༄༅།།བོད་ལུགས་གསོ་རིག་ལས་ལག་པའི་མཁྲིག་རྩ་བརྟག་སྐབས་ཀྱི་དྲན་སྐུལ་ཐུང་ངུ་།

སྐུ་ནུབ་འཇིགས་མེད་རྡོ་རྗེ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-02



སྐུ་ནུབ་འཇིགས་མེད་རྡོ་རྗེ།
        མིའི་ལུས་ཀྱི་ཁྲག་རྩ་ལ་འཕར་རྩ་དང་སྡོད་རྩ་གཉིས་སུ་ཡོད་པ་ལས། འཕར་རྩ་རྒྱུ་བའི་གནས་ལུགས་ལ་བརྟགས་ཏེ་ལུས་ཀྱི་འབྱུང་ཁམས་དོ་སྙོམས་མི་སྙོམས་ཀྱི་གནས་ཚུལ་ངོས་འཛིན་པ་དང་དྲི་ཆུའི་མདོག་རླངས་ཀུ་ཡ་སོགས་ལ་བརྟེན་ནས་ནད་ཡོད་མེད་བརྟག་པའི་རིགས་པ་འདི་གནའ་སྔ་རབས་ནས་བོད་དུ་ཡོད་པ་ཞིག་ཡིན་ཞིང་། བོད་ཀྱི་མཁས་པ་ཆེན་པོ་སྟག་ཚང་ལོ་ཙཱ་པས། རྩ་ཆུའི་སྒོ་ནས་ནད་ངོས་འཛིན་པ་ནི། །རྒྱ་གར་འཕགས་པའི་ཡུལ་དུ་གསུངས་པ་མེད། །བོད་ཀྱི་སྨན་པ་བྱང་ཆུབ་སེམས་དཔས་མཛད། །ཅེས་གསུངས་པ་བཞིན་ནོ། །
        ཡང་ཕྱིས་ཀྱི་མཁས་པ་ཆེན་པོ་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་བོད་ཀྱི་གསོ་རིག་ལས་རྩ་ལ་བརྟག་པ་འདི་ཉིད་ལ་རྒྱ་ནག་གི་རིག་གནས་ཀྱི་ཤན་ཤུགས་ཆེན་པོ་ཐེབས་ཡོད་ཅིང་། ཐ་ན་ལག་པའི་མཛུབ་མོ་གསུམ་གྱིས་ནད་པའི་ལག་པའི་མཁྲིག་མཚམས་ཀྱི་ངོས་སུ་བརྟག་པ་ལ་“ཚོན་ཀན་ཆག་”ཅེས་རྒྱ་ནག་གི་སྐད་སྒྲ་སོར་བསྒྱུར་བྱས་ནས་ཐ་སྙད་དུ་གྲུབ་པ་ཡིན་པར་བཤད། གང་ལྟར་ཡང་ལག་པའི་མཁྲིག་མའི་རྩ་ལ་བརྟགས་ཏེ་ནད་ཀྱི་གནས་ཚུལ་ངོས་འཛིན་པའི་རིགས་པ་འདི་ཉིད་གནའ་སྔ་མོ་མི་ལོ་སྟོང་ཕྲག་ལྷག་གི་སྔོན་ནས་བོད་ལ་ཡོད་པ་ཞིག་ཡིན།
        རྩ་བརྟག་པའི་ཚུལ་ནི། སློབ་དཔོན་དཔའ་བོས། ལུས་ཀྱི་ཟུངས་ནི་ཟས་ཀྱི་རྒྱུན། །འཁོར་ལོ་བཞིན་དུ་ཡོངས་སུ་འཁོར། །ཞེས་པ་བཞིན་ལུས་ཀྱི་སྟོད་སྨད་ཀུན་ཏུ་བར་མེད་དུ་འཁོར་སྐྱོད་བྱེད་བཞིན་པའི་ཁྲག་དེ་ཉིད་རླུང་མཁྲིས་བད་ཀན་སོགས་ནད་ཀྱི་ཁམས་མི་འདྲ་བས་མགྱོགས་དལ་གྲིམ་ལྷོད་སྟོང་ཁེངས་སོགས་རྩའི་འཕར་ཚུལ་ཡང་མི་འདྲ་བ་འབྱུང་ཞིང་། དེ་ལྟ་བུའི་རྩའི་འཕར་ཚུལ་ལ་སྨན་པ་མྱོང་གོམས་དང་ལྡན་པ་དག་གིས་བརྟགས་ན་ནང་གི་དོན་སྣོད་བཅུ་གཉིས་སོགས་ཀྱི་རྣམ་པར་གྱུར་པའི་ནད་ཀྱི་ཁམས་ཀྱང་གསལ་པོར་ངོས་ཟིན་ཐུབ་པ་ཡིན། དེ་ལྟ་བུའི་ཚུལ་ཡང་། ཕྱི་རྒྱུད་རྩ་མདོ་ལས། ཚོན་ཀན་ཆག་གསུམ་རྒྱུ་བ་བཅུ་གཉིས་ཀྱིས། །སྟོད་སྨད་དོན་སྣོད་བྱེ་བྲག་གར་བབ་བརྟག །ཅེས་དང་། ཡང་རྗེ་བཙུན་གཡུ་ཐོག་པ་ཆེན་པོས། །རྒྱུགས་རྩ་ཁོང་སྟོང་ཡངས་པའི་ནང་། ། དོན་སྣོད་བཅུ་གཉིས་རྩ་རྣམས་འཚོ། །རྦ་རླབས་ཕྲེང་བ་ཇི་བཞིན་དུ། །མ་འདྲེས་སོ་སོར་རྒྱུ་བ་ཡོད། །ངོ་བོ་རླུང་ཁྲག་བྱེད་ལས་ཡིན། །ཐ་སྙད་རྩ་ལ་བརྟག་ཅེས་བྱ། ཞེས་གསུངས་པ་བཞིན་ནོ། །
        དེ་ལྟར་རྩ་ལ་བརྟག་པའི་སྐབས་སྨན་པ་དང་ནད་པ་གཉིས་ཀྱི་གཟབ་དགོས་པ་དང་། ཤེས་དགོས་ངེས་ཀྱི་གནད་དོན་མང་དུ་ཡོད་ཀྱང་འདིར་སྐབས་སུ་བབ་པ་ནད་པའི་ངོས་ནས་བསྒྲུབ་དགོས་པའི་དོན་གནད་འགའ་ཞིག་བཤད་རྒྱུ་ཡིན།
        དེ་ཡང་ཕྱི་མ་རྒྱུད་ལས། དང་པོ་སྔོན་འགྲོ་ཟས་སྤྱོད་བསླབ་པ་ནི། །ཤ་ཆང་ལ་སོགས་དྲོད་བཅུད་དྲག་པོ་དང་། །འཇུ་དཀའ་བསིལ་ཆེས་ནད་གཞི་འཁྲུག་པ་སྤང་། །འགྲངས་ཆེས་ལྟོགས་ཆེས་ཉལ་པོ་གཉིད་ཆག་དང་། །སྨྲ་བརྗོད་སེམས་ལས་འགྲོ་འདུག་སྤངས་ཏེ་བརྟག །དེ་ཡིས་འདུ་བ་རྣམ་གསུམ་མི་འཁྲུག་གསལ།། གློ་བུར་དུ་ཡང་དབུགས་མལ་ཚུད་པ་དང་། །རྩ་དཔང་རྐྱེན་གྱིས་མ་བཏེགས་གཅེས་པ་ཡིན། །ཞེས་བརྟག་བྱ་ནད་པའི་ངོས་ནས་ཟས་སྤྱོད་བསླབ་པར་དོགས་ཟོན་བྱེད་དགོས་པའི་རྩ་དོན་བཅུ་གསུམ་བསྟན་ཡོད་ལ། རྩ་ལྟ་བའི་དུས་ཀྱི་སྔ་ནུབ་མོ་ནས་ཟས་སྤྱོད་རྐྱེན་གྱིས་ལུས་ཀྱི་ཉེས་གསུམ་གློ་བུར་དུ་འཕེལ་ཟད་འཁྲུགས་པའི་ངོ་བོར་གྱུར་འགྲོ་བས་རྩ་མ་བལྟས་པའི་སྔོན་གྱི་ཉིན་ནས། ཤ་ཆང་ལ་སོགས་པ་དྲོད་བཅུད་དྲག་པོ་ཅན་གྱི་བཟའ་བཏུང་བསྟེན་དྲགས་ན་རྩ་ལ་བརྟག་སྐབས་ཚ་བའི་རང་བཞིན་ཅན་གྱི་རྩ་ལྟར་དྲག་རྒྱས་སོགས་སུ་བསྒྱུར་འགྲོ་བ་དང་། དེ་ཡང་བཟའ་བཅའ་འཇུ་དཀའ་བ་དང་བསིལ་ཆེས་པ་བསྟེན་དྲགས་ན་གྲང་བའི་ནད་གཞི་ཅན་གྱི་རྩ་ལྟར་ཞན་པ་སོགས་ཀྱི་རྩར་བསྒྱུར་འགྲོ་བས་བཟའ་བཅའ་དྲོད་བཅུད་ཅན་དང་། འཇུ་དཀའ་བ་དང་བསིལ་བའི་རིགས་བསྟེན་པ་སྤང་དགོས་པ་དང་། བསིལ་དྲོད་སྙོམས་ཤིང་འཇུ་སླ་བ་རང་གི་ལུས་ཁམས་ལ་འཕྲོད་པའི་བཟའ་བཏུང་གི་རིགས་བསྟེན་དགོས། བཟའ་བཏུང་གིས་ཧ་ཅང་འགྲངས་ཆེས་ན་ཚ་བའི་རྩ་དང་རྗེས་མཐུན་དུ་འགྱུར་འགྲོ་བ་དང་། ཧ་ཅང་ལྟོགས་ཆེས་ན་རྩ་དཔང་དམའ་ལ་ཞན་པས་གྲང་བའི་རྩ་དང་རྗེས་མཐུན་དུ་འབྱུང་བ་དང་། དེ་བཞིན་དུ་ཉལ་པོ་སྤྱོད་པ་སྟེ་ཕོ་མོ་འཁྲིག་པར་སྤྱོད་པ་དང་། གཉིད་ཆག་པ་སྟེ་དུས་ལྟར་ངལ་གསོ་མ་ཐུབ་པ། སེམས་ལ་འདྲ་མིན་སྣ་ཚོགས་དྲན་ཏེ་སེམས་ཀྱི་ལས་མང་དུ་བྱས་པ། སྨྲ་བརྗོད་མང་དུ་བྱས་དྲགས་ཏེ་ངག་གི་རྩོལ་བ་ཚད་ལས་བརྒལ་བ་བྱས་པ་སོགས་ཀྱིས་རླུང་གི་ཁམས་འཁྲུགས་ཏེ་རླུང་གི་ནད་ཅན་གྱི་རྩ་དང་རྗེས་སུ་མཐུན་པ་འབྱུང་བ་སོགས་ཀྱིས་ཟས་སྤྱོད་ཀྱི་རྐྱེན་དེ་དག་སྤང་དགོས་སོ། །
        གལ་སྲིད་གློ་བུར་བའི་རྐྱེན་སོགས་ཀྱིས་དེ་ལྟར་མ་ནུས་པར་རྩ་བརྟག་དགོས་པ་བྱུང་ན། ནད་པ་གང་ཉིད་ཀྱིས་དབུགས་མལ་གསོས་ཏེ་དབུགས་ལྷོད་ལ་བབ་རྗེས་གཞི་ནས་བརྟག་དགོས་ཤིང་དབུགས་རྒྱུགས་པ་དང་རྒོད་པ་སོགས་ཀྱིས་རྩ་ཡང་ངོ་བོ་གཞན་དུ་བསྒྱུར་ནས་ནད་ཀྱི་གནས་ཚུལ་ཅི་ལྟ་བ་བཞིན་དུ་རྟོགས་མི་ཐུབ་བོ། །
        དེ་བཞིན་དུ་གློ་བུར་བའི་རྐྱེན་གྱིས་རྩ་བརྟག་དགོས་པ་ཕུད་པའི་རྒྱུན་ལྡན་ལྟར་ན་རྩ་བལྟ་བའི་དུས་ཚོད་ནི། ཕྱི་མ་རྒྱུད་ལས། བལྟ་དུས་མཁའ་ལ་ཉི་ཤར་ཀླུངས་མ་ཕེབས། །ནང་དབུགས་དྲོན་མོ་ཕྱིར་མ་རྒྱུས་པ་དང་། །ཕྱི་དབུགས་གྲང་མོ་ནང་དུ་མ་ཤོར་བ།། མལ་ནས་མ་མགུལ་ཁ་ཟས་མ་ཟོས་པའི། །གདགས་སྲིབ་དབུགས་སྙོམས་རྩ་མལ་གནས་དུས་བལྟ། །ཞེས་གསུངས་པ་སྟེ། མཁའ་ལ་ཉི་མ་ཤར་ནས་ས་གཞི་ཀླུངས་སུ་ཉི་འོད་མ་སླེབས་པའི་ནམ་ལངས་ཀྱི་དང་པོ་དང་། སྨྲ་བརྗོད་དང་འགྲོ་སྐྱོད་སོགས་ཀྱི་ཁོག་པའི་ནང་གི་དབུགས་དྲོན་མོ་རྣམས་ཕྱིར་ཡུན་རིང་དུ་མ་རྒྱུས་པ་དང་། ཁ་སྣར་ཕྱི་རོལ་གྱི་མཁའ་རླུང་གྲང་མོ་རྣམས་ནང་དུ་མ་ཤོར་བ་དང་། རང་གི་མལ་ས་ནས་མ་འགུལ་བར་བསྡད་ཅིང་སྨན་པ་ཚུར་གདན་དྲངས་ནས་བལྟ་དགོས་པར་གསུངས་ཀྱང་དེང་སང་དེ་ལྟར་ཡོང་དཀའ་མོད། ནད་སྡོད་སྨན་བཅོས་བྱེད་བཞིན་པའི་ནད་པ་ཡིན་ན་དེ་ལྟར་དུ་བྱས་ན་ཡང་འགྲིག གདགས་ཞེས་སྐབས་འདིར་ཚ་བའི་ཁམས་དང་སྲིབ་ཅེས་གྲང་ཁམས་སྙོམས་པ་སྟེ་ཚ་གྲངས་དབུགས་སྙོམས་པའི་དུས་དེར་ནད་པའི་རྩ་ལ་བལྟས་ན་རྐྱེན་གཞན་གྱིས་མ་བསྒྱུར་བར་ནད་ཀྱི་རང་བཞིན་ཅི་ལྟ་བ་བཞིན་དུ་རྩ་བརྟག་པས་ཤེས་ཐུབ་པ་ཡིན་ནོ། །
        དེ་ལྟར་བལྟ་དགོས་པར་ཡང་སྟོང་ཐུན་ངེས་ཤེས་སྒོ་འབྱེད་ལས། སྨན་པ་མཁས་པས་རྩ་བལྟ་ཚེ།། ཁྱད་ཆོས་དྲུག་ལྡན་དུས་སུ་བརྟག།།སྲིབས་ནུས་གྲང་ཁམས་མི་བསྐྱེད་ཕྱིར། །ནམ་མཁར་ཉི་ཤར་དུས་སུ་བརྟག།།གདགས་ནུས་དྲོད་ཁམས་མི་བསྐྱེད་ཕྱིར། །ཉི་ཟེར་ཀླུང་མ་ཕེབས་དུས་བརྟག།།ཚ་རྩའི་མངོན་ཚུལ་མི་འབྱུང་ཕྱིར། །སྨྲ་དབུགས་མ་རྒོད་དུས་སུ་བརྟག། གྲང་རྩའི་མངོན་ཚུལ་མ་འབྱུང་ཕྱིར། །ཁ་སྣར་རླུང་མ་ཕོག་དུས་བརྟག།།ལུས་འགུལ་རྩ་ཡི་རྒྱུད་འཁྲུགས་པས། །མ་འགུལ་ལུས་མལ་གནས་དུས་བརྟག།།ཟས་ཀྱི་ནུས་པས་རྩ་རྒྱུད་འགྱུར། །དེ་ཕྱིར་ཟས་མ་ཟོས་དུས་བརྟག།།དེ་ལྟར་གདགས་སྲིབས་དབུགས་སྙོམས་ཤིང་། །
        སྐྱོན་མེད་རྩ་མལ་གནས་པའི་དུས། །བརྟག་ཚེ་ནད་ཅན་ནད་མེད་ཀྱི། །འཁྲུལ་མེད་ཁ་དམར་གདགས་པར་ནུས། །ཞེས་གསུངས་པ་བཞིན་ཡིན་པས་མི་སུ་དང་གང་ཞིག་ཡིན་རུང་སྨན་པའི་སར་ལག་རྩ་སྟོན་པའི་ཚེ་གོང་དུ་སོང་བའི་ཟས་སྤྱོད་བལྟ་དུས་རྣམས་ཀྱི་སྤང་བླང་ཤེས་པ་གལ་ཆེའོ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1