རང་གི་ལག་བཟོར་བརྟེན་ནས་འབྱོར་ཕྱུག་དར་བའི་ལམ་དུ་བསྐྱོད་པ།

གསང་བདག་སྒྲོལ་མ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བ་བོད་ཡིག་གསར་འགྱུར། སྤེལ་དུས། 10-29




ཧུང་ཡོན་རྫོང་ཨ་མཆོག་གྲོང་རྡལ་ཧུ་ར་སྨད་མ་གྲོང་སྡེའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་བཏང་བའི་གནས་ཚུལ་བཀོད་པ།



     ཨ་མཆོག་གྲོང་རྡལ་ཧུ་ར་སྨད་མ་གྲོང་སྡེ་ནི་2014ལོར་དབུལ་ཕོངས་གྲོང་སྡེ་རུ་གཏན་འཁེལ་བྱས་ཤིང་། 2017ལོར་དངོས་སུ་དབུལ་ཕོངས་ཀྱི་ཞྭ་མོ་ཕུད། ད་ལོར་ཧུ་ར་སྨད་མ་གྲོང་སྡེས་ཞིང་ཆེན་རིམ་པའི་གྲོང་གསེབ་དར་རྒྱས་དཔེ་སྟོན་གྲོང་སྡེ་སྐྲུན་བཞིན་ཡོད། དབུལ་བྲལ་གནད་སྒྲོལ་དང་གྲོང་གསེབ་དར་རྒྱས་གཏིང་ཟབ་ངང་འབྲེལ་མཐུད་ཡོང་ཆེད། ཨ་མཆོག་གྲོང་རྡལ་གྱིས་བྱེད་ཐབས་བཞི་སྤྱད་དེ་འཕེལ་རྒྱས་ཀྱི་རྣམ་པ་ལེགས་བསྒྱུར་བྱས་ཤིང་། ཀུང་སི་དང་གསོ་སྦྱོང་། རྟེན་གཞི། ཞིང་ཁྱིམ་བཅས་སྦྲེལ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་འཚོལ་ཞིབ་བྱས་པ་དང་། མང་ཚོགས་ཀྱི་ཐོན་སྐྱེད་གཞན་སྒྱུར་ལ་ཁྲིད་སྟོན་བྱས་ཏེ་བུད་མེད་ཚོའི་ལས་ཞུགས་གནད་དོན་ཐག་བཅད་ནས། མང་ཚོགས་ཀྱི་ཡོང་འབབ་བརྟན་པོའི་ངང་འཕར་བ་བྱས་ལ་གྲོང་སྡེའི་ཐུན་མོང་དཔལ་འབྱོར་རིམ་བཞིན་སྟོབས་ཆེ་དང་འབྲོག་པ་ཚོའི་ཡོང་འབབ་འཕར་ཐུབ་པར་སྐུལ་སྤེལ་བཏང་།

 ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གཏོང་ཆེད་ཐབས་ལམ་བཙལ།

     ཧུ་ར་སྨད་མ་གྲོང་སྡེར་གྲོང་སྡེ་རིམ་པའི་མཉམ་ལས་ཁང་གཉིས་ཡོད་པ་སྟེ། གཡང་དཀར་ལུག་གི་གསོ་སྤེལ་རྟེན་གཞི་དང་ནོར་གནག་གི་གསོ་སྤེལ་རྟེན་གཞི་ཡིན། རྩྭ་ཕྱུགས་དོ་སྙོམས་དང་སྐྱེ་ཁམས་སྲུང་སྐྱོང་། གསོ་སྤེལ་ཐབས་ཤེས་རྗེས་ལུས་སོགས་ཀྱི་རྐྱེན་གྱིས། ཕྱུགས་ལས་འཕེལ་རྒྱས་འགྲོ་རྒྱུར་བཀག་རྒྱ་བཟོས་ཡོད་པ་དང་། ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་གོམ་སྟབས་ཀྱང་ཇེ་དལ་དུ་སོང་ཡོད། ཐོན་སྐྱེད་ཀྱི་ཐབས་ཤེས་སྒྱུར་བ་དང་འབྲོག་པ་ཚོའི་ཡོང་འབབ་འཕར་ཆེད། 2018ལོར་གྲོང་སྡེའི་ཨུ་ལྷན་གཉིས་ཀྱིས་གྲོང་སྡེའི་ཨུ་ལྷན་གྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་ཚབ་པ་རྩ་འཛུགས་བྱས་ནས་ཚོགས་འདུ་ཐེངས་མང་བོ་འཚོགས་ནས་ཕྱུག་འགྱུར་གྱི་ཐབས་ལམ་བཙལ། མང་ཚོགས་ཀྱི་བསམ་འཆར་བསྡུ་ལེན་བྱས་པའི་རྨང་གཞིའི་ཐོག ཟླ་ཚེས་སྐ་ཁུག་མཛེས་ལྗོངས་ཁུལ་གྱི་ཐོན་ཁུངས་ལེགས་ཆ་འདོན་སྤེལ་གང་ལེགས་བྱ་ཆེད། 2019ལོའི་ཟླ་5པར་གྲོང་སྡེའི་ཨུ་ལྷན་གཉིས་ཀྱིས་ཧུང་ཡོན་རྫོང་ལག་ཤེས་བཟོ་རྩལ་ཐོན་རྫས་ཚད་ཡོད་ཀུང་སི་འཛུགས་རྒྱུ་གཏན་འབེབས་བྱས།


  ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གཏོང་ཆེད་གསོ་སྦྱོང་སྤེལ།

     ཀུང་སི་ཚུགས་པ་ནས་བཟུང་། ཕྱོགས་མང་བོ་ནས་མ་དངུལ་བརྩོན་ལེན་བྱས་པ་དང་། མཁས་པ་དང་ཇུས་འགོད་པ། ཆེད་ལས་ལག་རྩལ་མི་སྣ་བཅས་གདན་དྲངས་ནས་སྲོལ་རྒྱུན་གྱི་བོད་ཀྱི་ལག་ཤེས་བཟོ་རྩལ་དང་ཚོན་མདོག་སྡེབ་སྦྱོར། རི་མོ་ཇུས་འགོད་སོགས་ལ་གསོ་སྦྱོང་བྱས་པ་དང་ཆབས་ཅིག བུད་མེད་ཀྱིས་བསླས་འཐག་ཐོན་རྫས་སྔོག་འདོན་དང་། གསེད་སྒྲིག ལེགས་སྒྲིག ཆེད་དུ་ཇུས་འགོད་བཅས་བྱས་ནས་རྒྱུན་ཆད་མེད་པར་ཐོན་རྫས་ལེགས་བཅོས་དང་གསར་གཏོད་བྱས། མིག་སྔར་ལག་རྩལ་གསོ་སྦྱོང་ཐེངས་30ལྷག་སྤེལ་བ་དང་། གསོ་སྦྱོང་ནང་ཞུགས་མཁན་མི་ཐེངས་300ལྷག་ཡོད་ལ། སི་ཁྲོན་རྒྱལ་སྤྱིའི་ལས་རིགས་ལག་རྩལ་སློབ་གླིང་དང་ཁྲུང་ཀྲོའུ་གྲོང་ཁྱེར་ཀྲུའུ་དབྱི་གྲོང་སྡེ་སོགས་སུ་ཐེངས་2ལ་མི་30ལྷག་སློབ་སྦྱོང་བྱེད་པར་མངགས། དེ་དང་ཆབས་ཅིག་གྲོང་རྡལ་ཏང་ཨུས་ད་དུང་གྲོང་སྡེ་རིམ་པའི་རྗེས་གྲབས་ལས་བྱེད་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཞིང་། སློབ་ཆེན་སློབ་མ་དང་། ལས་གཏོད་འཇོན་མི། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་བཅས་ཀྱི་ཁྲོད་ནས་གྲོང་སྡེའི་ལས་བྱེད་པའི་རྗེས་གྲབས་འོས་མི་3གསོ་སྐྱོང་བྱས་པ་དང་། གཉེར་སྐྱོང་ཤེས་པ་དང་། དོ་དམ་བྱེད་ཤེས་པ། བྱ་གཞག་སྒྲུབ་སེམས་ཆེ་བ། སྤྱོད་གཙང་རང་གཅུན་བྱེད་མཁན་བཅས་གྲོང་སྡེ་རིམ་པའི་འགོ་ཁྲིད་ཚན་པའི་ནང་དངོས་སུ་བསྐོ་གཞག་བྱས་ཏེ། གྲོང་སྡེ་རིམ་པའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བར་རྩ་འཛུགས་ཀྱི་རྨང་གཞི་བརྟན་པོར་བཏང་།

 ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གཏོང་ཆེད་ཐོན་ལས་དར།



     ཐོན་ལས་ཀྱིས་འདེགས་སྐྱོར་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཐོན་ལས་འཕེལ་རྒྱས་སུ་བཏང་ཞིང་། ཐོན་ལས་ཀྱིས་མང་ཚོགས་ཕྱུག་པོ་བསྒྱུར་ཐུབ་པའི་བསམ་བློ་རྒྱུན་འཁྱོངས་བྱས། སྲོལ་རྒྱུན་གྱི་གསོ་སྤེལ་ཐོན་ལས་དང་གསར་དར་ཐོན་ལས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཐོན་ལས་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་བ་ཆགས་པ་དང་། གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ལ་སྐུལ་སྤེལ་བཏང་བ་དང་དབུལ་བྲལ་གནད་སྒྲོལ་གྱི་ཕན་འབྲས་སྲ་བརྟན་དུ་བཏང་། 2020ལོར་ཧུ་ར་སྨད་མ་གྲོང་སྡེ་དང་ཀུང་སི་318བར་མཉམ་ལས་གྲོས་མཐུན་བྱུང་། རང་ཉིད་ཀྱིས་རླངས་འཁོར་བསྐོར་ནས་ལྗོངས་སྐོར་བྱེད་པའི་སྒར་ས་བོགས་མར་བཏང་བ་དང་། ལོ་རེར་བོགས་དངུལ་སྒོར་ཁྲི་22ཡོད་ལ། འབྲོག་པ་མང་ཚོགས་ལས་ཞུགས་དང་དབུལ་བོ་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱས་ཡོད། དེ་དང་དུས་མཚུངས་སུ། ཀྲུང་དབྱང་དང་ཞིང་ཆེན་ནོར་སྲིད་ཀྱིས་གྲོང་སྡེའི་ཐུན་མོང་དཔལ་འབྱོར་ལ་རོགས་སྐྱོར་མ་དངུལ་སྒོར་ཁྲི་100བརྩོན་ལེན་བྱས་ནས། ལག་ཤེས་བཟོ་རྩལ་ཀུང་སི་དང་ཧུ་ར་སྨད་མ་གྲོང་སྡེའི་ལྗོངས་སྐོར་སྣེ་ལེན་ལྟེ་གནས་ཀྱི་སྒྱུར་བཀོད་འཛུགས་སྐྲུན་རྣམ་གྲངས་དང་ཟུང་འབྲེལ་བྱས་ཏེ། ཀུང་སི་དང་གསོ་སྦྱོང་། རྟེན་གཞི། ཞིང་ཁྱིམ་བཅས་སྦྲེལ་བའི་རྣམ་པ་གསར་བ་བརྒྱུད། ཚོང་རའི་འགྲན་རྩོད་བྱེད་ཤུགས་ཇེ་ཆེར་བཏང་བ་དང་། མང་ཚོགས་ཀྱི་རྩལ་ནུས་གསོ་སྦྱོང་རྟེན་གཞི་བཙུགས་ནས་མང་ཚོགས་ཀྱི་ཐོན་སྐྱེད་གཞན་སྒྱུར་ལ་ཁྲིད་སྟོན་བྱས་ལ། མང་ཚོགས་ཀྱི་ཡོང་འབབ་བརྟན་པོའི་ངང་འཕར་བ་བྱས་ཏེ་གྲོང་སྡེའི་ཐུན་མོང་དཔལ་འབྱོར་རིམ་བཞིན་སྟོབས་ཆེར་བཏང་།
  ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གཏོང་ཆེད་ཐོན་ཁུངས་བཟང་།


     གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཤིང་། ཏང་ཡོན་དང་མང་ཚོགས་རྩ་འཛུགས་བྱས་ནས་ནུས་ལྡན་གྱིས་ཐོན་ཁུངས་ཀྱི་ལེགས་ཆ་བེད་སྤྱོད་གང་ལེགས་བྱས་ཏེ་གྲོང་སྡེའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་བཏང་བ་དང་། ཁྲོམ་རའི་དཔལ་འབྱོར་འཕེལ་རྒྱས་ཀྱི་བླང་བྱ་དང་མཐུན་པའི་འཁོར་སྐྱོད་ལམ་སྲོལ་འཐུས་སྒོ་ཇེ་ཚང་དུ་བཏང་ནས་ཐུན་མོང་གི་རྒྱུ་ནོར་གྱི་རིན་ཐང་བརྟན་སྲུང་དང་རིན་ཐང་འཕར་བ། མང་ཚོགས་ལ་ཕན་ཐོགས་པར་བྱས། གྲོང་སྡེ་རིམ་པའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་སྣེ་ཁྲིད་པ་དང་ཏང་ཡོན་དཔུང་ཁག་འཛུགས་སྐྱོང་ལ་ནུས་ཤུགས་ཕུད་ཅིང་། ཀྲི་པུའུ་དང་མཐུན་ཚོགས། ཏང་ཡོན་ལྟེ་གནས་ཁྱིམ་ཚང་། ཕྱུགས་ཁྱིམ་བཅས་སྦྲེལ་བའི་ཏང་རྩ་འཛུགས་བཙུགས་པ་དང་། ཀྲི་པུའུ་ཡིས་གཙོ་ཁྲིད་དང་། མཐུན་ཚོགས་ཀྱིས་འཁོར་སྐྱོད། ཏང་ཡོན་གྱིས་དཔེ་སྟོན། འབྲོག་ཁྱིམ་ཞུགས་པ་བཅས་བྱས་པ་བརྒྱུད། ཕྱུགས་ལས་དང་ལྗོངས་སྐོར་ཟུང་འབྲེལ་གྱི་ཐོན་ལས་འཕེལ་རྒྱས་གཏོང་བར་ཤུགས་བསྣན་ནས་མང་ཚོགས་ཀྱི་ཐོན་སྐྱེད་ལ་སྐུལ་ཁྲིད་བྱས་པ་དང་། གྲོང་སྡེ་རིམ་པའི་ཐུན་མོང་དཔལ་འབྱོར་རྒྱུན་ཆད་མེད་པར་སྐྱེད་སྲིང་དང་སྟོབས་ཆེར་བཏང་ནས་མང་ཚོགས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བར་སྣེ་ཁྲིད་བྱས་ཡོད་དོ།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1