ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་རྟགས་བཀོད་གནང་བ་དང་། བཟོ་བཅོས་བྱས་རྗེས་ཀྱི་རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའི་སྲོལ་ཡིག་ཡོངས་བསྒྲགས་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 10-29


        འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཉིན་ཤས་གོང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་རྟགས་བཀོད་གནང་སྟེ། བཟོ་བཅོས་བྱས་རྗེས་ཀྱི་རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའི་སྲོལ་ཡིག་ཡོངས་བསྒྲགས་བྱས་པ་དང་། དེ་སྤྱི་ལོ་2020ལོའི་ཟླ་12པའི་ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་རེད།
        སྲོལ་ཡིག་ནང་། ཚན་རིག་བྱ་དགའི་ལམ་ལུགས་ཀྱི་དམིགས་འབེན་ནི་ཚན་རིག་ལག་རྩལ་ཡར་ཐོན་བྱེད་སྒོའི་ནང་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་མི་སྒེར་དང་སྒྲིག་འཛུགས་ལ་བྱ་དགའ་སྤྲོད་རྒྱུ་དང་། ཚན་རིག་ལག་རྩལ་ལས་དོན་པའི་ཧུར་སེམས་དང་གསར་གཏོད་རང་བཞིན་སྐུལ་སློང་བྱ་རྒྱུ། གསར་གཏོད་རྣམ་པའི་རྒྱལ་ཁབ་དང་འཛམ་གླིང་གི་ཚན་རྩལ་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྱོང་བྱ་ཆེད་བཅས་རེད། ཚན་རྩལ་བྱ་དགའི་ལས་དོན་གྱིས་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། གསར་སྐྲུན་གྱིས་གོང་འཕེལ་ལ་སྐུལ་ཁྲིད་བྱེད་པའི་འཐབ་ཇུས་ལག་བསྟར་བྱེད་པ། ངལ་རྩོལ་ལ་བརྩི་འཇོག་དང་། ཤེས་བྱར་བརྩི་འཇོག ཤེས་ལྡན་མི་སྣར་བརྩི་འཇོག གསར་གཏོད་ལ་བརྩི་འཇོག་བཅས་ཀྱི་བྱེད་ཕྱོགས་ལག་ལེན་བསྟར་བ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བསྟར་བ་བཅས་བྱ་དགོས་པའི་གཏན་འབེབས་བྱས་ཡོད།
        སྲོལ་ཡིག་ནང་། ཚན་རྩལ་བྱ་དགའ་དེ་འོས་སྦྱོར་ལམ་ལུགས་ནས་མིང་འདོན་ལམ་ལུགས་ལ་བསྒྱུར་རྒྱུའི་སྒྱུར་བཅོས་བླང་བྱ་དོན་འཁྱོལ་བྱེད་པ་དང་། ཚན་རྩལ་བྱ་དགའི་ཞིབ་དཔྱད་འགན་འཁྲི་དང་། ཞིབ་དཔྱད་ཚད་གཞི། ཞིབ་དཔྱད་གོ་རིམ་སོགས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། ཚན་རྩལ་བྱ་དགའི་ཡིད་རྟོན་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཚན་རྩལ་བྱ་དགའི་ལྟ་སྐུལ་ཆད་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ། མིང་འདོན་པ་དང་ཞིབ་དཔྱད་རིགས་གཅིག་མཁས་པ་སོགས་བྱ་དགའ་སྤྲོད་པའི་བྱེད་སྒོའི་བྱེད་པོས་བརྩི་སྲུང་ཞུ་དགོས་པའི་ལས་ཀའི་སྒྲིག་ཁྲིམས་གསལ་པོ་བཟོ་བ། མི་སྒེར་སུ་དང་སྒྲིག་འཛུགས་གང་ཞིག་གིས་ཀྱང་མིང་འདོན་དང་ཞིབ་དཔྱད་གཞུང་དྲང་དྲང་བདེན་ཡོང་བར་ཤུགས་རྐྱེན་ཐེབས་བཟོ་ཡོད་པའི་བྱེད་སྒོ་སྤེལ་མི་ཆོག་པ། བྱ་དགའི་བྱེད་སྒོའི་བྱེད་པོ་ཁག་ཚང་མར་དེ་མཚུངས་ཀྱི་ཁྲིམས་ལུགས་འགན་འཁྲི་གཏན་འབེབས་བྱས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1