༄༅།།རྨ་ཆུ་ཁུག་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཁམས་པའི་དྲ་བ། སྤེལ་དུས། 10-28


        རང་རྒྱལ་གྱི་ཆུ་ཀླུང་ཆེན་པོ་ཨང་གཉིས་པ་རྨ་ཆུ་དེའི་སྤྱིའི་རིང་ཚད་ལ་སྤྱི་ལེ་ལྔ་སྟོང་བཞི་བརྒྱ་དྲུག་ཅུ་རེ་བཞི་ཡོད་པ་དང་། དེ་ནི་མཚོ་སྔོན་ཞིང་ཆེན་དཀྱིལ་རྒྱུད་ཀྱི་རི་བོ་བཱ་ཡན་ཧ་རི(巴颜喀拉山)ནས་མགོ་ཐོན་ཏེ། ཐོག་མར་ནུབ་ནས་ཤར་དུ་འབབ་ཅིང་། དེ་ནས་ཟི་ཁྲོན་ཞིང་ཆེན་དང་། ཀན་སུའུ་ཞིང་ཆེན་གཉིས་ཀྱི་འབྲེལ་མཚམས་ནས་འགག་འཕྲང་དོག་པོ་བརྒྱུད་དེ་འཁྱོག་པོར་བྱང་ཕྱོགས་སུ་འབབ། དེ་ནས་ལན་ཀྲུའུ་བརྒྱུད་བྱང་ཤར་ཕྱོགས་ཀྱི་ས་བབས་ཅུང་དམའ་བ་ནས་འབབ་ཏེ་ཉིང་ཞྭ་ཧུས་རིགས་རང་སྐྱོང་ལྗོངས་བརྒྱུད་ནང་སོག་རང་སྐྱོང་ལྗོངས་ཀྱི་མངའ་ཁོངས་སུ་སླེབས་པ་དང་ཡིན་ཧྲན་རི་བོས་འགྲོ་ལམ་བཀག་པས་ཐོག་མར་ཤར་ཕྱོགས་སུ་འཁྱོག་ཅིང་། དེ་ནས་ལྷོ་ཕྱོགས་སུ་འཁྱོགས་ཏེ་ཧྲའན་ཤིས(陕西) ཞིང་ཆེན་དང་ཧྲེན་ཤིས(山西)ཞིང་ཆེན་གྱི་བར་ས་དཀར་མཐོ་སྒང་གི་འགག་འཕྲང་ཧ་ཅང་དོག་ས་ནས་དྲག་ཏུ་རྒྱུགས་ཤིང་ཧྲའན་ཤིས་ཞིང་ཆེན་གྱི་ཐུང་ཀོན་ལ་སླེབས། དེ་ནས་ཆིང་ལིང་རི་བོས་འགྲོ་ལམ་བཀག་པས་སླར་ཡང་ཁ་ཤར་ཕྱོགས་སུ་གཏད་ནས་ཧོ་ནན(河南)ཞིང་ཆེན་ལ་འབབ་ཏེ་སན་མན་ཞའི་སྒོ་གསུམ་འགག་འཕྲང་ནས་དལ་པོར་འབབ་ཏེ་ཧྲན་ཏུང་ཞིང་ཆེན་བརྒྱུད་ཤར་ཕྱོགས་ཀྱི་པོ་ཧེ་རྒྱ་མཚོ་ཆེན་པོར(渤海)འབབ་བཞིན་ཡོད། རྨ་ཆུ་ཁུག་པ་གསུམ་དུ་རྩི་ཚུལ་ནི། དེ་ཡང་བཱ་ཡན་ཧ་རིའི་ཁ་ཚུར་བལྟའི་ཆུ་རྣམས་རྨ་གཡང་ཕྱུག་མོའི་གཞུང་དུ་འབབ་པ་རྨ་ཆུའི་མགོ་ཡིན་ལ། དེ་ནས་ལྷོ་ངོས་སུ་འབབ་པ་གཉན་པོ་གཡུ་རྩེའི་གཡོན་ནས་ཐོན། རིམ་གྱིས་བྱང་དུ་འཁྱོག་པ་དཀར་དབུར་རྐ་ཆུང་དང་། ཚ་གན་པེ་ཤིང་གི་མདུན་ནས་དམེ་ཆུ་འདྲེས་ཏེ་ནུབ་ངོས་དྲང་པོར་བགྲོད་པའི་ཁུག་སོ་གཅིག གཤི་མདོ་དང་རྩེ་མདོར་གཤི་ཆུ་དང་རྩེ་ཆུ་འདྲེས་ཤིང་། ར་རྒྱ་ནས་སླར་ཡང་བྱང་དུ་འབབ་པ་འབལ་མདོ་ནས་ཤར་ངོས་དྲང་པོར་འབབ་པའི་ཁུག་སོ་གཅིག ལོ་ཀྱ་ཏུན་ངོས་ནས་བྱང་དུ་འཁྱོག་པ་རིམ་གྱིས་ཤར་དུ་རྒྱ་ནག་ཞིང་ས་བཅུ་གསུམ་གྱི་ནང་ཚན་ལན་ཇུའི་མཁར་མོ་ཆེའི་མདུན་ལ་བརྒྱུད་ནས་སོག་ཡུལ་དུ་འབབ་པའི་ཁུག་སོ་གཅིག་བཅས་ཁུག་སོ་གསུམ་དུ་གྲགས་སོ་ཞེས《མདོ་སྨད་ཆོས་འབྱུང》ལྕགས་དཔར་མ་ཤོག་གྲངས༢༣༤ནང་གསལ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1