ཇོ་རིའི་འདབས་ཀྱི་རྫོང་ཚོ་གྲོང་ཚོའི་འཚོ་བ་གསར་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 10-29




     ཉི་མ་ནུབ་ལ་ཉེ། སྤེན་པས་ཧི་མ་ལ་ཡའི་བྱང་འདབས་ཀྱི་སྟོན་ཁའི་རླུང་བུ་བསུས་ཤིང་འུར་རྡོ་འཕེན་བཞིན་སྐད་ཆེན་པོས་ལུག་ཁྱུ་ལུག་རའི་ཕྱོགས་སུ་འདེད་བཞིན་ཡོད། རྟག་པར་ཉི་མར་ལྡེ་ཞིང་རླུང་ནང་རྒྱུ་བའི་དབང་གིས་སྤེན་པའི་གདོང་ན་གཉེར་མ་ཟབ་མོ་མང་པོ་ཆགས་ཡོད་ཀྱང་། ས་མགོ་མཐོ་ཚད་སྨི་4400ཟིན་པའི་རྩྭ་ཐང་དུ་སྤེན་པའི་སེམས་པ་སྤྲོ་བས་ཁེངས་ཡོད་པས་གོམ་ཁ་ཡངས་ཤིང་མགྱོགས།
     ད་ལོ་ལོ་47ལ་སླེབས་པའི་སྤེན་པ་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་རྫོང་ཚོ་གྲོང་ཚོའི་གྲོང་མི་ཡིན། ཁོང་ལ་ད་དུང་གྲོང་ཚོའི་གམ་པ་ལུག་གསོ་ཚགས་མཉམ་ལས་ཁང་གི“དབུ་བཞུགས་ལུག་རྫི”ཡི་ཐོབ་ཐང་ཞིག་ཡོད་པ་རེད། ལུག་རྫི་ལོ་30ལྷག་ཙམ་ལ་འཚོས་པའི་ཁོང་མཉམ་ལས་ཁང་ལ་ཞུགས་རྗེས་ལག་ཐོག་ཡོང་འབབ་ཐོག་དང་པོར་བྱུང་བས། ཁོང་གིས“མཉམ་ལས་ཀྱི་སྟོབས་ཤུགས་ཧ་ཅང་ཆེའང”ཞེས་བརྗོད།
     སྤེན་པ་ཡོད་སའི་རྫོང་ཚོ་གྲོང་ཚོ་ནི་དིང་རི་རྫོང་ཉི་ཤར་ཤང་ཤང་སྲིད་གཞུང་ཡོད་ས་དེ་ཡིན། ཉི་ཤར་ནི་ཉི་མ་ཤར་བའི་ས་ཆ་ཞེས་པའི་ནང་དོན་ཡིན་མོད། འོན་ཀྱང་། ལུང་ཁུག་ཏུ་གནས་པ་དང་། སད་རྒྱག་སྐབས་མང་བ། བྱེ་རླུང་ཆེ་བ། མྱ་ངམ་ཐང་དུ་འགྱུར་ཚད་ཚབས་ཆེ་བ་སོགས་ཀྱི་རྐྱེན་པས་ཇོ་མོ་གླང་མ་དང་བར་ཐག་སྤྱི་ལེ་བརྒྱ་ཡང་མེད་པའི་གྲོང་ཚོ་དེས“ཉི་མར་ཕྱོགས་པའི”དྲོ་སྐྱིད་ཉམས་སུ་མྱོང་མྱོང་མེད་པ་འདྲ།
     ཟླ་ཤས་གོང་། རྫོང་ཚོ་གྲོང་ཚོར་བཅའ་སྡོད་བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་ལས་དོན་རུ་ཁག་གི་རུ་དཔོན་ལིའུ་གོ་ལེའང་ཐོག་མར་སླེབས་མ་ཐག་གྲོང་ཚོའི་ཕྱིར་མིག་ལྟ་མི་ཕོད་པའི་འདས་དོན་གོ་ཐོས་བྱུང་བ་རེད།
     ལིའུ་གོ་ལེའང་གིས“གཞན་ཚང་གི་ནས་ནི་ཞིང་ནང་དུ་སྐྱེས་ཀྱི་ཡོད་མོད། འོན་ཀྱང་རྫོང་ཚོ་གྲོང་ཚོའི་ཁྱིམ་ཚང་མི་ཉུང་བ་ཞིག་གི་འབྲུ་རིགས་མཐེ་བོང་ལ་སྐྱེས་ཀྱི་ཡོད”ཅེས་བཤད་པ་དང་། དེ་སྔ་སྐྱ་ཟད་སྔོ་གཏུགས་ཀྱི་དུས་སུ་གྲོང་མི་ཚོ་ཁྱུ་དང་ཁྱུ་བྱས་ནས་ཕྱི་རུ་སློང་མོར་བསྐྱོད་ཀྱི་ཡོད། “ལག་པ་གཉིས་ཀྱིས་མཐེ་བོང་བསྒྲེངས་ནས། ‘སྐུ་མཁྱེན་སྐུ་མཁྱེན’ཞེས་སློང་མོ་བྱས་པ་བརྒྱུད་ནས་ཁྱིམ་ལ་ཁྱེར་བ་རེད”ཅེས་བརྗོད། ལོ་ཤས་གོང་རྫོང་ཚོ་གྲོང་ཚོའི་སློང་མོ་བྱེད་པའི་སྣང་ཚུལ་ཉུང་དུ་ཕྱིན་མོད། འོན་ཀྱང་གྲོང་ཚོ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་རྫོང་ཡོངས་སུ་སྔར་བཞིན་ལེགས་པོ་མེད།
     ཏང་གི་དབུལ་སྒྲོལ་འགག་སྒྲོལ་སྲིད་ཇུས་ཀྱིས་སྐད་གྲགས་ཆོད་པའི་གྲོང་ཚོ་དབུལ་པོ་དེར་འགྱུར་ལྡོག་གཏོང་ཐུབ་བྱུང་།

     2015ལོའི་ཟླ་4པར་བལ་བོར་ས་ཡོམ་བརྒྱབ་རྗེས། ཀྲུང་བལ་མཐའ་མཚམས་དང་ཐག་མི་རིང་བའི་རྫོང་ཚོ་གྲོང་ཚོར་ཡོམ་རྗེས་བསྐྱར་བསྐྲུན་བྱས་པ་རེད། གྲོང་མི་ཡོངས་རྫོགས་ཉེན་ཁ་ཡོད་པའི་སྡོད་ཁང་རྙིང་བ་ནས་གནས་སྤར་ཞིང་། གྲོང་ཚོའི་ཨུ་ལྷན་གཉིས་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཀྱང་གོང་རིམ་གྱི་རོགས་རམ་འོག་ཐོན་ལས་འཕེལ་རྒྱས་ལ་འཆར་འགོད་བྱས་པ་རེད། ཐོན་ཁུངས་དཀོན་པའི་དཀའ་ཁག་སེལ་ནས་མཉམ་ལས་ཁང་བཙུགས་ཏེ་གཅིག་བསྡུས་ངང་ལུག་གསོ་རྒྱུ་དེ་གྲོང་ཚོའི་གདམ་ག་གསར་པར་གྱུར་ཡོད།


     གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བསོད་ནམས་ཀྱིས་དངོས་སུ་སྣེ་ཤན་བྱས་ཤིང་མ་དངུལ་བཏང་ནས་མཉམ་ལས་ཁང་གི་ལས་འཛིན་པའི་འགོ་འཛིན་གྱི་འགན་འཁུར་བ་རེད། གྲོང་ཚོའི་ལས་བྱེད་པ་ཕྱི་ལ་སློབ་སྦྱོང་བྱེད་པར་སོང་བ་དང་། གྲོང་ཚོར་ལོག་རྗེས་འཕྲལ་མར་ཁྱིམ་ཚང་རེ་རེར་བསྐྱོད་དེ་གྲོང་མི་མ་རྐང་ནང་ཞུགས་རྒྱུར་སྐུལ་སློང་བྱས། གྲོང་མི་ཚོ་ཐེ་ཚོམ་སྐྱེས་ནས་ཐག་མི་ཆོད་པ་མཐོང་དུས། ཧྲུའུ་ཅི་བསོད་ནམས་ཀྱིས“མ་རྐང་འཇོག་མཁན་ལ་ཁེ་བཟང་རག་ན་སོ་སོའི་ཡིན་པ་དང་། གྱོང་ཐེབས་ན་ངས་འགན་ཁུར”ཞེས་དམ་བཅའ་བཞག་པ་རེད། འདི་ལྟར། 2019ལོའི་ཟླ་3པར། རྫོང་ཚོ་གྲོང་ཚོའི་གམ་པ་ལུག་གསོ་ཚགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་དངོས་སུ་ལས་གཉེར་བྱེད་འགོ་ཚུགས་པ་རེད།
     སྤེན་པ་ནི་རྫོང་ཚོ་གྲོང་ཚོའི་ལུག་གསོ་ཁྱིམ་ཚང་ཆེ་ཤོས་དེ་རེད། ཁོང་གིས་ཁྱིམ་ཚང་གི་ལུག་80དངུལ་ལ་ཕབ་ནས་མ་རྐང་ནང་ཞུགས་རྗེས། ཕུན་སུམ་ཚོགས་པའི་ཉམས་མྱོང་ལ་བརྟེན་ནས་མཉམ་ལས་ཁང་གི་ཕྱུགས་རྫི་ལ་གདན་ཞུ་བྱས་པ་རེད། ལས་གནས་གསར་པའི་ཐོག སྤེན་པས་གསོ་ཚགས་བྱེད་ཐབས་གསར་རྐྱང་ཞིག་ཤེས་ཡོད་དེ། མཉམ་ལས་ཁང་གིས་རྒྱུད་བཟང་ནང་འདྲེན་བྱས་ནས་ལུག་ཁྱུའི་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་བཏང་བ་དང་། ལུག་གིས་ལྟོ་འཚོལ་དུས་རྒྱགས་ཚད་མི་སྙོམས་པ་མི་ཡོང་ཆེད་ལུག་འཚོ་དུས་ལུགས་མཐུན་གྱིས་ཁྱུ་བགོ་བ། དགུན་དུས་མཉམ་ལས་ཁང་གིས་ཕྱིར་ལུག་འཚོ་བའི་དུས་ཚོད་ཇེ་ཉུང་དུ་བཏང་ནས། གཟན་ཆས་ཉོས་ཏེ་ལུག་རའི་ནང་དུ་གཟན་ཆས་ཁ་གསབ་སྟེར་བ་སོགས།
     གསོ་ཚགས་འོས་འཚམ་བྱས་སྟབས། ལུག་ཁག་དང་པོ་བཤས་གཏོང་བྱེད་སྐབས་ཆ་སྙོམས་བྱས་ན་སྤེན་པས་དེ་སྔོན་གྱི་ལུག་དག་ལས་རྒྱ་མ་བཅུ་ལྷག་ཙམ་ལྗིད་ཀྱི་ཡོད། གམ་པ་ལུག་གི་ཤ་སྙི་མོ་ཡིན་ལ། བྲོ་བ་ཞིམ་པ། དྲི་ངན་མེད་པ་བཅས་ཀྱི་ཁྱད་ཆོས་ཀྱང་གང་ལེགས་མངོན་ཡོད་པས། ཁྲོམ་རའི་དགོས་མཁོ་སྐོང་ཐུབ་ཀྱི་མེད། བསོད་ནམས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། མཉམ་ལས་ཁང་བཙུགས་པའི་ལོ་དེར་མཉམ་ལས་ཁང་གི་ཡོང་འབབ་སྒོར་ཁྲི་73ཟིན་ཡོད། ད་ལོ་ཚུན་ཡོང་འབབ་སྒོར་ཁྲི་100ལས་བརྒལ་བ་དང་། སྔོན་དཔག་བྱས་ན་ལོ་མཇུག་ཏུ་གྲོང་ཚོ་ཡོངས་ཀྱི་དུད་ཚང་རེར་ཆ་སྙོམས་ཁེ་སྤོགས་བགོ་ཚད་སྒོར་ཁྲི་ཡན་ཟིན་རྒྱུ་རེད།
     དེ་སྔ་སྤེན་པ་རང་གིས་ཕྱུགས་འཚོ་སྐབས། ལོ་ཧྲིལ་པོར་ལུག་བཅུ་ལྷག་ཙམ་བཤས་ནས་ནང་མི་ཚོར་ཟ་རྒྱུ་ཡོད་པ་ཕུད་ཡོང་འབབ་ཕལ་ཆེར་མེད་པ་རེད། མཉམ་ལས་ཁང་དུ་ཞུགས་རྗེས་ཁོང་ལ་ལོ་གཅིག་ལ་གླ་ཕོགས་སྒོར་ཁྲི་2.8ཡོད་པ་དང་། ད་ལོ་ལུག་80མ་རྐང་ནང་ཞུགས་པར་ཁེ་སྤོགས་བགོ་བཤའ་སྒོར་ཁྲི་4ཟིན་རེ་ཡོད་པ་རེད།
     སྤེན་པས་ཁོང་གི་ལུག་རྫི་ཡི་བྱ་བ་ཧ་ཅང་ཡག་པོ་བསྒྲུབས་ཡོད། ཁོང་གིས“རང་ཁྱིམ་གྱི་ལུག་འཚོ་སྐབས་ལུག་ཁ་ཤས་བོར་སོང་ན་གཅེན་པོས་གཤེ་གཤེ་གཏོང་བ་ལས་སྐྱོན་ནི་མ་རེད།” “ད་ཆ་ཐུན་མོང་གི་ལུག་འཚོ་སྐབས་རི་སྤྱང་དང་གཡི་ཡིས་འཁྱེར་འགྲོ་བར་སྐྲག”ཅེས་བརྗོད་པ་རེད། སྐར་མ་འགའ་མ་འགོར་བར་སྤེན་པ་ཡིས་གསར་འགོད་པ“བཞག་”ནས་ཐག་རིང་དུ་ཕྱིན་པའི་ལུག་ཁྱུའི་རྗེས་སུ་སྙེག

     འབབ་འཕར་ཡོང་བར་རོགས་རམ་བྱེད་པ་ཕུད། མཉམ་ལས་ཁང་གི་ཚན་རིག་དང་མཐུན་པའི་གཅིག་སྡུད་གསོ་ཚགས་ཀྱིས་ད་དུང་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་རྩྭ་ར་སྲུང་སྐྱོང་བྱས་པ་དང་། རྫོང་ཚོ་གྲོང་ཚོའི་ངལ་རྩོལ་ནུས་ཤུགས་ཀྱང་དེའི་རྐྱེན་གྱིས་བཅིངས་འགྲོལ་ཐོབ་པས། ད་ལྟ་གྲོང་ཚོ་ཡོངས་སུ་ཕྱིར་ལས་ཀ་བྱེད་པར་འགྲོ་མཁན་དེ་སྔའི་མི་གྲངས་སུམ་ཅུ་བཞི་བཅུ་ནས་བརྒྱ་ལྷག་ཙམ་བར་འཕར་ཡོད། ཉི་ཤར་ཤང་གི་ཤང་ཀྲང་ལི་ཆིང་ཧྭ་ཡིས། གྲོང་མི་རྣམས་ཀྱིས་སྔོན་ཆད་རང་མགོ་རང་ཐོན་བྱས་པ་དང་། ད་ལྟ་རིམ་བཞིན་ཐུན་མོང་གི་འདུ་ཤེས་ཆགས་ཡོད། “ད་ལོ་མཉམ་ལས་ཁང་གིས་ལུག་ར་རྒྱ་ཆེར་གཏོང་དུས་ཚང་མས་ངལ་རྩོལ་བྱས་པ་དང་། དུས་རྒྱུན་ལུག་རླངས་འཁོར་དུ་སྒྲུག་པ་དང་། ཕྱུགས་རྩྭ་སྐྱེལ་འདྲེན་བྱེད་པ་སོགས་ཀྱི་གནས་སྐབས་ལས་འགན་ལ་འཕྲད་དུས། མི་མང་པོས་རིན་མེད་རོགས་རམ་བྱེད་ཀྱི་ཡོད”ཅེས་བརྗོད།


     མཉམ་ལས་ཁང་ཞིག་གིས་དབུལ་ཕོངས་གྲོང་ཚོའི་རྣམ་པ་བསྒྱུར་བ་རེད། བསོད་ནམས་ཀྱིས་གྲོང་ཚོར་གོང་བུར་འགྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་ཆེ་རུ་བཏང་བ་དང་། གྲོང་མི་སྒྲིག་འཛུགས་བྱས་ནས་ཐོན་སྐྱེད་འཕེལ་རྒྱས་བཏང་བས་དེ་ནི“ཉི་མར་ཕྱོགས་ནས་སྐྱེ་བ”ངོ་མ་རེད་ཅེས་བཤད།
     བསོད་ནམས་ཀྱིས། མཉམ་སྡེབ་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་ལ་ཡིད་ཆེས་ཡོད་པས་གྲོང་མི་ཚོས་ས་ཞིང་ཚང་མ་མཉམ་ལས་ཁང་གི་མ་རྐང་ནང་ཞུགས་ཡོད། “འདེབས་འཛུགས་དང་གསོ་ཚགས་ཀྱི་ལས་ཕྱོད་ཆེ་རུ་བཏང་ནས་ངལ་ནུས་སྔར་བས་བཅིངས་འགྲོལ་བཏང་བ་བརྒྱུད་རྫོང་ཚོ་གྲོང་ཚོའི་འཚོ་བ་སྔར་བས་ལེགས་སུ་འགྲོ་རྒྱུ་རེད”ཅེས་བརྗོད།(བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/15827949.html)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1