ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པའི་ནང་གཏན་འབེབས་བྱས་པའི་ཞིང་ལས་དང་གྲོང་གསེབ་གོང་འཕེལ་གྱི་དམིགས་འབེན་ལས་འགན་ཁག་བདེ་བླག་ངང་ལེགས་གྲུབ་ཐུབ་ཡོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 10-29


        ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པའི་ནང་གཏན་འབེབས་བྱས་པའི་ཞིང་ལས་དང་གྲོང་གསེབ་གོང་འཕེལ་གྱི་དམིགས་འབེན་ལས་འགན་ཁག་བདེ་བླག་ངང་ལེགས་གྲུབ་ཐུབ་ནས་དུས་བཀག་ལྟར་དབུལ་སྒྲོལ་འགག་གཏོར་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུར་འདེགས་སྐྱོར་ནུས་ལྡན་ཐུབ་པ།
        འདི་ག་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་སྤྱི་ཚེས27ཉིན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་སྐོང་འཚོགས་བྱས་པ་དང་། ཞིང་ལས་དང་གྲོང་གསེབ་པུས་གྲོས་ཚོགས་ཐོག ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པའི་ནང་གཏན་འབེབས་བྱས་པའི་ཞིང་ལས་དང་གྲོང་གསེབ་གོང་འཕེལ་གྱི་དམིགས་འབེན་ལས་འགན་ཁག་བདེ་བླག་ངང་ལེགས་གྲུབ་ཐུབ་ནས། དུས་བཀག་ལྟར་དབུལ་སྒྲོལ་འགག་གཏོར་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་རྒྱུར་འདེགས་སྐྱོར་ནུས་ལྡན་ཐུབ་ཡོད་ཅེས་བསྟན་ཡོད་པ་རེད།
        ལྟོ་ཆས་གནད་དོན་ནི་དོན་ཆེན་ཨང་དང་པོ་དེ་རེད། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པའི་རིང་། ཞིང་ལས་དང་གྲོང་གསེབ་པུས་ཞིང་ཁར་བརྟེན་ནས་འབྲུ་རིགས་གསོག་འཇོག་དང་། ལག་རྩལ་ལ་བརྟེན་ནས་འབྲུ་རིགས་གསོག་འཇོག་བྱེད་པའི་འཐབ་ཇུས་རྒྱུན་འཁྱོངས་བྱས་ནས། ཐན་པ་དང་འབྲུབ་ཆུའི་འགལ་རྐྱེན་འོག་ལོ་ཏོག་བསྡུ་རྒྱུ་འགན་ལེན་དང་། ཐོན་སྐྱེད་ཡག་པོ་དང་བརྟན་པོ་བྱུང་ནས་མུའུ་དུང་ཕྱུར་8ཀྱི་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་བྱེད་པའི་ལས་འགན་ལེགས་གྲུབ་ཐུབ་པ་དང་། མུའུ་དུང་ཕྱུར10.88ཀྱི་འབྲུ་རིགས་ཐོན་སྐྱེད་བྱེད་ནུས་ཁུལ་དང་གཙོ་གནད་ཞིང་ལས་ཐོན་རྫས་ཐོན་སྐྱེད་སྲུང་སྐྱོབ་ཁུལ་འཆར་འགོད་བྱས་ཡོད། ཞིང་ལས་དང་གྲོང་གསེབ་པུའི་པུའུ་ཀྲང་གཞོན་པ་ལིའུ་ཧོན་ཤིན་གྱིས། ཀྲུང་གོ་བ་དུང་ཕྱུར14ཡི་ལྟོ་ཕོར་བརྟན་པོ་ཡོང་བ་བྱེད་དགོས། འབྲུ་རིགས་ཐོན་སྐྱེད་ལོ་6བསྟུད་མར་རྒྱ་མ་དུང་ཕྱུར་1ཁྲི་3སྟོང་ལས་བརྒལ་ནས། ཐོན་འབོར་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད། ཆུ་འབྲས་དང་གྲོ་ཡིས་རང་གསོ་ཐུབ་ཚད་བརྒྱ་ཆ་100ཡན་དུ་རྒྱུན་འཁྱོངས་ཐུབ་པ་དང་། མ་རྨོས་ལོ་ཏོག་གིས་རང་གསོ་ཐུབ་ཚད་བརྒྱ་ཆ95ལས་བརྒལ་བ། ཤ་སྒོང་འོ་གསུམ་དང་། ཤིང་ཏོག་དང་སྔོ་ཚལ། ཇ་ལོ་སོགས་ཕུན་སུམ་ཚོགས་ཤིང་མཁོ་སྤྲོད་འདང་ངེས་ཐུབ་ནས། མི་དམངས་མང་ཚོགས་ཀྱི་ཉིན་བཞིན་གོང་མཐོར་འགྲོ་བའི་འཛད་སྤྱོད་ཀྱི་དགོས་མཁོ་སྐོང་ཐུབ་ཡོད་ཅེས་གསུངས་པ་རེད།
        གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྤྱི་ལོ2019ལོར་སྒོར་ཁྲི1དང་6སྟོང་ལས་བརྒལ་ནས། སྤྱི་ལོ2010ལོ་ལས་ལྡབ་2ཀྱིས་མང་དུ་སོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་ཧེ་བག་རྒྱུན་མཐུད་ཆུང་དུ་སོང་ཡོད། ད་ལོའི་མདུན་གྱི་དུས་ཚིགས་གསུམ་གྱི་རིང་། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་12297ཟིན་ནས། བརྒྱ་ཆ་1.6འཕར་བ་དང་། དུས་ཚིགས་བཞི་པའི་འཕར་ཚད་མུ་མཐུད་མཐོ་རུ་འགྲོ་བཟོ་ཡོད་པ་རེད།
        དེ་དང་ཆབས་ཅིག གྲོང་གསེབ་བསྒྱུར་བཅོས་ཀྱི་ཀ་བཞི་གདུང་བརྒྱད་ཀྱི་གྲུབ་ཚུལ་གཞི་རྩའི་ཆ་ནས་གྲུབ་ཟིན་ཡོད། ལིའུ་ཧོན་ཤིན་གྱིས། ཞིང་དུད་དུང་ཕྱུར2ལྷག་ལ་ས་ཆའི་འགན་གཙང་ལེན་གཉེར་སྐྱོང་བྱེད་པའི་དཔང་ཡིག་རག་ཡོད། རེས་སྐོར་གཉིས་པའི་ས་ཆའི་འགན་ལེན་གྱི་དུས་ཚིགས་ཐིམས་པའི་རྗེས་ཡང་བསྐྱར་ལོ་གསུམ་ཅུ་བར་རིང་དུ་གཏོང་རྒྱུའི་སྲིད་ཇུས་དོན་ནས། གྲོང་གསེབ་ཀྱི་འགན་ལེན་ས་ཆའི་དབང་ཆའི་དབང་ཆ་དང་། འགན་ལེན་དབང་ཆ། གཉེར་སྐྱོར་དབང་ཆ་བཅས་དབང་གསུམ་བཀོད་སྒྲིག་ལ་འཕེལ་རིམ་གལ་ཆེན་ཐོན་པ་དང་། རེས་སྐོར་གསར་པའི་གྲོང་གསེབ་ཀྱི་ཁང་སའི་བསྒྱུར་བཅོས་ཚོད་ལྟ་ས་ཚིགས་ལག་བསྟར་བྱེད་འགོ་ཚུགས་ཡོད། གྲོང་གསེབ་ཀྱི་མཉམ་སྡེབ་རྒྱུ་ནོར་གྱི་རྒྱུ་རྫས་གཙང་བཤེར་དང་མ་རྩ་ཞིབ་རྩིས་བྱེད་པའི་ལས་དོན་སྤྱིའི་ཆ་ནས་ལེགས་གྲུབ་ཟིན་པ་དང་། མཉམ་སྡེབ་ཀྱི་ཁོངས་མི་དུང་ཕྱུར6ལྷག་གི་ཐོབ་ཐང་གཏན་འཁེལ་ཐུབ་ཡོད་ཅེས་གསུངས་པ་རེད།
        དེ་མིན། དབུལ་སྒྲོལ་འགག་གཏོར་ལ་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། ད་ལོའི་ལོ་མཇུག་ཏུ་སླེབས་སྐབས། ད་སྤྱོད་ཚད་གཞིའི་འོག་གི་དབུལ་ཕོངས་མི་འབོར་ཚང་མ་དབུལ་སྒྲོལ་ཐུབ་པ་བྱ་རྒྱུ་ཡིན་པ་དང་། དབུལ་ཕོངས་རྫོང832ཚང་མ་དབུལ་ཞྭ་འབུད་ཐུབ་པ་བྱ་རྒྱུ། ས་ཁོངས་རང་བཞིན་གྱི་དབུལ་ཕོངས་གནད་དོན་ཧྲིལ་པོ་ཐག་གཅོད་ཐུབ་རྒྱུ་ཡིན་པ་རེད།
        གོམས་སྟབས་རྗེས་མར། ཞིང་ལས་དང་གྲོང་གསེབ་པུས་གྲོང་གསེབ་དར་རྒྱས་ཀྱི་དམིགས་འབེན་ལས་འགན་ཐོག་གཅིག་བསྡུས་བྱས་ནས། ལས་དོན་ཁག་ལ་སྐུལ་འདེད་ནུས་ལྡན་དང་ཏན་ཏིག་གཏོང་རྒྱུ་དང་། སྤྱི་ལོ2035ལོར་སླེབས་སྐབས། ཤང་གྲོང་དར་རྒྱས་ལ་ཐག་གཅོག་རང་བཞིན་གྱི་འཕེལ་རིམ་ཐོན་པ་བྱ་རྒྱུ་དང་། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་རྒྱུ་གཞི་རྩའི་ཆ་ནས་མངོན་འགྱུར་ཐུབ་པ་བྱ་རྒྱུ་ཡིན་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1