རྒས་དུས་འཚོ་རྟེན་ཡོད་པ་དང་བདེ་ཐང་ཁ་གསབ་ཡོད་པས་ཚེ་སྨད་དུ་སྔར་བཞིན་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་ཡོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 10-30


      དགུ་པའི་ཚེས་དགུའི་དུས་ཆེན་ནི་ལོ་རེའི་ལུགས་རྙིང་གི་ཟླ་དགུ་པའི་ཚེས་དགུ་ཉིན་ཡིན་ལ་དེ་ནི་ཀྲུང་གོའི་སྲོལ་རྒྱུན་དུས་ཆེན་ཞིག་ཡིན། “དགུ་པའི་ཚེས་དགུ”ལ“དགུ་གཉིས”ཀྱང་ཟེར་ཞིང་། དེའི་རྒྱུན་མཚན་ནི་《དབྱི་ཅིན》ཞེས་པའི་ནང་དུ“དགུ་པ”དེ་ཕོ་གྲངས་སུ་གཏན་འཁེལ་བྱས་ནས་ཟླ་དགུ་པའི་ཚེས་དགུ་ཉིན་དགུ་པ་གཉིས་བྱུང་ཞིང་དེ་གཉིས་ཀས་ཕན་ཚུན་བརྩི་བཀུར་བྱེད་ཀྱིན་ཡོད་སྟབས། “དགུ་པའི་ཚེས་དགུ”ཞེས་པའི་དཔེ་ལྟར་གནའ་མིས་དགུ་པའི་ཚེས་དགུའི་ཉིན་ནི་རྟེན་འབྲེལ་ཞུ་རིན་ཡོད་པའི་བཀྲ་ཤིས་པའི་ཉིན་མོ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད། དེས་མི་ཚད་ཟླ་དགུ་པའི་ཚེས་དགུ་ཉིན་གྱི“དགུ་དགུའི་”སྒྲ་མཐུན་པ་ནི་རྒྱ་སྐད་ཀྱི་སྒྲ་དང་བསྟུན་ན“ཡུན་ནས་ཡུན་དུ”ཞེས་ཡུན་རིང་གི་ནང་དོན་ཡོད་པས་རྟག་པར་མེས་པོར་མཆོད་པ་དང་རྒན་བཀུར་གྱི་བྱ་འགུལ་སྤེལ་བ་རེད།
      འཚོ་བའི་ཆུ་ཚད་དང་སྨན་བཅོས་ཆ་རྐྱེན་ཟམ་མི་ཆད་པར་ཇེ་ལེགས་སུ་ཕྱིན་པ་དང་བསྟུན་ནས་ལྷ་ས་གྲོང་ཁྱེར་གྱི་རྒན་པའི་གྲངས་འབོར་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད། ཚེས22ཉིན་གསར་འགོད་པས་ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔའི་བར་ལྷ་ས་གྲོང་ཁྱེར་དུ་ལོ70དང་དེ་ཡན་གྱི་རྒན་པ20909ཡོད། འོ་ན་ལོ70ཡན་གྱི་རྒན་པས་འགན་ལེན་རང་བཞིན་གྱི་བདེ་ཐང་ཁ་གསབ་སྲིད་ཇུས་གང་དག་ལོངས་སུ་སྤྱོད་ཐུབ་བམ་ཞེ་ན། གསར་འགོད་པས་ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བར་བཅར་འདྲི་ཞུས་པ་རེད། 
      ཁ་གསབ་ལམ་ལུགས་ཀྱི་ཁ་གསབ་རོགས་སྐྱོར་ནི་ལོ་ཚོད་མི་འདྲ་བའི་རྒན་པས་གང་དགའ་གང་སྐྱིད་ཀྱིས་ལོངས་སུ་སྤྱོད་ཆོག
      ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་ཀྲུང་ཧྭ་མི་རིགས་ཀྱི་རྒན་བཀུར་རྒན་གཅེས་ཀྱི་སྲོལ་རྒྱུན་སྤྱོད་བཟང་དར་སྤེལ་གཏོང་བ་དང་དགུང་ལོ་མཐོ་བའི་རྒན་པའི་བདེ་ཐང་ཁ་གསབ་ལམ་ལུགས་འཐུས་ཚང་དུ་བཏང་ནས་རྒན་པའི་ཐོབ་སྣང་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཆེ་རུ་གཏོང་ཆེད། 2018ལོ་ནས་བཟུང་ལྷ་ས་གྲོང་ཁྱེར་གྱིས་དགུང་ལོ་མཐོ་བའི་རྒན་པའི་བདེ་ཐང་ཁ་གསབ་ཀྱི་ཚད་གཞི་མཐོ་རུ་གཏོང་བའི་ཁྱབ་རྒྱ་ཆེ་རུ་བཏང་སྟེ། ལོ70དང་དེ་ཡན་གྱི་རྒན་པ་ཚང་མར་དགུང་ལོ་མཐོ་བའི་རྒན་པའི་བདེ་ཐང་ཁ་གསབ་ལོངས་སུ་སྤྱོད་རྒྱུ་ཡོད་པ་དང་། ལོ70ནས79བར་གྱི་རྒན་པར་ལོ་ལྟར་ཁ་གསབ་སྒོར600ལོངས་སྤྱོད་བྱ་རྒྱུ་ཡོད་ལ། ལོ80ནས89བར་དང་། ལོ90ནས99བར། ལོ་100དང་དེ་ཡན་གྱི་ཁ་གསབ་ཚད་གཞི་དེ་སྔོན་མའི་ལོ་ལྟར་ཁ་གསབ་སྒོར450དང་། སྒོར750། སྒོར་1200བཅས་ནས་སོ་སོར་སྒོར1200དང་། སྒོར2400། སྒོར3600བཅས་སུ་མཐོ་རུ་བཏང་ཡོད། 2019ལོར་ལྷ་ས་གྲོང་ཁྱེར་གྱིས་ལོ70དང་དེ་ཡན་གྱི་རྒན་པ20636ལ་བདེ་ཐང་ཁ་གསབ་སྒོར་ཁྲི1646.4སྤྲད་པ་རེད། གཞན་ཡང་གྲོང་ཁྱེར་དེ་ཡོངས་ཀྱི་གཅིག་གྱུར་ཁ་གསབ་ཀྱི་རྨང་གཞིའི་ཐོག་རྫོང(ཁུལ)རྣམས་ཀྱིས་རང་སོ་སོའི་ནོར་ཤུགས་ལ་གཞིགས་ནས་རིམ་པ་དེ་གའི་ནོར་སྲིད་ཁ་གསབ་ཀྱི་བྱེད་ཐབས་བརྒྱུད་རྒན་གསོའི་ཁ་གསབ་ལམ་ལུགས་བཙུགས་ཡོད་ཅེས་མཚམས་སྦྱོར་གནང་བ་རེད།
      དགུང་ལོ་མཐོ་བའི་རྒན་པར་ཁ་གསབ་སྤྲོད་པའི་ལམ་ལུགས་དོན་འཁྱོལ་ཡག་པོ་བྱས་ནས་དགུང་ལོ་མཐོ་བའི་ཁ་གསབ་དུས་ཐོག་ཏུ་འདང་ངེས་སྤྲོད་ཐུབ་པར་འགན་ལེན་བྱ་ཆེད། ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ལོ་འགོར《2020ལོ་འཁོར་གྱི་རྒན་པའི་བདེ་ཐང་ཁ་གསབ་ལོངས་སྤྱོད་བྱེད་པའི་བསྡོམས་རྩིས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》ཞེས་པ་བཏང་ཞིང་། རྫོང(ཁུལ)དང་གྲོང་ཁྱེར། ཐད་གཏོགས་སྡེ་ཚན་ཁག་གིས་དགུང་ལོ་མཐོ་བའི་རྒན་པའི་བདེ་ཐང་ཁ་གསབ་སྲིད་ཇུས་དྲིལ་བསྒྲགས་རྒྱ་ཁྱབ་ངང་སྤེལ་ནས་ཁྱིམ་ཚང་ཀུན་གྱིས་ཤེས་པ་དང་མི་ཚང་མས་ཤེས་གང་ཐུབ་བྱ་དགོས་པའི་བླང་བྱ་བཏོན་ཡོད། དུས་མཚུངས་སུ་རྫོང(ཁུལ)ཁག་དང་གྲོང་ཁྱེར། ཐད་གཏོགས་ཚན་པ་ཁག་གིས་ཁོངས་གཏོགས་ཁུལ་དང་ཚན་པའི་དགུང་ལོ་མཐོ་བའི་རྒན་པའི་གནས་ཚུལ་དུས་ཐོག་དང་གནད་ལ་འཁེལ་བའི་སྒོ་ནས་ཁོང་དུ་ཆུད་པ་བྱས་ཏེ་དགུང་ལོ་མཐོ་བའི་རྒན་པའི་དུས་ཐོག་དོ་དམ་ལ་ཤུགས་སྣོན་རྒྱག་དགོས་པ་དང་གྲལ་བཤེར་ཐོ་འགོད་ནན་ཏན་གྱིས་བསྐྱར་ཟློས་དང་། ཆད་ལུས། ཐོ་འགོད་ནོར་འཁྲུལ་བཅས་མི་ཡོང་བ་བྱེད་ཅིང་། མ་དངུལ་སྤྲོད་པར་ནོར་འཕྱུག་མི་འབྱུང་བ་དང་ཆད་ལུས་མེད་པར་འགན་ལེན་བྱས་ཏེ་ཁོངས་གཏོགས་ཁུལ་གྱི་ཆ་རྐྱེན་དང་མཐུན་པའི་རྒན་པ་ཚང་མར་སྲིད་ཇུས་དེ་ལོངས་སྤྱོད་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། 
      མིག་སྔར་ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ལོ་འདིའི་ལྷ་ས་གྲོང་ཁྱེར་ཐད་གཏོགས་ཚན་པ་ཁག་གི་རྒན་པ2546གི་བདེ་ཐང་ཁ་གསབ་ཀྱི་མ་དངུལ་སྒོར་ཁྲི208.50སྤྲད་ཟིན་པ་དང་ཚན་པ་ཁག་གིས་གཏོང་སྤྲོད་ཧུར་ཐག་བྱེད་བཞིན་ཡོད། 
      འཚོ་བར་སེམས་ཁྲལ་གང་ཡང་མེད། “ད་ལྟའི་སྲིད་ཇུས་ཡག་པོ་དེ་འདྲ་ཡོད་པ་ཡིད་ལའང་དྲན་མ་མྱོང་།” 
      རི་འགོར་སྟོང་ལོའི་སྡོང་བོ་ཡོད་ནའང་། ། སྲིད་པར་བརྒྱ་ལོ་ཐུབ་པ་ཉུང་ཤས་ཙམ། །ཞེས་པ་ལྟར། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་དུ་ལོ་བརྒྱ་ལ་སླེབས་པའི་བགྲེས་སོང་ཞིག་ཡོད་པ་དང་ཚང་མས་མཛའ་བརྩེའི་ངང་མོར“ནེ་ནེ”ཞེས་འབོད་ཀྱིན་ཡོད། ཐོག་མར་ནེ་ནེ་མཐོང་བ་ནི་མལ་གྲོ་གུང་དཀར་རྫོང་གི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཅིག་སྡུད་བསྙེན་བཀུར་ཞབས་ཞུའི་ལྟེ་གནས་ཡིན་ལ་སྐུ་གཟུགས་པོ་བདེ་ཐང་ཡིན་པའི་མོའི་གདོང་ལ་རྒྱུན་དུ་འཛུམ་མདངས་འཕྱུར་བཞིན་མཆིས། ནེ་ནེ་ད་ལོ་དགུང་ལོ་100ལ་སོན་པ་དང་བུ་དང་བུ་མོ་མེད་པས་ཞབས་ཞུ་ལྟེ་གནས་སུ་སླེབས་ནས་ལོ12འགོར་སོང་། གང་ཡིན་ཟེར་ན་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་གཏོགས་པས་སྲིད་གཞུང་གི་རོགས་སྐྱོར་འོག་ མོའི་ཁང་བའི་ནང་དུ་འཚོ་བའི་མཁོ་ཆས་སྣ་ཚོགས་བཀོད་སྒྲིག་ཆ་ཚང་ཞིང་ཉིན་ལྟར་ཆེད་མངགས་ཀྱི་ནད་གཡོག་པས་ལྟ་སྐྱོང་ཡང་བྱེད་ཀྱིན་ཡོད།
     “ང་ཚོས་ནེ་ནེ་རང་ཉིད་ཀྱི་གཉེན་ཉེ་ལྟ་བུར་བརྩིས་ནས་ལྟ་སྐྱོང་བྱེད་ཀྱིན་ཡོད་ལ་མོ་དགུང་ལོ་བརྒྱ་ལ་སླེབས་ཀྱང་འཚོ་བ་ཕལ་ཆེར་རང་མགོ་ཐོན་ཐུབ། དུས་རྒྱུན་དུ་རྒན་པ་གཞན་དག་དང་མཉམ་དུ་བསྡད་དེ་ཁ་བརྡ་གློད་པར་དགའ་ཞིང་འཚོ་བ་ཧ་ཅང་སྐྱིད་པོ་འདུག”ཅེས་ནེ་ནེ་ཡི་ནད་གཡོག་པ་ཚེ་རིང་སྒྲོལ་མས་དེ་ལྟར་བཤད། 
      ཚེ་རིང་སྒྲོལ་མས་མལ་གྲོ་གུང་དཀར་རྫོང་གི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་ཀྱིས་བཟའ་བཏུང་ཐད་ཞག་ཚི་ཉུང་དུ་འཇུག་པ་གཙོ་བོར་འཛིན་ཞིང་། ནེ་ནེ་ནམ་རྒྱུན་རྩམ་པ་ཟ་བ་དང་བསྲུབས་ཇ་འཐུང་རྒྱུར་དགའ། གཞན་ཡང་ནེ་ནེ་ལ་ལུས་པོ་བདེ་བའི་ཟས་བཟའ་རུ་འཇུག་ཆེད་ཞིབ་ཚགས་ཡིན་པའི་ཚེ་རིང་སྒྲོལ་མས་ད་དུང་ཟ་ཁང་དུ་དཀར་ཟས་དང་ཤ་ཚོས་ཐག་ཆོད་དགོས་ཞེས་ནན་མངག་བྱེད་པ་དང་དེ་ལྟར་བྱས་ན་དེ་བས་འཇུ་བདེ་བ་ཡིན་ཞེས་མཚམས་སྦྱོར་གནང་བ་རེད། “བསམ་ཡུལ་ལས་འདས་པ་ཞིག་ལ་ད་ལྟའི་སྲིད་ཇུས་ཡག་པོ་དེ་འདྲ་ཡོད་པ་དང་རེ་ས་རྟེན་ས་གང་ཡང་མེད་པའི་ང་ཚོ་རྒན་པ་དག་ལ་འཚོ་བ་ཧ་ཅང་ཡག་པོ་ཡོད་ལ། ཁ་ལག་འཁྲུ་བ་དང་ཟ་མ་ཟ་སྐབས་ཚང་མར་ཆེད་བསྐོས་མི་སྣའི་ནད་གཡོག་པ་ཡོད”ཅེས་ནེ་ནེ་ཡིས་དེ་ལྟར་བཤད། 
      ཉིན་དགུང་གི་ངལ་གསོ་བརྒྱབ་རྗེས་ནད་གཡོག་པས་ཀྱང་ཉི་འོད་དྲོ་བའི་སྐབས་དང་བསྟུན་ནས་རྒན་པ་ཚོའི་སྐྲ་བཀྲུ་བ་དང་སྐྲ་ཤད་ཀྱིན་ཡོད། རྒན་པ་ཚོའི་འཚོ་བ་ཕུན་སུམ་ཚོགས་པོ་ཡོང་ཆེད་དགོང་ཟས་རྗེས་སུ་ནད་གཡོག་པས་ད་དུང་རྒན་པ་ཚོ་སྒྲིག་འཛུགས་བྱས་ནས་སྐོར་བྲོ་སོགས་ཀྱི་བྱེད་སྒོའི་ནང་ཞུགས་སུ་འཇུག་པ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1