡས་གཡོན་བར་དུ་སྐྱེས་བར་ངེས། རྩི་སྙི་གྲུབ་པའམ་སྨིན་པའི་ཚེ་གླ་བ་ལ་ན་ཟུག་དང་ཟ་འཕྲུག་ལངས་པས། དེ་ཉིད་མ་བཟོད་པར་ཉི་མས་བསྲེགས་པའི་བྲག་རྡོ་དང་སྡོང་པོའི་སྟེང་དུ་བརྡར་རྐྱེན་གླ་རྩི་ལས་འབྱར་བག་གི་གཤེར་གཟུགས་ཕྱིར་བཏོན་སྟབས་བྲག་རྡོའི་སྟེང་དུ་ཟགས། འདི་ནི་ཤ་རྨེན་ཞིག་དང་རྣག་འབུར་ཞིག་ཕྱིར་བཏོན་པ་དང་གཉིས་སུ་མ་མཆིས། གལ་སྲིད་ལྟེ་བའི་མཚམས་སུ་བསགས་པའི་འབྱར་བག་ཅན་གྱི་གཤེར་གཟུགས་ཐམས་ཅད་ཕྱིར་བཏོན་རྗེས། རྨ་ཁར་ད་གཟོད་རྨ་ཤུན་ཆགས། དེའི་རྗེས་སུ། ཡང་བསྐྱར་ཁྲག་གི་རྣམ་པ་ཅན་གྱི་གྲུབ་རྫས་དེ་དག་ཐེངས་དང་པོ་ནང་བཞིན་དེའི་ནང་དུ་འཛུལ་ངེས་[27]ཞེས་སོགས་གསུངས། དེའི་ཐད་ནས་རྩོམ་པ་པོ་ཁོང་གླ་རྩིར་ཆ་རྒྱུས་གཏིང་ཟབ་ཡོད་པ་ང་ཚོས་རྟོགས་ནུས། རྩོམ་པ་པོས་གླ་རྩི་རྩེ་གྲ་དེ་ནར་སོན་པའི་གླ་རྩི་ཡིན་པ་དང་། གླ་རྩི་སྨིན་དུས་གླ་བ་ལ་ན་ཟུག་དང་ཟ་འཕྲུག་སྟེར་བ་སོགས་ཀྱི་རྒྱུས་མངའ་ཡོད་པ་ལ་གཞིགས་ན། སྐབས་དེ་དུས་ཁ་ཆེའི་ཚོང་པ་དང་འགྲུལ་བཞུད་པ་དག་ལ་གླ་རྩིའི་སྐོར་གྱི་ཤེས་བྱ་ས་ཁྱབ་རྡོ་ཁྱབ་བྱུང་ཡོད་པའང་གདོན་མི་ཟའོ། །དེ་དང་ཕྱོགས་མཚུངས་བོད་ཀྱི་དམངས་ཁྲོད་དུ་དར་བའི་གླ་རྩིའི་སྐོར་གྱི་ཤེས་བྱ་ནི། གླ་རྩི་རྩེ་གྲ་ནི་གླ་རྩི་སྦྲུལ་མགོ་མ་ཞེས་པ་དེ་ཡིན་ལ། གླ་རྩིར་རྩི་བསྡུའི་ཁ་ལའང་རྩི་ཁ་གཅིག་ཅན་དང་། ཡང་ན་གཉིས་སམ་གསུམ་སོགས་ཡོད་སྐད། གླ་རྩི་མང་ཤོས་ནི་རྩི་ཁ་གཅིག་ཅན་ཡིན་ཏེ། རྩི་ཁ་གཉིས་སམ་གསུམ་ཅན་ནི་གླ་རྩིའི་ནང་གི་མཆོག་དང་། གླ་རྩི་སྦྲུལ་མགོ་མ་ཞེས་པ་ནི་གླ་རྩིས་སྦྲུལ་གྱི་མགོ་བོ་རྩི་ཁའི་ནང་དུ་བཞིབས་ནས་ལུས་ཕུང་མ་ཆད་ཀྱི་བར་དུ་སར་དྲུད་ཅེས་བཤད་པ་དེས་གླ་རྩིའི་མངོན་བརྗོད་དུ་སྦྲུལ་སྐྲག་བྱེད་ཅེས་པ་དེའང་ར་སྤྲོད་ཐུབ། འདི་ནི་གླ་རྩིའི་ནང་གི་རྩེ་གྲ་ཡིན་པར་འདོད་དོ། །དེ་ཉིད་ལས། དེས་ན་སྤུ་རྒྱལ་བ་རྣམས་ཀྱིས་བྲག་རི་དང་རི་ཚོགས་ཁྲོད་དུ་གླ་བའི་བགྲོད་ལམ་འཚོལ་བའི་སྐབས་སུ་བྲག་རྡོའི་སྟེང་དུ་ཁྲག་སྐམ་དེ་དག་བཙལ་ནས་འཐུ་ཞིང་། ཁྲག་སྐམ་དེ་དག་ནི་རི་དྭགས་ཀྱི་ལུས་ཕུང་ཡོངས་སུ་འཚར་སྐྱེས་གྲུབ་པ་དང་རང་བཞིན་གྱིས་སྨིན་པ་དང་། ཉི་མ་དང་གནམ་གཤིས་ཀྱིས་དེ་ལ་ཤུགས་རྐྱེན་ཐེབས་སྟབས། གླ་རྩི་འདིའི་རིགས་ནི་གླ་རྩིའི་ནང་དུ་ཆེས་རྩེ་གྲའི་གྲས་ཡིན་པ་ཤེས་ཤིང་དེ་དག་བསྡུ་རུབ་བྱས་ཏེ་སྔར་བརྔོན་བྱས་ནས་ལག་ཏུ་སོན་པའི་གླ་རྩིའི་ནང་དུ་བསྲེས། གླ་རྩི་འདིའི་རིགས་ནི་སྤུ་རྒྱལ་བཙན་པོ་རང་ཉིད་ཀྱིས་ལོངས་སུ་སྤྱད་པ་དང་ཕན་ཚུན་ལེགས་སྐྱེས་སུ་བཀོལ་སྤྱོད་བྱས་ན་མ་གཏོགས། ཚོང་པ་དག་གིས་གླ་རྩི་རྩེ་གྲ་འདིའི་རིགས་ཕྱི་འདྲེན་བྱས་པ་ནི་ཤིན་ཏུ་ཉུང་[28]ཞེས་འབྱུང་། འདིའི་ནང་དུ་ང་ཚོས་ཤེས་རྟོགས་ཐུབ་པ་ནི། ཨ་རབ་ཀྱི་ཡུལ་བསྐོར་བ་འདི་དག་གིས་ཀྱང་བོད་ཀྱི་གླ་བ་འཚོ་སྡོད་བྱ་ཡུལ་བྲག་རི་དང་རི་ཚོགས་སུ་ཡིན་པ་དང་། བྲག་རྡོའི་སྟེང་དུ་གླ་བས་ན་ཟུག་དང་ཟ་འཕྲུག་སེལ་ཕྱིར་རྡོར་རྡབ་རྡེག་བྱེད་པའི་རྐྱེན་གྱིས་འབྱར་བག་ཅན་གྱི་གཤེར་གཟུགས་ཕྱིར་བཏོན་ནས་རྡོའི་སྟེང་དུ་འབྱར་བ་དང་། རྡོའི་སྟེང་གི་ཁྲག་སྐམ་དེ་དག་བསྡུ་རུབ་བྱས་ནས་སྔར་གྱི་གླ་རྩིའི་ནང་དུ་བསྲེས་པར་གཞིགས་ན། ཏ་ཟིག་གཙོ་བོར་གྱུར་པའི་ཨེ་ཤི་ཡ་དཀྱིལ་མའི་རྒྱལ་ཁབ་དང་མི་རིགས་ཁག་དང་འབྲེལ་བ་དམ་ཟབ་ཆགས་པ་མ་ཟད། སྤུ་རྒྱལ་དང་ཏ་ཟིག་བར་དུ་ཚོང་ལམ་བྲིན་པོ་ཞིག་མངའ་བ་ཡང་དངོས་སྟོབས་རིག་པས་གྲུབ་བོ། །
          གསུམ་པ། བོད་དང་ཏ་ཟིག་སོགས་ཀྱི་གླ་རྩི་བཟང་ངན་དབྱེ་འབྱེད་བྱེད་ཐབས་ཀྱི་སྐོར།
          ལར་བོད་ཀྱི་གསོ་བ་རིག་པའི་འཕེལ་རིམ་ནང་དུའང་གླ་རྩི་བརྟག་ཐབས་སྐོར་གྱི་ཤེས་བྱ་གྲངས་ལས་འདས་པ་ཞིག་ཡོད་ངེས་ཀྱང་ད་ལམ་དངོས་སུ་ཡིག་ངོས་སུ་མཐོང་རྒྱུ་ཡོད་པ་ནི་ཤིན་ཏུ་དཀོན། དེའུ་དམར་གྱི་ཤེལ་གོང་ཤེལ་ཕྲེང་ལས་ཀྱང་། རིགས་ལ་བརྟག་པ་ནི་གླ་ནག་[29]དང་གླ་སྐྱ་གཉིས་ལས་གླ་ནག་གི་གླ་རྩི་བཟང་བ་དང་། གླ་སྐྱའི་རྩི་ནི་དཀྱུས་མ་ཡིན། ཡུལ་ལ་བརྟག་པ་ནི་སྐམ་ཤས་ཆེ་ལ་ཤིང་ཕུར་མོང་མང་བ། རྩྭ་ངན་པ་སྐྱེ་སའི་གླ་རྩི་བཟང་། དེ་ལས་ལྡོག་པའི་ཡུལ་ནི་ངན་པ་ཡིན། དབྱིབས་ལ་བརྟག་པ་ནི་རྩི་རིལ་གཅིག་རྡོག་ཏུ་དྲིལ་བ་བཟང་མཆོག་ཡིན། རྩི་འབྲུམ་རིལ་བུ་མང་བ་འབྲིང་། རྩི་འབྲུམ་ཡང་སྲ་མཁྲེགས་ཅན་ཕྱི་ལ་ནག་རྩི་སྣུམ་འོད་ཆགས་པ་བཟང་། རྩི་ཉོབ་ཕྱེ་མ་ངན་པའོ། །ཁ་དོག་ལ་བརྟག་པ་ནི་སེར་པོ་རབ་དང་། དམར་ཁམ་འབྲིང་། ནག་པོ་ཐ་མའོ། [30]ཞེས་འབྱུང་། ཏ་ཟིག་བ་རྣམས་ལ་གནའ་སྔ་མོ་ཞིག་ནས་གླ་རྩི་བཟང་ངན་ཤན་འབྱེད་བྱེད་པའི་ཤེས་བྱ་མངའ་སྟེ། སྨན་རྫས་བང་མཛོད་[31]ཅེས་པའི་དེབ་ལས། གླ་རྩི་བཟང་ངན་དབྱེ་བ་འབྱེད་པར་གླ་རྩི་ཆུང་ངུ་ཞིག་ལག་མཐིལ་དུ་བཞག་ནས་དེའི་ཐོག་མཆིལ་མ་ཏིལ་ཙམ་བཏབ་སྟེ་གླ་རྩི་ཁ་ཕྱེ་བའམ་ཡང་ན་ཆུ་ནང་ཐིམས་སོང་ན་བཟང་བ་དང་། ཁ་མ་ཕྱེ་བར་གོང་བུར་གྱུར་ན་སྤུས་ཀ་ངན་པའི་རྟགས་སུ་འདོད། ཡང་ཡ་ལི་སེ་ཏོ་ཌེ་ཡིས་གླ་རྩི་བཟང་པོ་བརྟག་ཞིབ་གྲུབ་རྗེས་གཤེར་གཟུགས་ལྡན་པའི་སྣོད་དུ་བཞག་ནས་དུས་ཚོད་གཅིག་འགོར་རྗེས་དེའི་ལྗིད་ཚད་མཐོ་རུ་འགྲོ་ངེས་ཞེས་བཤད། གཞན་ཡང་གླ་རྩི་བཟང་ངན་འབྱེད་པའི་ཐབས་ཤིག་ནི་སྣོད་ཅིག་མེའི་ཐོག་བསྲེགས་ཏེ། དེའི་ཐོག་ཏུ་གླ་རྩིའི་ཕྱེ་མ་ཁ་ཤས་བཀྲམ་སྟེ་དྲི་བསུང་འཐུལ་ན་བཟང་པོ་དང་། དེ་ལས་ལྡོག་ན་ངན་པར་བཤད། ད་དུང་ཐབས་ཤེས་གཞན་ཞིག་ནི་ཐོག་མར་ཁབ་ཅིག་སྒོག་པ་ཞིག་ལ་བསྣུན་ཏེ། དེ་ནས་གླ་རྩིའི་ཐོག་བསྣུན་ནས་སྣར་བསྣམས་དུས། སྒོག་པའི་དྲི་མ་ཤུགས་ཆེ་ན་རྫུན་མ་དང༌། གླ་རྩིའི་དྲི་བསུང་ཤུགས་ཆེ་ན་སྤུས་ཀ་ལེགས་པར་འདོད་དོ། །[32]ཏ་ཟིག་གཙོ་བོར་གྱུར་པའི་ཁ་ཆེའི་ཡུལ་གྲུ་ཁག་ལ་གླ་རྩིར་རྒྱུས་མངའ་ཆེ་བ་ཙམ་དུ་མ་ཚད། གླ་རྩིའི་སྤུས་ཀ་ལེགས་ཉེས་དབྱེ་བ་འབྱེད་པའི་ཤེས་བྱ་དང་ཐབས་ཤེས་ཀྱང་མི་ཉུང་བ་ཞིག་ཁྱབ་གདལ་ཕྱིན་ཡོད་པ་ནི་ཡིག་ཚང་ཁག་གིས་ར་སྤྲོད་བྱེད་ནུས། གླ་རྩི་ཤན་འབྱེད་ཀྱི་ཤེས་བྱ་དེ་དག་སྤུ་རྒྱལ་ཡུལ་ནས་ཁ་ཆེའི་ཡུལ་གྲུ་ཁག་ལ་དར་ཁྱབ་བྱུང་བར་ཚོད་དཔག་བྱེད་ཐུབ། གང་ཡིན་ཟེར་ན། གཅིག་ནས་མིག་སྔར་ཡང་འབྲི་ཆུ་རྒྱུད་ཀྱི་གླ་རྩིར་རྒྱུས་མངའ་ཆེ་བའི་མི་རབས་རྒན་པ་དག་ལ་སྐད་ཆ་དྲིས་ཚེ། གླ་རྩི་བརྟག་ཐབས་ཐད་ལ་ལག་མཐིལ་སྟེང་དུ་ཆུ་དང་བསྲེས་ནས་གོང་བུ་ཅན་དང་ཁྲག་དང་གཞན་པའི་རྫས་ཡོད་མིན་བརྟག་པ་དང་། རྩི་ཁབ་[33]བརྒྱབ་སྟེ་དྲི་མ་བསྣམས་ནས་བརྟག་པ་དང་བསྲེགས་ནས་བརྟག་པ་སོགས་ཀྱི་བརྟག་ཐབས་བྱེད་ཚུལ་དང་། གཉིས་ནས་ཡུལ་གྲུ་དེ་དག་གིས་གླ་རྩི་དང་འབྲེལ་བ་ཡོད་པ་ཞིག་ཡིན་ཕྱིན་ཆེད་དུ་སྤུ་རྒྱལ་བོད་ཀྱི་གླ་རྩིར་མགྲིན་གཅིག་ཏུ་བསྔགས་བརྗོད་བྱེད་པ། གསུམ་ནས་བོད་ཀྱི་གླ་རྩི་འབྱུང་བའི་གནས་དང་གླ་བ་བརྔོན་བྱེད་ཐབས་སོགས་ཀྱང་གསལ་པོར་འཁོད་པར་གཞིགས་ན། གླ་རྩི་དང་ཐོག་གང་དུ་འབྱུང་བའི་གནས་དེ་ན་གླ་རྩི་དང་འབྲེལ་ཡོད་ཀྱི་ཤེས་བྱ་ཡོད་དོ་ཅོག་དར་ཡོད་པ་ནི་ཐེ་ཚོམ་མི་དགོས་པའི་གནས་ཤིག་ལགས་པས། གླ་རྩི་སྨན་དུ་བཀོལ་སྤྱོད་བྱེད་ཐབས་དང་དེའི་ཤན་འབྱེད་མན་ངག་དར་སའི་ཡུལ་གཙོ་བོ་བོད་ཡིན་པ་དང་། དེ་ནས་ཕྱིའི་མི་རིགས་དང་རྒྱལ་ཁབ་ཁག་ཏུ་དར་བ་ཡང་རྗེས་སུ་དཔག་ནུས། གཞན་ཡང་དབྱིན་ཇིའི་ཏ་ཟིག་ཞིབ་འཇུག་གི་ཆེད་མཁས་རོབ་ནེ་ཐེ་ཡིས་གླ་རྩི་ནི་ཆེས་ཕུལ་དུ་བྱུང་བའི་སྤོས་རྫས་ཤིག་ཡིན་པ་མ་ཟད། ཨ་རབ་དང་བོད་ཀྱི་གསོ་བ་རིག་པའི་སྨན་གཞུང་ནང་དུ་གོ་བསྡུར་བྱས་ནས་དཔྱད་དུས། མི་རིགས་འདི་གཉིས་ཀྱིས་ཚོང་ལས་སྤེལ་རེས་བྱེད་པའི་བྱ་བའི་ནང་གླ་རྩི་བཀོལ་སྤྱོད་བྱེད་པའི་བསམ་བློ་ཡང་བརྗེ་སྤེལ་བྱས་ཡོད་པ་རྟོགས་ནུས།[34]ཞེས་བཤད་པར་གཞིགས་ན། མི་རིགས་འདི་གཉིས་ཀྱིས་གླ་རྩིའི་ཚོང་ལས་བརྒྱུད་ནས་གསོ་བ་རིག་པ་དང་གཞན་པའི་རིག་པའི་དཔལ་ཡོན་བརྗེ་སྤེལ་བྱེད་པའི་འབྲེལ་བ་གཏིང་ཟབ་ཅིག་བྱུང་ཡོད་པའང་ཤེས་ཐུབ། དེ་མིན་བཙན་པོ་སྲོང་བཙན་སྒམ་པོའི་རིང་ལ་ལུམས་ཆེན་གསུམ་གྱི་སྨན་པ་གདན་དྲངས་རྗེས། ཏ་ཟིག་གི་སྨན་པ་ག་ལེ་ནུ་ཞེས་པ་རྒྱལ་པོའི་བླ་སྨན་དུ་བསྐོས་པའང་མི་རིགས་འདི་གཉིས་ཀྱི་འབྲེལ་འདྲིས་ཆེ་བའི་རྟགས་སམ་ཡང་ན་མི་རིགས་གཉིས་པོའི་འབྲེལ་བ་རིང་མོ་ཡིན་པའི་རྐྱེན་ཡང་ཡིན་སྲིད།
          སྙིང་པོར་འདྲིལ་ནས་བཤད་ན། སྐབས་དེར་མདོ་དབུས་མཐོ་སྒང་དང་ཨེ་ཤི་ཡ་དཀྱིལ་མ་དང་ནུབ་མ་སོགས་ཀྱི་གླ་རྩིའི་ཚོང་ལས་ནི་རྒྱུན་ལྡན་ངང་ནས་སྤེལ་བཞིན་ཡོད་པ་དང་། པ་ཀི་ཏའི་གླ་རྩི་ནི་ཐད་ཀར་སྤུར་རྒྱལ་ནས་དྲངས་ཏེ། ནུབ་ཕྱོགས་རྒྱལ་ཁབ་ཁག་དང་དེའི་ཉེ་འགྲམ་གྱི་ས་ཁུལ་ཁག་ལ་འདྲེན་ཚོང་བྱེད་བཞིན་མཆིས། འཛམ་གླིང་ཡུལ་ཁམས་ལོ་རྒྱུས་ཞེས་པའི་དེབ་ལས། པ་ཀི་ཏ་རི་[35]ནི་མི་རྣམས་ཀྱིས་དགའ་ཞེན་བྱེད་པའི་རྒྱལ་ཁབ་ཅིག་དང་ཚོང་པ་དག་རྒྱུན་དུ་བསྐྱོད་པའི་ས་ཞིག་ཡིན་ལ། ཡུལ་དེར་གསེར་དང་། དངུལ། སེ་འབྲུ་རྡོ་སོགས་གཏེར་ཁ་སྣ་ཚོགས་མཆིས། ཡུལ་དེའི་གླ་རྩི་ནི་སྤུ་རྒྱལ་ནས་འདྲེན་གྱི་ཡོད།[36] ཅེས་འབྱུང་། གླ་རྩི་ལ་གཉན་ཚད་འཇོམས་པ་དང་། དུག་སེལ། ཟུག་གཟེར་འཇོམས་པའི་ནུས་པ་ལྡན་པ་དང་།གཤེན་ཆོས་ལུགས་ཀྱི་མཆོད་འབུལ།[37]མཁའ་དབུགས་གཙང་སེལ། དྲི་བསུང་ཆེར་སྐྱེད། རོ་ཙ་རྒྱས་པ་སོགས་ཀྱི་ཕན་ནུས་ཡོད་ལ། ཕན་ནུས་དེ་དག་ཀྱང་བོད་ཀྱི་གསོ་བ་རིག་པའི་ནང་དུ་བསྟན་པའི་གླ་རྩིས་གཉན་ཚད་འཇོམས་པའི་ནུས་པ་ཡོད་ཅེས་པ་དང་ཡོངས་སུ་ཐོད་ཐུབ། སྤྱིར་གླ་རྩི་ནི་ཏ་ཟིག་གི་ཕོ་བྲང་ནང་དང་མི་དྲག་ཚོས་དགའ་པོ་བྱེད་པའི་དར་གོས་ཕུད་པའི་ཀྲུང་གོ་ནས་ཏ་ཟིག་ལ་འདྲེན་པའི་དངོས་རྫས་གལ་ཆེན་ཞིག་ཡིན། ཨ་རིའི་ཡིང་ཏི་ཨན་ནའི་གཙུག་ལག་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་པེ་ཁེ་ཝེ་སིས་གསུངས་པ་ལྟར་ན། སྤུ་རྒྱལ་བོད་ཀྱི་ཚོང་དོན་དངོས་རྫས་ལ་གཞིགས་ན། དུས་རབས་བར་མའི་ཨ་རབ་དང་ཏ་ཟིག་བ་དག་གིས་སྔར་ནས་ཤེས་ཤིང་རྒྱུས་མངའ་ཆེ་བ་ནི་གླ་རྩི་ཁོ་ན་རེད།[38]ཅེས་གསུངས་པ་བཞིན་དོན་ལའང་གནས་པ་ཞིག་ཡིན་ནོ། །
          བཞི་པ། སྤུ་རྒྱལ་དང་ཏ་ཟིག་དབར་གྱི་ཚོང་ལམ་གྱི་སྐོར།
          སྤུ་རྒྱལ་གྱི་གླ་རྩི་དེ་ལོ་རྒྱུས་ཀྱི་བཞུར་རྒྱུན་ཁྲོད་དུ་ཏ་ཟིག་གཙོ་བོར་གྱུར་པའི་ཨ་རབ་དང་དབྱི་ལང་སོགས་ཀྱི་ཁ་ཆེའི་ཡུལ་གྲུ་ཁག་དང་། ནུབ་ཕྱོགས་ཀྱི་ཚོང་རའི་ནང་དུ་ཕྱིར་འཚོང་བྱེད་པའི་ཚོང་ལས་ཁྲོད་གོ་གནས་ངེས་ཅན་ཞིག་བཟུང་ཡོད། སྔར་གྱི་ཞིབ་འཇུག་པ་དག་གི་དཔྱད་འབྲས་ལ་ཕྱི་བལྟས་བྱས་ན། ཧྲང་ཧེ་སྤྱི་ཚོགས་ཚན་རིག་གླིང་གི་ལོ་རྒྱུས་ཞིབ་འཇུག་པ་ཁྲང་ཞ་ཆིང་ལགས་ཀྱིས་གནའ་བོའི་དར་ལམ་ལ་ཁག་གསུམ་དུ་ཕྱེ་ནས་བརྗོད་པའི་ནང་། ཀྲང་ཆན་གཙོ་བོར་གྱུར་པའི་མཁས་དབང་དག་གིས་ཨེ་ཤི་ཡ་དང་ནུབ་ཕྱོགས་ཀྱི་རིག་གནས་བརྗེ་སྤེལ་བྱེད་པར་ད་དུང་འགྲོ་ལམ་བཞི་པ་ཞིག་ཡོད་པ་ཤེས་རྟོགས་བྱུང་མེད་ལ། འགྲོ་ལམ་དེ་ནི་མདོ་དབུས་མཐོ་སྒང་དང་ཁམས་བོད་མཐོ་སྒང་བརྒྱུད་པའི་གླ་རྩིའི་ཚོང་ལམ་རེད།[39]ཅེས་བཤད་ཡོད། སྐད་ཆ་དེ་ལས་གླ་རྩིའི་ཚོང་ལམ་དེ་ལོ་རྒྱུས་རིང་པོ་ཡིན་པ་དང་། ཀྲང་ཆན་གཙོ་བོར་གྱུར་པའི་མཁས་དབང་དག་གིས་དེ་ལ་ཆ་རྒྱུས་མེད་ཁར། ཀྲང་ཆན་གོང་དུ་འགྲོ་ལམ་ཞིག་ཡོད་པའང་ཤུགས་སུ་བསྟན་ནུས། ད་དུང་ཁོང་གིས་གླ་རྩིའི་ཚོང་ལམ་དེ་འགྲོ་ལམ་ཁག་ལྔར་བགོས་ཡོད་པ་སྟེ། དང་པོ་ནི་གོར་མོ། གཉན་ཆེན་ཐང་ལྷ། ཨ་མདོ། འདམ་གཞུང་། ལྷ་ས། གཞིས་ཀ་རྩེ་སོགས་ནས་བརྒྱུད་པའི་འགྲོ་ལམ་དེ་ཡིན་ལ། འགྲོ་ལམ་འདིའི་ལྷོ་ཕྱོགས་སམ་ལྷོ་ནུབ་ཀྱི་ཕྱོགས་ནི་རྒྱ་གར་དང་འབྲེལ། ནུབ་བྱང་ཀྱི་ཕྱོགས་སུ་རུ་ཐོག་ནས་དར་ལམ་དང་པོ་དང་འབྲེལ་ཏེ་ཨེ་ཤི་ཡ་དཀྱིལ་མ་དང་ས་དཀྱིལ་རྒྱ་མཚོའི་མཚོ་འགྲམ་གྱི་རྒྱལ་ཁབ་དག་ལ་བགྲོད་ཐུབ། ཡང་མངའ་རིས་ཀྱི་སྤུ་ཧྲེང་བརྒྱུད་ནས་རྒྱ་གར་དུའང་འབྱོར་ཐུབ། འགྲོ་ལམ་གཉིས་པ་ནི་དཀར་མཛེས་ནས་ཆབ་མདོ། སྟེ ང་ཆེན། སོག་རྫོང༌། ནག་ཆུ། ལྷ་ས། དེ་ནས་གཞིས་ཀ་རྩེ་ནས་བརྒྱུད་པའི་འགྲོ་ལམ་དེ་ཡིན། འགྲོ་ལམ་གསུམ་པ་ནི་དཀར་མཛེས་ནས་ཆབ་མདོ། དཔའ་ཤོད། སྤོ་བོ། ཀོང་པོ་ཉིང་ཁྲི། དགའ་ལྡན་དགོན་པ། ལྷ་ས། དེ་ནས་གཞིས་ཀ་རྩེ་བརྒྱུད་པའི་འགྲོ་ལམ་དེ་ཡིན། འགྲོ་ལམ་གསུམ་པ་ནི་གཞིས་ཀ་རྩེ་ནས་རྒྱལ་རྩེ། གྲོ ་མོ་སོགས་བརྒྱུད་དེ་བལ་པོ་དང་རྒྱ་གར་ལ་སླེབས་ཐུབ་པ་དང་། འགྲོ་ལམ་བཞི་པ་ནི་བལ་པོའི་མི་དང་རྒྱ་གར་གྱི་མི་འགའ་ཞིག་གངས་ཏི་སིར་གནས་མཇལ་དུ་ཡོང་སྐབས་ཚོང་འབྲེལ་བྱེད་པའི་ལམ་འགག་དེ་ཡིན། ལམ་ཐིག་དེས་མ་ཕམ་གཡུ་མཚོ་དང་མཚོ་ནག་བར་གྱི་འགྲོ་ལམ་དེ་བརྒྱུད་ནས་ཕྱིན་ན་བལ་པོ་དང་རྒྱ་གར་དུ་འབྱོར་ཐུབ། འགྲོ་ལམ་ལྔ་པ་ནི་གཞིས་ཀ་རྩེ་ནས་ཤིང་ཅང་གི་ཡེ་ཁྲན་སར་དར་ལམ་དང་པོ་དང་འབྲེལ་[40]ཞེས་འབྱུང་བར་གཞིགས་ན། གནའ་བོའི་དར་ལམ་དང་བོད་ཀྱི་གླ་རྩིའི་ཚོང་ལམ་བར་ལ་འབྲེལ་བ་དམ་ཟབ་ཡོད་པ་གཏན་འཁེལ་ལ། གླ་རྩི་དེའང་གནའ་བོའི་དར་ལམ་དང་པོ་བརྒྱུད་དེ་ཏ་ཟིག་གཙོ་བོར་གྱུར་པའི་ཁ་ཆེའི་ཡུལ་གྲུ་ཁག་ཏུ་ཕྱིར་ཚོང་བྱེད་མྱོང་བའང་དཔག་ནུས་ཤིང་། དེ་མིན་འགྲོ་ལམ་ཁ་ཤས་ནི་ཀྲང་ཆན་གྱི་གོང་རོལ་དུ་མི་རབས་ནས་མི་རབས་བར་གནས་ཡོད་པའང་ཤུགས་ལ་རྟོ གས་ཐུབ།
          གང་ལགས་ཤེ་ན། ཨ་ལི་མཱ་ཛ་ཧ་རིས་བལྟས་ན་ཏ་ཟིག་དང་བོད་གཉིས་ཀྱི་འབྲེལ་བ་ནི་ཚོང་ལས་ཀྱི་ཐོག་ལ་ནུས་པ་ལྡན་པའི་འབྲེལ་བ་ཞིག་ཡིན་ཏེ། འབྲེལ་བ་དེ་ནི་དབྱི་སི་ལན་གྱི་དུས་རབས་སུ་གཞི་ནས་འགོ་བརྩམས་པ་ཞིག་མིན་ལ། དེ་ནི་དབྱི་སི་ལན་ཆོས་ལུགས་ཀྱི་སྔ་རོལ་དུ་དྲུ་གུ་ནུབ་མ་དང་ཡན་ཏའི་དུས་སྐབས་ཙམ་དང་། ཡང་ན་དེ་ལས་སྔ་བ་ཀུ་ཤ་ན་རྒྱལ་རབས་དང་རོའུ་ཏྲི་ཆེ་བས་སྲིད་བསྐྱངས་པའི་སྐབས་ནས་ཏ་ཟིག་བ་དག་གིས་འགྲོ་ལམ་མི་འདྲ་བ་གཉིས་བརྒྱུད་དེ་སྤུ་རྒྱལ་དང་འབྲེལ་བ་བྱུང་། འགྲོ་ལམ་དེ་གཉིས་ལས། གཅིག་ནི་སྤུ་རྒྱལ་ལྷོ་ནུབ་ཀྱི་གནའ་བོའི་ཀ་ཤི་མིར་བརྒྱུད་པའི་ལམ་བུ་དེ་དང་། གཞན་དེ་ནི་མདོ་དབུས་མཐོ་སྒང་གི་བྱང་བརྒྱུད་ཀྱི་ཐག་ལམ་གཞོང་སའི་ལམ་བུ་དེའོ། །ཡིན་ནའང་སྐབས་དེའི་དུས་སུ་ལི་ཡུལ་དང་སུའུ་ལེ་བརྒལ་དགོས་སྟབས། དར་ལམ་ལ་བརྟེན་ནས་གླ་རྩི་ཕྱིར་ཚོང་བྱེད་དགོས་ཀྱི་ཡོད་[41]ཅེས་འབྱུང་བ་ལ་ཀུ་ཤ་ན་རྒྱལ་རབས་[42]དང་རོའུ་ཏྲི་ཆེ་བས་[43]སྲིད་བསྐྱངས་པའི་སྐབས་ནས་ཏ་ཟིག་དང་འབྲེལ་བ་བྱུང་བ་ནི་ལོ་རྒྱུས་ཀྱི་ངོས་ནས་བཤད་ན་ཧ་ཅང་རིན་ཐང་ཆེན་པོ་ལྡན་པ་ཞིག་རེད། གང་ཡིན་ཞེ་ན།སྲིད་དབང་དེ་གཉིས་ཀྱི་ལོ་རྒྱུས་སྔ་པོ་ཡིན་པ་མ་ཟད། བོད་དང་ཏ་ཟིག་དབར་གྱི་གླ་རྩིའི་ཚོང་གི་འབྲེལ་བ་དེ་སྤྱི་ལོ་གོང་མའི་སྔ་རོལ་ཙམ་དུ་བྱུང་ཡོད་པའང་ར་སྤྲོད་བྱ་ནུས་སོ། །དེ་དང་ཆབས་ཅིག་གླ་རྩིའི་ཚོང་ལས་དེ་སྔ་ནས་བྱུང་ཡོད་ཅིང་གནའ་བོའི་དར་ལམ་ལ་བརྟེན་ནས་མུ་མཐུད་དེ་ཚོང་འབྲེལ་གོང་འཕེལ་བྱུང་ཡོད་པ་ཞིག་ཀྱང་རེད། གླ་རྩི་དང་དར་ལམ་བར་གྱི་འབྲེལ་བ་དམ་ཟབ་ཡོད་པ་དེའང་གསེད་བཀྲོལ་བྱས་པར་སྣང་ལ། གླ་རྩིའི་ཚོང་ལས་ལེགས་ཉེས་དེའང་དར་ལམ་གྱི་བདག་དབང་དང་ཡང་འབྲེལ་བ་ཡོད་པ་ངམ་ངམ་ཤུགས་ཀྱིས་རྟོགས་ནུས་པ་ཞིག་ལགས། གཞན་ཡང་། བོད་བཙན་པོའི་རྒྱལ་རབས་སྐབས་སུ་ཡང་ཁྲི་གཙུག་ལྡེ་བཙན་གྱི་རིང་ལ་བོད་དང་ཏ་ཟིག་དབར་གྱི་འབྲེལ་བའི་ཐད། རྒྱ་བོད་ཡིག་ཚང་ལས། ནུབ་ཕྱོགས་སྟག་གཟིག་གི་སོ་མཚམས། སྟག་ཤ་དུང་གི་སྒོ་མོ་ཅན་ལ་གཏུགས་[44]ཞེས་གསལ་བ་ཇི་བཞིན། མི་རིགས་འདི་གཉིས་ཀྱི་འབྲེལ་བ་སྐབས་དེའི་དུས་སུ་ཡང་ཟམ་མ་ཆད་པར་གནས་ཡོད་པ་ཤེས་ཐུབ།
          གཞན་ཡང་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ལོ་རྒྱུས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཀྲང་ཡོན་གྱིས་ནུབ་བྱང་གི་མཚམས་སུ་ཨེ་ཤི་ཡ་དཀྱིལ་མ་དང་ཨེ་ཤི་ཡ་ནུབ་མའི་ཏ་ཟིག་བར་གྱི་འབྲེལ་ལམ་དེ་ཁག་གསུམ་དུ་ཕྱེ་འདུག་པ་སྟེ། གཅིག་ནི་གླང་ཆེན་ཁ་འབབ་ནས་ཀ་ཤི་མིར་ས་ཆ་བརྒྱུད་དེ་ནུབ་ཏུ་བསྐྱོད་ནས་གྷན་དྷ་རའི་ཡུལ་དང་། ཀ་བྷེ་ཁ། ཀྱེ་ཀའི་ཡུལ་སོགས་སུ་སླེབས་ཐུབ། གཉིས་པ་ནི་སེང་གེ་ཁ་འབབ་ཀ་ཤི་མིར་སླེབས་རྗེས་རྒྱ་གར་གཙང་པོ་[45]ཞེས་བྱ་བའི་ནུབ་བྱང་མཚམས་སུ་བསྐྱོད་དེ། པ་ཀི་ཏ་རི་སོགས་སུ་སླེབས། གསུམ་པ་ནི་དེང་སང་མངའ་རིས་ཀྱི་ནུབ་བྱང་མཚམས་ནས་ལི་ཡུལ་བརྒྱུད་དེ། ཕ་མིར་ས་མཐོ་བརྒལ་ཏེ་ནུབ་ཕྱོགས་སུ་བསྐྱོད་ན་ཨེ་ཤི་ཡ་དཀྱིལ་མར་སླེབས་[46]ཞེས་གསལ། འགྲོ་ལམ་གསུམ་པ་དེ་ནི་གནའ་བོའི་སྐད་གྲགས་ཆེ་བའི་ཤར་ནུབ་རིག་པའི་དཔལ་ཡོན་བརྗེ་རེས་བྱེད་པའི་མ་ལམ་དུ་གྲགས་པའི་གནའ་བོའི་དར་ལམདང་འབྲེལ་ནས་ཡོད་པ་བཅས་བགྲོ ད་ལམ་ཁག་གསུམ་དུ་བསྟན་འདུག
          གང་ལྟར་འགྲོ་ལམ་གཅིག་ཏུ་བསྟན་པ་དང་། གཉིས་སུ་བསྟན་པ། ཡང་ན་གསུམ་དུ་བསྟན་པ་ཅི་རིགས་མཆིས་རུང་། དེ་དག་ལ་ཐུན་མོང་གི་ཁྱད་ཆོས་གཅིག་ཡོད་པ་ནི་ལི་ཡུལ་དུ་གནའ་བོའི་དར་ལམ་དང་འབྲེལ་ནས་ནུབ་ཕྱོགས་ཀྱི་ཏ་ཟིག་གཙོ་བོར་གྱུར་པའི་རྒྱལ་ཁབ་དང་མི་རིགས་ཁག་དང་འབྲེལ་བ་བྱུང་ཡོད་པ་དེ་ནི་གོང་དུ་འཆད་སྲོལ་མི་འདྲ་བ་གསུམ་གྱིས་གཅིག་མཚུངས་སུ་བཞེད། དེར་བརྟེན། བོད་ཀྱི་གླ་རྩི་དེའང་གནའ་བོའི་འགྲོ་ལམ་འདི་བརྒྱུད་ནས་ནུབ་ཕྱོགས་སུ་ཕྱིར་ཚོང་བྱེད་པ་ནི་ང་ཚོས་ཡིད་ཆེས་ཆོག་པ་ཞིག་ཏུ་སྣང་། ཡིན་ནའང་དབྱི་ལང་གཙོ་བོར་གྱུར་པའི་ཁ་ཆེའི་ཡུལ་ལུང་དག་གི་སྐད་རིགས་ལ་བྱང་ཆ་མེད་སྟབས། ཞིབ་འཇུག་གི་དཔྱད་ཡིག་གཙོ་བོ་རྒྱ་ཡིག་དང་དབྱིན་ཇིའི་ཐོག་ཏུ་མངའ་བའི་རྒྱུ་ཆ་དག་ལ་བརྟེན་ནས་བྱེད་དགོས་པ་དེའང་ཞིབ་འཇུག་གི་མི་འདང་ས་ཞིག་ཡིན། འོན་ཀྱང་བོད་ཀྱི་གླ་རྩིའི་ཚོང་ལས་དེ་དུས་ནམ་ཞིག་ལ་འགོ་ཚུགས་ཡོད་པ་ཁ་ཚོན་གཅོད་དཀའ་རུང་། ད་ཕན་ལག་ཏུ་སོན་པའི་རྒྱུ་ཆར་བལྟས་ན་ཕལ་ཆེར་སྤྱི་ལོའི་དུས་རབས་གསུམ་པ་ནས་འགོ་ཚུགས་ཡོད་པ་ནི་སྨོས་མ་དགོས་པ་ཞིག་རེད།
          མདོར་ན། བོད་ཡུལ་ནས་ཐོན་པའི་གླ་རྩི་དེ་ནི་སྤྱི་ལོའི་དུས་རབས་གསུམ་པ་ཙམ་ནས་བཟུང་ནུབ་ཕྱོགས་པའི་རྒྱལ་ཁབ་ཏ་ཟིག་སོགས་ཀྱི་ཆོས་ལུགས་བྱེད་སྒོའི་ནང་དུ་བཀོལ་སྤྱོད་བྱེད་འགོ་བརྩམས་ཡོད། དེར་བརྟེན། གླ་རྩི་དེ་ཏ་ཟིག་སོགས་ཁ་ཆེའི་རྒྱལ་ཁབ་དང་མི་རིགས་ནང་དུ་ཁྱབ་གདལ་ཆེན་པོ་བྱུང་ཡོད་པ་ནི་ལོ་རྒྱུས་དངོས་གཙོ་སྨྲ་བ་དག་གིས་མཐའ་གཅིག་ཏུ་བཞེད་ནས་ཞིབ་འཇུག་གི་འབྲས་བུ་ཡང་ཀུན་གྱི་མཐོང་ཆོས་སུ་གྱུར་ནས་ཡོད། གཞན་ཡང་གླ་རྩི་སྤོས་རྫས་སུ་བཀོལ་སྤྱོད་བྱེད་ཐབས་དང་། དེའི་སྤུས་ཀ་བཟང་ངན་འབྱེད་པའི་མན་ངག་གམ་ཐབས་ཤེས། ཇི་ལྟར་བརྔོན་བྱེད་ཚུལ་སོགས་ཕྱོགས་གང་ཅིའི་ཐད་ནས་དཔྱད་ན། གླ་རྩི་དང་འབྲེལ་བའི་ཤེས་བྱ་འདི་དག་ནི་སྤུ་རྒྱལ་ལམ་བོད་ཡུལ་ནས་ཁ་ཆེའི་ཡུལ་གྲུ་ཁག་ཏུ་དར་འཕེལ་བྱུང་ཡོད་པའང་ངམ་གྱིས་ཤེས་ནུས་ལ། དེ་མིན་ཏ་ཟིག་གི་རྒྱལ་རབས་རིམ་བྱོན་པའི་ཟས་སུ་བཞེས་པའི་ཟས་མཆོག་གམ་དྲི་མཆོག་ཅིག་ཏུ་གྱུར་བ་མ་ཟད། ཏ་ཟིག་བ་དག་གིས་ཡུལ་ལུང་གཞན་པའི་གླ་རྩི་ལས་བོད་ཀྱི་གླ་རྩིར་དགའ་མོས་ཆེ་བ་བྱེད་ཀྱི་ཡོད་པ་དང་། ཐབས་བརྒྱ་ཇུས་སྟོ ང་གིས་བོད་ཀྱི་གླ་རྩི་རག་ཐབས་བྱེད་པའང་གོང་གི་ལོ་རྒྱུས་དག་ལས་ཤེས་ཐུབ། གླ་རྩིའི་ཚོང་ལས་ཤུགས་ཆེར་ཕྱིན་པ་དང་ཆབས་ཅིག་ཚོང་ལས་གཞན་པ་ཡང་གང་ལ་གང་འཚམ་གྱིས་ཡར་རྒྱས་ཕྱིན་ཡོད། མདོར་བསྡུས་ནས་བརྗོད་ན། གླ་རྩི་ནི་ཨེ་ཤི་ཡའི་དུས་རབས་བར་མའི་སྐབས་ཀྱི་སྤོས་རྫས་ནང་དུ་ཆེས་མཐོང་ཆེན་བྱེད་པའི་དངོས་པོ་ཞིག་དང་ཆེས་དགོས་མཁོ་ཆེ་བའི་དངོས་རྫས་ཤིག་ཏུ་གྱུར་ཡོད་སྟབས། གོང་རིམ་སྤྱི་ཚོགས་ནང་གླ་རྩི་ཐོབ་པར་བྱ་རྒྱུ་ནི་འབྲུག་མཆིལ་བདུག་པ་དང་། ཏུལ་སི། གར་བུ། ཚེར་ལྡུམ་མེ་ཏོག་སོགས་ལས་དཀོན་ནོ། །[47]ཞེས་པའི་ཤོད་རྒྱུན་ཡང་བྱུང་ཡོད། གླ་རྩིའི་བཀོལ་སྤྱོད་ཐད་ཀྱང་ཨ་རབ་ཀྱི་གསོ་བ་རིག་པ་དང་བོད་ཀྱི་གསོ་བ་རིག་པ་གཉིས་གཤིབ་བསྡུར་བྱས་ནས་དཔྱད་ན་ཐུན་མོང་གི་ཁྱད་ཆོས་མང་པོ་མཆིས་པ་ནི་གོང་དུ་བཤད་ཟིན་པ་ལས་རྟོགས་ཐུབ། གཞན་རྒྱ་ཡིག་དང་དབྱིན་ཇིའི་སྐད་རིགས་ནང་དུ་དེའི་སྐོར་གྱི་ཡིག་ཆ་གཅིག་རྗེས་གཉིས་མཐུད་དུ་བྱུང་དང་འབྱུང་བཞིན་པའི་ཕྱིར་ན། གླ་རྩིའི་ཚོང་ལམ་དང་འབྲེལ་བའི་གསང་བ་མང་པོ་ཞིག་རིམ་བཞིན་ཁ་ཇེ་གསལ་དང་། འཐུས་སྒོ་ཇེ་ཚང་དུ་འགྲོ་རྒྱུ་ཡིན་པ་ནི་གདོན་མི་ཟའོ།།
          མཆན་འགྲེལ།
[1] ལུའོ་པིང་ཧྥེན། ཏུན་ཧོང་ནས་ཐོན་པའི་བོད་ཀྱི་གསོ་རིག་ཡིག་ཆ་གཅེས་བསྡུས།[G] མི་རིགས་དཔེ་སྐྲུན་ཁང་། 2002ལོའི་ཟླ་བ་དགུ་པ། ཤ137
[2] ལུའོ་པིང་ཧྥེན། ཏུན་ཧོང་ནས་ཐོན་པའི་བོད་ཀྱི་གསོ་རིག་ཡིག་ཆ་གཅེས་བསྡུས།[G] མི་རིགས་དཔེ་སྐྲུན་ཁང་། 2002ལོའི་ཟླ་བ་དགུ་པ། ཤ183
[3] དཔྱད་བུ་ཁྲི་ཤེས། གསོ་རིག་འབུམ་བཞི།[M] མི་རིགས་དཔེ་སྐྲུན་ཁང་། 2005ལོའི་ཟླ་བ་དྲུག་པ། ཤ191
[4] དཔྱད་བུ་ཁྲི་ཤེས། གསོ་རིག་འབུམ་བཞི།[M] མི་རིགས་དཔེ་སྐྲུན་ཁང་། 2005ལོའི་ཟླ་བ་དྲུག་པ། ཤ195
[5] དཔྱད་བུ་ཁྲི་ཤེས། གསོ་རིག་འབུམ་བཞི།[M] མི་རིགས་དཔེ་སྐྲུན་ཁང་། 2005ལོའི་ཟླ་བ་དྲུག་པ། ཤ216
[6] དཔྱད་བུ་ཁྲི་ཤེས། གསོ་རིག་འབུམ་བཞི།[M] མི་རིགས་དཔེ་སྐྲུན་ཁང་། 2005ལོའི་ཟླ་བ་དྲུག་པ། ཤ256
[7] དཔྱད་བུ་ཁྲི་ཤེས། གསོ་རིག་འབུམ་བཞི།[M] མི་རིགས་དཔེ་སྐྲུན་ཁང་། 2005ལོའི་ཟླ་བ་དྲུག་པ། ཤ269
[8] ལི་སྨི་ཞེས་པ་དེ་རྒྱ་ཡིག་གི་ནང་དུ་厘米ཞེས་པ་དང་དབྱིན་ཇིའི་སྐད་ནང་དུ་centimeterཞེས་པའི་དོན་ཡིན།
[9] ཁེ་ཞེས་པ་དེ་ནི་རྒྱ་ཡིག་གི་ནང་དུ་克ཞེས་པ་དང་དབྱིན་ཇིའི་སྐད་ནང་དུ་gramཞེས་པ་དང་དོན་གཅིག་ཡིན།
[10] ཨ་ལི་མཱ་ཛ་ཧ་རིས་བརྩམས། ཀན་ཧྲིན་གྱིས་བསྒྱུར། དར་ལམ——ཀྲུང་གོ་དང་ཏ་ཟིག་བར་གྱི་རིག་གནས་བརྗེ་རེས་ཀྱི་ལོ་རྒྱུས།[M]ཀྲུང་གོ་བོད་རིག་པའི་དཔེ་སྐྲུན་ཁང་། 2014་ལོའི་ཟླ་བ་དང་པོ། ཤ526
[11] ཨ་ལི་མཱ་ཛ་ཧ་རིས་བརྩམས། ཀན་ཧྲིན་གྱིས་བསྒྱུར། དར་ལམ——ཀྲུང་གོ་དང་ཏ་ཟིག་བར་གྱི་རིག་གནས་བརྗེ་རེས་ཀྱི་ལོ་རྒྱུས།[M] ཀྲུང་གོ་བོད་རིག་པའི་དཔེ་སྐྲུན་ཁང་། 2014་ལོའི་ཟླ་བ་དང་པོ། ཤ528
[12] དེའུ་དམར་བསྟན་འཛིན་ཕུན་ཚོགས། ཤེལ་གོང་ཤེལ་ཕྲེང་།[M] མི་རིགས་དཔེ་སྐྲུན་ཁང་། 2013ལོའི་ཟླ་བ་གསུམ་པ། པར་ཐེངས་གཉིས་པ། ཤ153
[13] རྒྱ་ཡིག་གི་ནང་དུ་疏勒ཞེས་པ་ནི་དེང་སང་ཤིང་ཅང་རང་སྐྱོང་ལྗོངས་ཁ་ཧྲི་གྲོ ང་ཁྱེ ར་སུའུ་ལེ་གྲོ ང་བརྡལ་ལ་གོ་དགོས།
[14] གོང་དང་མཚུངས། ཤོག་གྲངས་535ཐོག་མཆན་ནང་དུ་གསལ།
[15] རྒྱ་ཡིག་གི་ནང་དུ་摩尼教ཞེས་པའི་སྒྲ་བསྒྱུར་ཡིན།
[16] རྒྱ་ཡིག་གི་ནང་དུ་拜占庭ཞེས་པ་དང་དབྱིན་ཇིའི་སྐད་ནང་དུ་Byzantiumཞེས་པ་གནའ་བོའི་རོ་མ་ཤར་པའི་སྲིད་དབང་ཞིག་གི་མིང་ཡིན།
[17] ཨ་ལི་མཱ་ཛ་ཧ་རིས་བརྩམས། ཀན་ཧྲིན་གྱིས་བསྒྱུར། དར་ལམ——ཀྲུང་གོ་དང་ཏ་ཟིག་བར་གྱི་རིག་གནས་བརྗེ་རེས་ཀྱི་ལོ་རྒྱུས།[M]ཀྲུང་གོ་བོད་རིག་པའི་དཔེ་སྐྲུན་ཁང་། 2014་ལོའི་ཟླ་བ་དང་པོ། ཤ526
[18] རྒྱ་སྐད་དུ་萨珊王朝ཞེས་པའི་དོན་ཡིན།
[19] ཨ་ལི་མཱ་ཛ་ཧ་རིས་བརྩམས། ཀན་ཧྲིན་གྱིས་བསྒྱུར། དར་ལམ——ཀྲུང་གོ་དང་ཏ་ཟིག་བར་གྱི་རིག་གནས་བརྗེ་རེས་ཀྱི་ལོ་རྒྱུས།[M] ཀྲུང་གོ་བོད་རིག་པའི་དཔེ་སྐྲུན་ཁང་། 2014ལོའི་ཟླ་བ་དང་པོ། ཤ527
[20] རྒྱ་ཡིག་ནང་དུ་撒马尔罕ཞེས་པའི་ས་ཆ་དེར་གོ་དགོས། ཨེ་ཤི་ཡའི་ཆེས་གནའ་བོའི་གྲོ ང་ཁྱེ ར་ཞིག་སྟེ ། དེ་ནི་དར་ལམ་རྒྱུད་ཀྱི་ལྟེ ་བའི་གྲོ ང་ཁྱེ ར་ཞིག་ཀྱང་ཡིན་ལ། དེས་ལོ་རྒྱུས་ཐོག་རྒྱ་ནག་དང་། ཏ་ཟིག རྒྱ་གར་བཅས་མངའ་ཐང་ཆེ་བའི་རྒྱལ་ཁབ་གསུམ་དང་མཉམ་དུ་འབྲེལ་ནས་ཡོད།
[21] རྒྱ་ཡིག་ནང་དུ་塔布拉斯坦ཞེས་པའི་ས་ཆ་དེར་གོ་དགོས།
[22] མཱ་སའུ་ཏིས་བརྩམས། ཀན་ཧྲིན་གྱིས་བསྒྱུར། གསེར་གྱི་རྩྭ་ཐང་། སྟོ ད་ཆ།[M] མཚོ་སྔོན་མི་དམངས་དཔེ་སྐྲུན་ཁང་། 2013ལོའི་ཟླ་བ་བདུན་པ། ཤ190 གཞན་ཡང་། དུས་རབས་དགུ་པའི་དུས་དཀྱིལ་ཙམ་ནས་དུས་རབས་བཅུ་པའི་དུས་འགོ་ཙམ་དུ་ཨ་རབ་ཀྱི་ཡི་མིང་གིས་རྩོམ་འབྲི་བྱས་ཤིང་། འཇར་པན་གྱི་ཐན་པན་ལང་ཛིས་བསྒྱུར་ཞིང་མཆན་བཏབ། ཧང་ཀྲའོ་ཡིས་རྒྱ་ཡིག་ཏུ་བསྒྱུར། ཀྲུང་གོ་རྒྱ་གར་གྱི་མཐོང་ཐོས་ཟིན་བྲིས། དེབ་གཉིས་པ། ཀྲུང་ཧྭ་དཔེ་ཆ་ཅུས། 1983ལོ། ཤོག་གྲངས་25ཡི་ཐོག་ཏུ་ཡང་དེ་དང་མཚུངས་པའི་སད་མཱ་ཨེ་ཧན་གྱི་ཚོང་པ་ཞིག་གི་འགྲེ ལ་བརྗོད་ཅིག་འཁོད་འདུག
[23] དེའུ་དམར་བསྟན་འཛིན་ཕུན་ཚོགས། ཤེལ་གོང་ཤེལ་ཕྲེང་།[M] མི་རིགས་དཔེ་སྐྲུན་ཁང་། 2013ལོའི་ཟླ་བ་གསུམ་པ། པར་ཐེངས་གཉིས་པ། ཤ154
[24] མཱ་སའུ་ཏིས་བརྩམས། ཀན་ཧྲིན་གྱིས་བསྒྱུར། གསེར་གྱི་རྩྭ་ཐང་། སྟོ ད་ཆ།[M] མཚོ་སྔོན་མི་དམངས་དཔེ་སྐྲུན་ཁང་། 2013ལོའི་ཟླ་བ་བདུན་པ། ཤ190
[25]མཆེ་བ་དཀར་པོ་དེ་གཉིས་ལ་ཡུལ་སྐད་དུ་གླ་མཆེ་ཞེས་ཀྱང་བྱ་སྟེ། ཆུང་དུས་ཕ་ཡུལ་གྱི་ཨ་ཕྱི་རྒན་མོ་དག་གིས་སྐེ་ལ་གླ་མཆེ་རེ་བཏགས་ཏེ། ཟ་མ་ཟས་ཚར་རྗེས་གླ་མཆེའི་རྩེ་རྣོ་མོ་དེ་སོ་ཐུར་གྱི་ཚབ་ཏུ་བཀོལ་སྤྱོད་བྱས་པའམ་ཤིང་འབྲས་སྟར་ག་སོགས་བརྐོ་བྱེད་བྱེད་པ་མང་པོར་མཐོང་མྱོང་།
[26] མཱ་སའུ་ཏིས་བརྩམས། ཀན་ཧྲིན་གྱིས་བསྒྱུར། གསེར་གྱི་རྩྭ་ཐང་། སྟོ ད་ཆ།[M] མཚོ་སྔོན་མི་དམངས་དཔེ་སྐྲུན་ཁང་། 2013ལོའི་ཟླ་བ་བདུན་པ། ཤ191
[27] མཱ་སའུ་ཏིས་བརྩམས། ཀན་ཧྲིན་གྱིས་བསྒྱུར། གསེར་གྱི་རྩྭ་ཐང་། སྟོ ད་ཆ།[M] མཚོ་སྔོན་མི་དམངས་དཔེ་སྐྲུན་ཁང་། 2013ལོའི་ཟླ་བ་བདུན་པ། ཤ191
[28] མཱ་སའུ་ཏིས་བརྩམས། ཀན་ཧྲིན་གྱིས་བསྒྱུར། གསེར་གྱི་རྩྭ་ཐང་། སྟོ ད་ཆ།[M] མཚོ་སྔོན་མི་དམངས་དཔེ་སྐྲུན་ཁང་། 2013ལོའི་ཟླ་བ་བདུན་པ། ཤ191
[29] ཤེལ་གོང་ཤེལ་ཕྲེང་ལས། གླ ་ནག་ནི་ནགས་ནང་དུ་གནས་པའི་གླ་བ་སྔོ་ནག་གཟུགས་ཆུང་ལ། ཐང་ཤིང་ངམ་གི་རྩེ་སྟོད་ལ་ཉེ་བར་འཛེག་ཐར་བ། དེ་ལ་རྩི་ཤིན་ཏུ་ཆེ་ལ་དྲི་མངར་ཞིང་ཁྱབ་ཆེ་བ། རྩི་ཁའི་སྤུ་དམར་སེར་སྤུ་ཤིན་ཏུ་ཕྲ་བ། ཤི་བའི་ཤ་ཡང་རྩིའི་དྲི་མས་ཁྱབ་པས་ཟ་མི་བཏུབ་པ་འབྱུང་བར་བཤད་པ་དེ་ཤིན་ཏུ་བཟང་ཞེས་འབྱུང་།
[30] དེའུ་དམར་བསྟན་འཛིན་ཕུན་ཚོགས། ཤེལ་གོང་ཤེལ་ཕྲེང་།[M] མི་རིགས་དཔེ་སྐྲུན་ཁང་། 2013ལོའི་ཟླ་བ་གསུམ་པ། པར་ཐེངས་གཉིས་པ། ཤ153
[31] དེབ་དེར་རྒྱ་ཡིག་གི་ནང་དུ་《药物宝库》ཞེས་ཟེར།
[32] ཝང་ཡེ་ཏན། ཏ་ཟིག་དང་ཁྲོམ་དང་ཀྲུང་གོའི་གླ་རྩི།[J] པེ་ཅིན་སློབ་ཆེན་གྱི་རིག་གཞུང་དུས་དེབ། སྤྱི་ལོ་1993ལོའི་དེབ་གྲངས་གཉིས་པ།
[33] རྩི་ཁབ་ཅེས་པ་ནི་ཆེད་དུ་གླ་རྩི་བརྟག་བྱེད་ཀྱི་ཁབ་ཅིག་སྟེ ། དེ་སྤྱི་བཏང་གི་ཁབ་དང་མི་འདྲ་བ་ཁབ་ཀྱི་རྩེ་མོའི་མཚངས་སུ་ཀོང་ཀོང་ཆུང་ཆུང་ཞིག་གི་སྟོང་ཆ་ཞིག་མངའ་ལ། དེ་གླ་རྩིའི་ཐོག་ཏུ་བསྣུར་ཏེ་ཕྱིར་འཐེན་དུས་གླ་རྩིའི་རྩི་སྙི་ཆུང་ཆུང་གི་ཆ་ཤས་ཁ་ཤས་ལྷན་དུ་དྲངས་ནུས་ཏེ་རྩིའི་སྤུས་ཀ་བཟང་ངན་བརྟག་པའི་རྫས་སུ་གྱུར་པས་ནམ་རྒྱུན་དམངས་ཁྲོད་ངག་རྒྱུན་དུ་ཁབ་འདི་ལ་རྩེ་ཁབ་ཅེས་བྱ་བ་དང་། རྩི་ཁབ་གླ་རྩིའི་ཐོག་ཏུ་བསྣུར་པའི་བྱ་བ་དེར་རྩི་ཁབ་རྒྱེབ་ཅེས་ཀྱང་བྱའོ།།
[34] Anna Akasoy and Ronit Yoeli-Tlalim, ‘along the musk routes: Transmissions between Tibet and the Islamic World’, AsianMedicine: Tradition and Modernity, 3 (2007): pp. 217-40.
[35] དབྱིན་ཇིའི་སྐད་ནང་དུ་Badashan ཞེས་པ་ལ་གོ་དགོས།
[36] ཝང་ཊི་ལད་དང་ཀྲུའུ་ཤི་ཅོན་གྱིས་བསྒྱུར། འཛམ་གླིང་ཡུལ་ཁམས་ལོ་རྒྱུས།[M] ཤིང་ཅང་སྤྱི་ཚོགས་ཚན་རིག་ཁང་ཨེ་ཤི་ཡ་དཀྱིལ་མ་ཞིབ་འཇུག་ཁང་། སྤྱི་ལོ་1983ལོ།
[37] ཐང་ཧྲུའུ་གསར་མ། ཤོག་དྲིལ་221 ཏ་ཟིག་རྒྱལ་ཁབ་དག་གི་ལོ་རྒྱུས་ལས་ཀྱང་གསལ།
[38] Bechwith, christopher 1. Tibet and the early medieval flourishes in Eurasia: A preliminary Note on the Economic history of theTibetan Empire. Central Asiatic Journal, 21 (1977), PP89-104.
[39] ཁྲང་ཞ་ཆིང་། གླ་རྩིའི་བརྒྱུད་ལམ་ཐོག་གི་བོད་ཀྱི་ཆོས་ལུགས་རིག་གནས།[M] ཀྲེ ་ཅང་མི་དམངས་དཔེ་སྐྲུན་ཁང་། 1988ལོའི་ཟླ་བ་དྲུག་པ། ཤ201
[40] ཁྲ ང་ཞ་ཆིང་། གླ་རྩིའི་བརྒྱུད་ལམ་ཐོག་གི་བོད་ཀྱི་ཆོས་ལུགས་རིག་གནས།[M] ཀྲེ ་ཅང་མི་དམངས་དཔེ་སྐྲུན་ཁང་། 1988ལོའི་ཟླ་བ་དྲུག་པ། ཤ204ནས་ཤ214བར། གླ་རྩི་ཚོང་ལམ་གྱི་ལམ་འགག་ལྔ་ཞིབ་ཕྲའི་སྒོ་ནས་བསྟན་འདུག ཞིབ་ཚགས་མཁྱེན་འདོད་ཡོད་ཚེ་དེར་གཟིགས་རོགས་གནང་།
[41] ཨ་ལི་མཱ་ཛ་ཧ་རིས་བརྩམས། ཀན་ཧྲིན་གྱིས་བསྒྱུར། དར་ལམ——ཀྲུང་གོ་དང་ཏ་ཟིག་བར་གྱི་རིག་གནས་བརྗེ་རེས་ཀྱི་ལོ་རྒྱུས།[M] ཀྲུང་གོ་བོད་རིག་པའི་དཔེ་སྐྲུན་ཁང་། 2014་ལོའི་ཟླ་བ་དང་པོ། ཤ529 འདིར་གསལ་བཤད་དགོས་པ་ཞིག་ནི། 西突厥ལ་བོད་སྐད་དྲུ་གུ་ནུབ་མ་ཟེར། 嚈哒དེ་ཐད་ཀར་དུ་ཡན་ཏ་ཞེས་སྒྲ་སྒྱུར་བྱེད་པ་ལས་བོད་མིང་ད་སྔ་མཐོང་མ་བྱུང་། ཕྱི་གླིང་བས་དེར་ཞུང་ནུའུ་དཀར་པོ་白匈奴ཟེར་སྐད། དང་ཐོག་དེ་ཡང་དེང་གི་ཤིན་ཅང་རྒྱུད་ཀྱི་ཐག་ལམ་གཞོང་ས་塔里木盆地གནས།大月氏དེར་རོའུ་ཏྲི་ཆེ་བ་ཟེར། འོན་ཀྱང་དེང་གི་རྒྱའི་སྐད་བརྡ་རིག་པ་བའི་ཆེད་མཁས་འགས་ཡུའེ་ཏྲི་ཆེ་བ་ཟེར་དགོས་ཟེར། དེ་སྤྱི་ལོའི་སྔོན་གྱི་174ལོའི་ཡས་མས་ཙམ་བར་དེང་གི་ཤིན་ཅང་དང་ཀན་སུའུ་བྱང་རྒྱུད་སོགས་སུ་གནས། རོ་ཏྲི་དེར་ནང་གསེས་ཆེ་ཆུང་གཉིས་ཡོད་པ་སྤྱི་ལོའི་སྔོན་གྱི་174ལོའི་ཡས་མས་ཙམ་ལ་ཞུང་ནུའུ་པས་དམག་བརྒྱབ་པས། རོ་ཏྲི་ཆེ་བ་ནུབ་ཏུ་བསྐྱོད་དེ་ཕྱིས་贵霜帝国བཙུགས་པ་དང་།(ལ་ལས་འདི་ལ་ཀུ་ཤ་ན་རྒྱལ་རབས་ཞེས་ཟེར་བར་བཤད།)རོའུ་ཏྲི་ཆུང་བས་ཞུང་ནུའུ་ལ་མགོ་བཏགས་པའམ། དེ་དང་ཉེ་བར་བསྡད་པས་ཕྱིས་བོད་ནང་དུ་ཐིམ་པ་དང་། བོད་གྲུབ་པ། རྒྱ་སྐད་དུ་吐火罗དང་བོད་པས་ཐོད་དཀར་དུ་འབོད་(གུང་མགོན་པོ་སྐྱབས་ཀྱིས་དེ་ལྟར་བསྒྱུར་འདུག ལ་ལས་ཐོ་གར་ཞེས་ཟེར་དགོས་ཟེར།)པ་དེ་གྲུབ་པ་སོགས་བཤད་ཚུལ་མི་མཐུན་པ་མང་། གང་ལྟར་རྒྱའི་ཧན་རྒྱལ་རབས་ནུབ་མའི་གོང་མ་ཧན་ཝུའུ་ཏིས་བྱང་གི་ཞུང་ནུའུ་ལ་རྒོལ་ཆེད་ནུབ་ཀྱི་རོའུ་ཏྲི་ཆེ་བ་大月氏ལ་འབྲེལ་བ་འཛུགས་འདོད་ཀྱིས་སྤྱི་ལོ་སྔོན་གྱི་139ལོར་བློན་པོ་ཀྲང་ཆན་བྱ་བ་ནུབ་ལྗོངས་སུ་མངགས་པ་དང་། ཀྲང་ཆན་གྱིས་དཀའ་སྡུག་གང་མང་བརྒྱབ་ནས་ཤིན་ཅང་ནས་ནུབ་ཏུ་རུ་བ་སྤོས་ཟིན་པའི་大月氏དག་ལ་འབྲེལ་བ་བཙུགས་པས། ཕྱིས་ཀྲང་ཆན་རྒྱ་ནང་ནས་大月氏བར་བརྒྱུད་པའི་ལམ་བུ་དེ་དར་གོས་ཚོང་ལམ་丝绸之路དུ་གྱུར་འགོ་ཚུགས།
[42] ཀུ་ཤ་ན་རྒྱལ་རབས་ནི་སྤྱི་ལོ་55་ལོར་འགོ་བཙུགས་ཤིང་། སྤྱི་ལོ་425ལོར་མཇུག་སྒྲིལ། སྤྱི་ལོ་127ནས་230དབར་ནི་རྒྱལ་རབས་འདིའི་ཆེས་སྟོབས་འབྱོར་མངའ་ཐང་ལྡན་པའི་དུས་སྐབས་ཡིན།
[43] རོའུ་ཏྲི་ཆེ་བ་ནི་སྤྱི་ལོ་སྔོན་གྱི་དུས་རབས་གཉིས་པའི་སྔ་རོལ་དུ་ཀྲུང་གོའི་ནུབ་ཕྱོགས་སུ་གནས་ཤིང་། རྗེས་སུ་ཨེ་ཤི་ཡ་དཀྱིལ་མར་གནས་སྤོས་པའི་འབྲོག་པའི་ཚོ་རིགས་ཤིག
[44] སྟག་ཚང་ལོ་ཙཱ་བ། རྒྱ་བོད་ཡིག་ཚང་།[M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1985ལོར། ཤ204
[45] རྒྱ་སྐད་དུ་印度河ཞེས་པ་དང་དོན་གཅིག་ཡིན་ནོ།
[46] ཀྲང་ཡོན། གནའ་བོའི་བོད་དང་ཏ་ཟིག་གི་རིག་པའི་དཔལ་ཡོན།[M] ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་། 2005ལོར། ཤ275
[47] ཨ་ལི་མཱ་ཛ་ཧ་རིས་བརྩམས། ཀན་ཧྲིན་གྱིས་བསྒྱུར། དར་ལམ—ཀྲུང་གོ་དང་ཏ་ཟིག་བར་གྱི་རིག་གནས་བརྗེ་རེས་ཀྱི་ལོ་རྒྱུས། ཀྲུང་གོ་བོད་རིག་པའི་དཔེ་སྐྲུན་ཁང་། 2014ལོའི་ཟླ་བ་དང་པོ། ཤ534
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1