༄༅།།སློབ་མའི་སློབ་སྦྱོང་གི་གོམས་གཤིས་ལེགས་པོ་ཇི་ལྟར་གསོ་སྐྱོང་བྱེད་དགོས།

དཀོན་མཆོག རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 10-30



དཔའ་རིས། དཀོན་མཆོག

        སློབ་སྦྱོང་གི་གོམས་གཤིས་ནི་སློབ་མའི་བྱ་སྤྱོད་ལས་རྒྱུན་ལྡན་དང་བརྟན་འཇགས་སུ་གྱུར་པའི་བྱ་སྤྱོད་ཅིག་རེད། གོམས་གཤིས་ནི་མི་རྣམས་ཀྱི་ནང་སེམས་ཀྱི་འགྱུར་མེད་བརྟན་ཆགས་ཀྱི་སྟོབས་ཤུགས་ཆེན་པོ་ཞིག་ཡིན། ཨ་རེ་སི་ཐོལ་ཐི་ཡི་བཞེད་པར། གོམས་གཤིས་ནི་ལྷན་སྐྱེས་ཀྱི་རང་བཞིན་གཉིས་པ་ཡིན་པར་གསུངས། སློབ་མར་སློབ་སྦྱོང་གི་གོམས་གཤིས་ལེགས་པོ་ཆགས་ན། སློབ་མའི་རིག་གནས་ཡོན་ཏན་ཁོང་དུ་ཆུད་པ་དང་རིག་སྟོབས་འཕེལ་རྒྱས་ཡོང་བ་དང་། ཀུན་སྤྱོད་ཡག་པོ་ཆགས་པ་བཅས་ལ་ཕན། དེའི་ཕྱིར་སློབ་མའི་སློབ་སྦྱོང་གི་གོམས་གཤིས་ལེགས་པོ་གསོ་སྐྱོང་བྱ་རྒྱུ་ནི་ཧ་ཅང་འགངས་ཆེན་དུ་སྣང་། གཤམ་དུ་སློབ་མའི་སློབ་སྦྱོང་གི་གོམས་གཤིས་ལེགས་པོ་གསོ་སྐྱོང་བྱེད་ཐབས་སྐོར་རགས་ཙམ་གླེང་བ་ལ།

 དང་པོ། སློབ་ཁྲིད་བྱ་རིམ་བརྒྱུད་དེ་སློབ་མའི་སློབ་སྦྱོང་གི་གོམས་གཤིས་ལེགས་པར་གཏོང་བ།

        སློབ་ཁྲིད་ཀྱི་བྱ་རིམ་ནི་སློབ་མས་ཤེས་བྱ་བསླབས་ཏེ་རྨོངས་བློའི་མུན་པ་སེལ་ས་ཡིན་ལ། སློབ་སྦྱོང་གི་གོམས་གཤིས་ལེགས་པོ་ཆགས་སའང་ཡིན། ཐོག་མར་སློབ་ཁྲིད་ཀྱི་བྱ་རིམ་ནང་སློབ་མར་བསམ་གཞིག་གི་གོམས་གཤིས་གསོ་སྐྱོང་བྱེད་དགོས། དགེ་རྒན་གྱིས་སློབ་མར་བསམ་གཞིག་གི་གོམས་གཤིས་གསོ་སྐྱོང་བྱེད་སྐབས། དྲི་བ་འདོན་རྒྱུ་དང་། དོགས་གཞི་བཟོ་བ་སོགས་ཀྱི་ཐབས་སྤྱད་དེ་སློབ་མའི་བསམ་གཞིག་གི་ནུས་པ་ཇེ་ཆེར་གཏོང་དགོས། དེ་ལྟར་བྱས་ཚེ་སློབ་མས་སྒྱིད་ལུག་ངང་དགེ་རྒན་གྱི་ཅི་གསུང་ལ་སྒུག་པའི་གཤིས་ངན་བཅོ་ཐུབ། དེ་ལས་སློབ་ཁྲིད་བྱ་རིམ་ནང་དགེ་རྒན་གྱིས་འཆར་གཞི་ལྡན་པའི་ངང་སློབ་མའི་བྱ་འགུལ་གང་མང་ཇུས་འགོད་བྱེད་དགོས། སློབ་མའི་བྱ་འགུལ་སྤེལ་དུས། རང་འགུལ་གྱིས་གནད་དོན་ལ་བསམ་གཞིག་བྱེད་པ་དང་། དཔྱད་གླེང་དང་རྩོད་གླེང་བརྒྱུད་དེ་རང་ཉིད་ཀྱི་ལྟ་ཚུལ་ར་སྤྲོད་བྱེད་པ་སོགས་བྱས་ན། རིམ་བཞིན་ཤེས་བྱར་གོ་བ་ལེན་ཤེས་པའི་གོམས་གཤིས་ཆགས་ཐུབ། ལྷག་ཏུ་གལ་ཆེ་བ་ནི་ཤེས་བྱ་འཚོལ་ཞིབ་དང་འཚོལ་དཔྱོད་རང་བཞིན་གྱི་སློབ་སྦྱོང་བྱེད་པའི་གོམས་གཤིས་བཟང་པོ་ཡང་ཆགས་ཐུབ། དེ་མ་གཏོགས་སློབ་ཁྲིད་བྱ་རིམ་ནང་དགེ་རྒན་གྱིས་སློབ་མའི་སྡོད་སྟངས། ཟིན་ཐོ་བཀོད་པའི་དག་ཆ། སློབ་ཁྲིད་ལ་ཉན་པའི་རྣམ་པ་བཅས་ལ་གཟབ་ནན་བྱས་ཏེ། དུས་ཐོག་ཏུ་བཟང་པོར་གཟེངས་བསྟོད་དང་། ངན་པ་ཡོ་བསྲང་བྱས་ན། སློབ་མར་སློབ་སྦྱོང་གི་གོམས་གཤིས་ལེགས་པོ་ཆགས་པར་ཕན་ཐོགས་ཡོད། ལར་སློབ་ཁྲིད་བྱ་རིམ་ནི་སློབ་མའི་སློབ་སྦྱོང་གི་གོམས་གཤིས་ལེགས་པོའི་ཆགས་ཡུལ་ཡིན། སློབ་ཁྲིད་བྱ་རིམ་ལ་དོ་སྣང་བྱས་ནས་སློབ་མའི་སློབ་སྦྱོང་གི་གོམས་གཤིས་ལེགས་པོ་ཆགས་ན། སློབ་མའི་སློབ་སྦྱོང་གི་ལས་ཆོད་མཐོར་འདེགས་དང་། སློབ་སྦྱོང་གི་སྤྲོ་བ་སྐྱེད་སྲིང་། སློབ་ཁྲིད་ལ་ཉན་སྐབས་བློ་རྩེ་གཅིག་སྒྲིམ་སོགས་ཡོང་བ་ལའང་ནུས་པ་ཆེན་པོ་ལྡན།

 གཉིས་པ། བསླབ་ཕྱིའི་དུས་ཚོད་བརྒྱུད་དེ་སློབ་མའི་སློབ་སྦྱོང་གི་གོམས་གཤིས་ལེགས་པོ་ཆགས་པར་བྱེད་པ།

        སློབ་མའི་སློབ་སྦྱོང་གི་གོམས་གཤིས་ལེགས་པོ་དེ་སློབ་ཁྲིད་བྱ་རིམ་བརྒྱུད་དེ་ཆགས་ཐུབ་ནའང་། བསླབ་ཕྱིའི་དུས་ཚོད་ནང་མུ་མཐུད་དུ་སྲ་བརྟན་གཏོང་བར་དོ་སྣང་བྱེད་དགོས། བསླབ་ཕྱིའི་དུས་ཚོད་ནང་། གཅིག་ནས་སློབ་མའི་སྔོན་སྦྱོང་ལ་དོ་སྣང་བྱེད་དགོས། སྔོན་སྦྱོང་ནི་སློབ་མས་རང་འགུལ་གྱིས་སློབ་སྦྱོང་བྱེད་དགོས་པ་ཞིག་ཡིན་ལ། གོམས་གཤིས་ལེགས་པོ་ཆགས་པའི་གོ་སྐབས་བཟང་པོ་ཞིག་ཀྱང་ཡིན་པས། དགེ་རྒན་གྱིས་ངེས་པར་དུ་དཀའ་ཚེགས་ལ་མ་འཛེམས་པར། རང་ཚུགས་ཀྱི་སྒོ་ནས་བསམ་གཞིག་བྱེད་ཤེས་པའི་ཐབས་ཤེས་དང་།རིག་གཞུང་དག་འཚོལ་སྡུད་དང་དབྱེ་ཞིབ། ལེགས་སྒྲིག ཞིབ་འཇུག་བཅས་བྱ་བའི་ཐབས་ལམ་བསྟན་ཏེ་སློབ་སྦྱོང་གི་གོམས་གཤིས་ཆགས་སུ་འཇུག་དགོས། གཉིས་ནས་སློབ་མའི་ཆུ་ཚད་ལ་གཞིགས་ནས་ལས་བྱ་འོས་འཚམ་བཀོད་སྒྲིག་བྱེད་དགོས། ལས་བྱ་འབྲི་བ་ནི་བསླབས་ཟིན་པའི་ཤེས་བྱ་སྦྱོང་བརྡར་ཡང་ཡང་བྱས་ཏེ་སྲ་བརྟན་ཡོང་བའི་ཐབས་ལམ་གལ་ཆེན་ཞིག་ཡིན་པ་དང་། ལས་བྱ་བཀོད་སྒྲིག་བྱེད་དུས་སློབ་མའི་ཡོན་ཚད་ལ་གཞིགས་ཏེ་འོས་ཤིང་འཚམ་པར་བཀོད་སྒྲིག་བྱས་ན། སློབ་མའི་སློབ་སྦྱོང་གི་སྤྲོ་སེམས་སྐྱེད་སྲིང་བྱེད་ཐུབ་པ་དང་། སློབ་སྦྱོང་གི་གོམས་གཤིས་ལེགས་པོ་ཡོང་བ་ལའང་ཕན་ཐོགས་ཆེན་པོ་མཆིས། དགེ་རྒན་ལ་ལས་ལས་བྱ་བཀོད་སྒྲིག་བྱེད་སྐབས་སློབ་མའི་གནས་ཚུལ་ལ་མི་བལྟ་བར།ལས་བྱ་ཉ་ཉོག་མང་པོ་བཀོད་སྒྲིག་བྱེད་པའམ། ཡང་ན་དཀའ་ཁག་ལྡན་པའི་ལས་བྱ་བཀོད་སྒྲིག་བྱས་པ་ན། སློབ་མས་དགེ་རྒན་གྱིས་བཀོད་སྒྲིག་བྱས་པའི་ལས་འགན་ལེགས་འགྲུབ་ཡོང་ཆེད་ལས་བྱ་འབྲི་བ་ལས། གཟབ་ནན་ངང་མི་འབྲི་བར་མ་ཟད་སུན་སྣང་སྐྱེ་བར་འགྱུར། དེའི་ཕྱིར་སློབ་མའི་ཆུ་ཚད་ལ་གཞིགས་ནས་ལས་བྱ་འོས་འཚམ་བཀོད་སྒྲིག་བྱས་ན། ད་གཟོད་སློབ་མའི་སློབ་སྦྱོང་གི་སྤྲོ་སེམས་བསྐྱེད་པ་དང་། སློབ་སྦྱོང་ལ་རང་ཉིད་ཀྱིས་ཤིན་ཏུ་དོ་ཁུར་བྱ་འདོད་པའི་གོམས་གཤིས་ལེགས་པོ་ཆགས་ཐུབ། གསུམ་ནས་བསླབ་ཕྱིའི་དཔེ་ཀློག་གི་གོམས་གཤིས་སྐྱེད་སྲིང་བྱེད་དགོས། དཔེ་ཆ་ནི་བློ་སྒོ་འབྱེད་པའི་ལྡེ་མིག་ལྟ་བུ་ཡིན་ལ། དཔེ་ཆ་ལས་མི་ཚེའི་རིན་ཐང་ལྟ་བ་ཡང་དག་པ་ཆགས་པ་དང་བསམ་པའི་ཀུན་སྤྱོད་ཡར་སྐྱེད་འབྱུང་བ་སོགས་ལ་བསམ་གྱིས་མི་ཁྱབ་པའི་དགེ་མཚན་སྩོལ་བས། བསླབ་ཕྱིའི་དུས་སུ་སློབ་མ་དག་ལ་རང་གི་དགའ་ཕྱོགས་དང་འབྲེལ་ཏེ་དཔེ་ཀློག་འོས་འཚམ་རེ་བྱེད་དུ་བཅུག་ན། སློབ་མའི་སློབ་སྦྱོང་གི་གོམས་གཤིས་ལེགས་པོ་ཆགས་པར་མཐུན་རྐྱེན་ལེགས་པོ་བསྐྲུན་ནུས།

 གསུམ་པ། སློབ་གྲྭའི་སྒྲིག་ལམ་དང་སྦྲགས་ཏེ་སློབ་འབྲིང་སློབ་མའི་སློབ་སྦྱོང་གི་གོམས་གཤིས་ཡག་པོ་ཆགས་པར་བྱེད་པ།
        སློབ་གྲྭའི་སྒྲིག་ལམ་བཟང་པོས་སློབ་མར་སློབ་སྦྱོང་གི་ཁོར་ཡུག་ལེགས་པོ་བསྐྲུན་ཐུབ་པ་དང་། སློབ་མའི་སློབ་སྦྱོང་གི་གོམས་གཤིས་ཡག་པོ་ཆགས་པ་ལ་ཡང་ཕན་ཐོགས་ཆེན་པོ་ཡོད། སློབ་མའི་སློབ་སྦྱོང་གི་གོམས་གཤིས་ཡག་པོ་ཆགས་པའི་བརྒྱུད་རིམ་དུ་སློབ་གྲྭའི་སྒྲིག་ལམ་བཟང་པོས་ལྟ་སྐུལ་ཐེབས་ཚེ། གོམས་གཤིས་ལེགས་པོ་མཐའ་འཁྱོངས་བྱེད་པར་ཡང་ཕན་པ་ཆེན་པོ་ལྡན། དེའི་ཕྱིར་སློབ་མའི་སློབ་སྦྱོང་གི་གོམས་གཤིས་ཡག་པོ་ཡོང་ཆེད། སློབ་གྲྭའི་ཆ་ནས་སྒྲིག་ལམ་དོ་དམ་སྐོར་ལ་དོ་སྣང་བྱེད་དགོས། དཔེར་ན། ཉིན་རྒྱུན་དགེ་རྒན་གྱིས་སློབ་ཁྲིད་མ་བྱས་གོང་གི་སྐར་མ་འགའི་ནང་། དགེ་རྒན་སློབ་ཁང་གི་སྒོ་ཁ་རུ་བསླེབ་དགོས་པའི་སྒྲིག་ལམ་བཙུགས་ཏེ་མཐའ་འཁྱོངས་བྱས་ཚེ། སློབ་མ་རང་ཤུགས་སུ་སློབ་ཁྲིད་མ་བྱས་གོང་དུ་སློབ་ཁང་ནང་ཡོང་རྒྱུ་དང་སློབ་ཁྲིད་ཀྱི་རྗེས་སུ་མི་ལུས་པའི་གོམས་གཤིས་ལེགས་པོ་ཆགས་ཐུབ། དེའི་ཕྱིར་སློབ་གྲྭའི་རིམ་པ་ཀུན་གྱིས་སློབ་གྲྭའི་སྒྲིག་ལམ་དང་དོ་དམ་སྐོར་ལ་དོ་སྣང་བྱས་ཏེ་སློབ་སྦྱོང་གི་ཁོར་ཡུག་ཡག་པོ་བསྐྲུན་དགོས།
        མདོར་ན། སློབ་མའི་སློབ་སྦྱོང་གི་གོམས་གཤིས་ལེགས་པོ་ནི་དུས་ཡུན་རིང་པོའི་ལག་ལེན་ཁྲོད་དུ་བསྲེག་བཅད་བརྡར་གསུམ་བྱས་ནས་ཆགས་པ་ཡིན་ལ། དགེ་རྒན་གྱིས་ཡང་དག་པའི་མཛུབ་ཁྲིད་དང་ཤུགས་སྣོན། སློབ་མའི་རང་འགུལ་ངང་དང་ལེན་དང་སྦྱོང་བརྡར་བྱས་ཚེ། སློབ་སྦྱོང་གི་གོམས་གཤིས་ཡག་པོ་ཆགས་ཐུབ་ངེས་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1