གཙོ་ངོས།>> ཞིབ་འཇུག>>ཀུན་འདུས།

ཁྱུང་ཕྲུག་བློ་བཟང་དར་རྒྱས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་དེབ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༡༡ཚེས་༠༣ཉིན།

༄༅།། སྨྲ་སེང་ཤེས་རབ་རྒྱ་མཚོའི་རྩོད་ཡིག་སྐོར་གྱི་རིག་གཞུང་བསམ་བློའི་དཔྱད་པ་སོར་རྩེའི་ཟླ་བའི་རྟོག་དཔྱོད།


ཁྱུང་ཕྲུག་བློ་བཟང་དར་རྒྱས།
      གནད་བསྡུས། དཔྱད་རྩོམ་འདིར་གཏམ་གླེང་རང་བཞིན་གྱི་ཚུལ་དུ་སྨྲ་སེང་ཤེས་རབ་རྒྱ་མཚོ་དང་ཁོང་གི་རྩོད་ཡིག་ཆེན་པོ་རྣམ་གཉིས་ཏེ་བདེན་བཞིའི་རྩོད་ཡིག་བསྐལ་བའི་མེ་དཔུང་དང་། ཀླུ་དགོངས་རྩོད་ཡིག་མི་འཇིགས་སེངྒེའི་ང་རོ་གཉིས་ཀྱི་འབྱུང་རྐྱེན་མཐར་ཐུག་དང་རྩོམ་པའི་ལུང་རིགས་ཀྱི་སྤྲོ་སྟངས། དེ་ལ་བརྟེན་པའི་ཁོང་གི་རིག་གཞུང་བསམ་བློའི་སྙིང་སྟོབས་བཅས་ལ་གདེང་འཇོག་བྱས་འདུག
      གནད་ཚིག རྡོ་སྦི ས་ཤེས་རབ་རྒྱ་མཚོ། དགག་ལན་བསྐལ་བའི་མེ་དཔུང་། མི་འཇིགས་སེངྒེའི་ང་རོ། ཀླུ་སྒྲུབ་དགོངས་རྒྱན།
      [ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] B81-09 [ཡིག་ཚང་མཚོན་བྱང་།]A [རྩོམ་གི་གོ་རིམ་ཨང་སྒྲིག] 1005-5746(2019)01-048-21
དང་པོ། སྨྲ་སེང་ཤེས་རབ་རྒྱ་མཚོའི་རྣམ་ཐར་གླེང་སྟེ་མཚམས་སྦྱོར་བ།
      དེ་ཡང་རྗེ་ཤེས་རབ་རྒྱ་མཚོ་ནི་ཁ་བའི་ལྗོངས་ལ་ཉེ་རབས་སུ་བྱོན་པའི་བོད་ཀྱི་མཁས་པ་གྲགས་ཅན་ཞིག་རེད། ཁོང་ནི་ཨ་མདོའི་སའི་ཁོངས་གཏོགས་མཚོ་སྔོན་རྡོ་སྦིས་ཧོར་སྤྲེལ་བ་དར་གྱི་རིགས་ལས་ཡབ་ལྷ་ལུང་སྐྱབས་དང་ཡུམ་ལྷ་ལུང་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ཤིང་ཕོ་སྤྲེལ་ལོའི་ས་ག་ཟླ་བ་ཡར་ངོའི་རྒྱལ་བ་གཉིས་པའི་ཚེས་ལ་སྐུ་འཁྲུངས་པ་རེད། ད་ལྟའི་སྤྱི་ལོ་ལྟར་བྱས་ན། སྤྱི་ལོ་1884ལོར་འཁྲུངས་ཤིང༌། སྤྱི་ལོ1968ལོར་སྐུ་མྱ་ངན་ལས་འདས། ཁོང་ནི་སྤྱི་ཚོགས་གསར་རྙིང་གཉིས་ཀྱི་བར་མཚམས་དེར་འཚོ་གཞེས་གནང་པའི་བོད་ཀྱི་དགེ་བཤེས་ཆེན་པོ་ཞིག་ཡིན་པ་མ་ཟད། ཉེ་དུས་སུ་ང་ཚོ་ཚང་མར་ཐག་ཉེ་བ་དང་ཡང་ན་འདྲིས་ཆ་ཡོད་པའི་རིག་གནས་པའི་སྡེ་ཡི་མཁས་པ་གསལ་ཆ་ཅན་དང་འདྲིས་ཆ་ཅན་ཞིག་རེད་ཅེས་བཤད་ནའང་ཆོག་པ་ཡིན། ཁོང་གི་རྣམ་ཐར་ཤེས་ལྡན་ཕལ་མོ་ཆེར་འདྲིས་མྱོང་ཡོད་པ་རེད། དེ་བས། འདིར་རྣམ་ཐར་གྱི་ཆ་ནས་གནད་ཅན་འགའ་རེ་བླངས་ཏེ་ཉུང་ཉུང་ཞིག་བཤད་པས་ཆོག་པར་བྱ། དེ་ནས་དངོས་སུ་ད་ཐེངས་ཀྱི་སྐབས་སུ་བབ་པའི་བརྗོད་དོན་སྐོ ར་ནས་མང་པོ་ཞིག་རྩལ་འདོན་བྱས་ན་ལེགས་པོ་རེད་སྙམ།
      ཁོང་སྐུ་འཁྲུངས་ནས་དགུང་ལོ་ལྔ་བཞེས་དུས་རབ་བྱུང་དང་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་བཞེས་ནས་རྡོ་སྦིས་གྲྭ་ཚང་ལ་ཞུགས། དེ་ནས་བཟུང་སྐུ་ཚེ་གཅིག་གི་སློབ་གཉེར་དང་རིག་གནས། ཡང་ན་ཡོན་ཏན་གྱི་མགོ་དེ་ནས་བརྩམས་པ་རེད། དགེ་བཤེས་ལྷ་རམས་པ་ནོར་བུ་རིན་པོ་ཆེ་ཚང་གི་དྲུང་ནས་རབ་ཏུ་བྱུང་བ་དང་འདོན་ཆོས་སྤྱོད་ལ་སོགས་པར་སྦྱངས་པ་མཛད། དེ་ཡང་ཕྲན་ཆུང་ཁོ་བོའི་དགེ་རྒན་བཀའ་དྲིན་ཅན་བློ་བཟང་བསྟན་འཛིན་ཞལ་སྔ་ནས་ཀྱི་གསུང་སྒྲོས་ཤིག་ལ། དགེ་རྒན་དེ་བ་ཚང་གིས་རྡོ་སྦིས་དགེ་བཤེས་ཚང་དགུང་ལོ་ལྔ་དྲུག་གི་སྐབས་སུ་གསུང་རྒྱུན་འདི་འདྲ་ཞིག་ཡོད་དེ། མིའུ་ཕྲུག་འདི་ལག་ཆགས་ན་རྡོ་སྦིས་ལུང་པར་ཤོངས་དཀའ་བས་མི་ཚད། བོད་ཁ་བའི་ལྗོངས་ལའང་མི་ཤོངས་པའི་མཁས་པ་ཞིག་ཏུ་འགྱུར་ངེས། ཞེས་པའི་མ་འོངས་འབྱུང་འགྱུར་གྱི་གསུང་ཡོད་པར་བཤད། ཁོང་གི་སྐུ་ཡི་མཛད་པར་བལྟས་ཚེ་སྐྱེས་བུ་དམ་པའི་གསུང་དེ་དངོས་གནས་དོན་ཐོག་ལ་བབ་ཡོད་པ་དང་ལུང་བསྟན་ཙམ་པོ་ཞིག་མ་ཡིན་པ་མངོན་སུམ་བདེན་པ་རེད། ཁོང་ཆུང་དུས་ནས་ལྷན་སྐྱེས་ཀྱི་ཤེས་རབ་འབར་བ། ཡང་ན་བག་ཆགས་ལྷན་སྐྱེས་སུ་གྲུབ་པ་ལྟ་བུའི་སྐྱེ་མཐའ་ཅན་ཞིག་ཡིན་པ་ཕྱིས་སུ་བདེན་དཔང་བྱུང་བ་ཤེས་ཐུབ། དེ་ནས་རིམ་བཞིན་རྡོ་སྦིས་གྲྭ་ཚང་གི་ཆོས་སྡེར་ཞུགས་ནས་སུམ་པ་ལྷ་རམས་པ་ཐོགས་མེད་ཀྱི་མདུན་ནས་ཡི་གེ་འབྲི་ཀློག་དང་ཆོས་སྤྱོད་ལ་སོགས་པར་སྦྱངས་པ་མཛད། དགུང་ལོ་བཅུ་དྲུག་གི་སྟེང་ཆོས་སྡེ་ཆེན་མོ་བླ་བྲང་བཀྲ་ཤིས་འཁྱིལ་དུ་སློབ་གཉེར་ལ་ཕེབས་པ་དང༌། དགེ་བཤེས་ཆེན་པོ་ཨ་ཁུ་ཐེ་བོ་དཀོན་མཆོག་ཚང་གི་མདུན་ནས་ཐོག་མར་བསྡུས་གྲྭ་ནས་བཟུང་སྟེ་བློ་རྟགས་དང་འགྲེལ་པ་དོན་གསལ། རྒྱན་འཇུག་ལ་སོགས་པའི་གཞུང་མང་པོའི་ཚོགས་རྒྱུགས་སྤྲད་པ་དང༌། དེ་ནས་དེ་དག་གི་རྩོད་རྒྱུགས་ལ་རིམ་པ་བཞིན་དུ་བརྒྱུད་པས་དཔེ་ཆ་བ་རིག་ཡག་ཅེས་མཚན་སྙན་གྱི་མེ་ཏོག་རྒྱས་པར་གྱུར།
      ཁྱད་པར་དུ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་མཁས་པའི་གཙུག་རྒྱན་རྣམ་གཉིས་ཀྱི་ཡ་གྱལ་ཨ་ཁུ་རིན་པོ་ཆེ་གུང་ཐང་བློ་གྲོས་རྒྱ་མཚོ་ཚང་ལ་བསྟེན་ནས་ཕར་ཚད་དབུ་མཛོད་མངོན་པ་འདུལ་བ་སོགས་གཞུང་ལུགས་མང་པོར་སྦྱངས། ཁོང་གི་བཀའ་རྩོམ་པཎ་ཆེན་ཡོངས་འཛིན་དགེ་བཤེས་འཇིགས་མེད་ཚང་ལ་གནང་བའི་འཕྲིན་ཡིག་ཏུ། ཨ་ཁུ་བློ་གྲོས་སྨྲ་བའི་ཁྱུ་མཆོག །ཨ་ལགས་བླ་ཁོ་བསྟན་པའི་སྲོག་ཤིང༌། །ཨ་དེ་གཉིས་ལ་ཕྱོགས་རིས་སྤངས་ནས། །ཨ་ཨུ་མ་གསུམ་འཛོམས་པར་མཛོད་ཅིག །[1]ཅེས་གསུངས་པ་ལྟར་དེ་དུས་སྨྲ་བའི་སེང་ཆེན་ཨ་ཁུ་གུང་ཐང་བློ་གྲོས་རྒྱ་མཚོ་དང་བསྟན་པའི་སྲོག་ཤིང་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡོངས་འཛིན་ཨ་ལགས་བླ་ཁོ་རིན་པོ་ཆེ་འཇིགས་མེད་འཕྲིན་ལས་རྒྱ་མཚོ་རྣམ་གཉིས་ནི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་མཁས་རྒུའི་གཙུག་རྒྱན་དུ་གྱུར་ཡོད་པའི་སྐབས་ཡིན་ནོ། །དེ་ལྟར་གོང་ཞུས་བཞིན་ཁོང་གིས་ཨ་ཁུ་རིན་པོ་ཆེ་གུང་ཐང་བློ་གྲོས་ཚང་གི་མདུན་ནས་བཀའ་པོད་ལྔས་གཙོས་རིག་གཞུང་མང་པོར་སློབ་གཉེར་གནང་བ་རེད། དེ་ནས་དགེ་རྒན་རིན་པོ་ཆེ་ཨ་ཁུ་གུང་ཐང་བློ་གྲོས་ཚང་གིས། ཁྱོད་འདིར་བསྡད་ན་ཁྱོད་ཀྱི་ཤེས་རབ་ཕུན་སུམ་ཚོགས་པ་དེ་ལད་རྒྱུ་རེད། དེ་བས་དབུས་སུ་ཕེབས་ན་དགོས་དོན་ཆེ་ཞིང་བསྟན་འགྲོར་ཕན་པ་རྒྱ་ཆེན་པོ་འབྱུང་བར་འགྱུར། ཞེས་གསུངས་པ་དང༌། ཨ་ལགས་སྒོ་མང་ཚུལ་ཁྲིམས་རྒྱ་མཚོས་ཀྱང༌། དབུས་སུ་ཕྱིན་ན་ཤིན་ཏུ་ལེགས་པས་དམིགས་བརྩེ་མ་འབུམ་ཐེར་གཅིག་འཕྲལ་སྒྲུབ་ཀྱིས་སོང་དང་ལེགས་ལམ་ཆེ།[2] ཞེས་གསུངས་པ་རྣམས་ལ་བརྟེ ན། མཁས་པ་ཞིག་ཡིན་ན། རྒྱ་མཚོ་ཆུ་ཡིས་མི་ངོམས་ཤིང༌། །མཁས་པ་ཡོན་ཏན་གྱིས་མི་ངོམས། །ཞེས་ཀྱང་གསུངས་པ་ལྟར། ཁོང་གི་རྩོད་ཟླ་དང་ཡོན་ཏན། ཡང་ན་རིག་པའི་གནས་སོགས་གང་ཅིར་ཐུགས་དེ་ཙམ་མ་ཚིམས་པས་གྲྭ་ས་རྒྱ་མཚོ་ཆེན་པོ་ཞིག་ལ་བསྙེག་པར་བྱ་དགོངས་ནས། དགུང་ལོ་ཉེར་གཅིག་ཡས་མས་སུ་གངས་ཅན་མཁས་པའི་འབྱུང་གནས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞུགས། དེའི་སྐབས་སུ་མཁས་པའི་དབང་པོ་མཆོག་གྲུབ་དཀར་པོ་ཚང་དང་བླ་མ་འབུལ་སྡུད་རིན་པོ་ཆེ་ལ་སོགས་པ་བསྟེན་ནས་གཞུང་ལུགས་རྒྱ་མཚོ་ལ་ཡང་བསྐྱར་སྦྱངས་པ་མཛད་ཅིང་མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་ལ་མངའ་བརྙེས། དེ་ནས་མཚན་སྙན་གྱི་བ་དན་དགུང་ལ་འབར་ནས་ཁོང་ལ་དགེ་བའི་བཤེས་གཉེན་ཆེན་པོའི་མཚན་སྙན་ཐོགས་མགོ་བརྩམས། ཁོང་ནི་གཞུང་ལུགས་རྐྱང་རྐྱང་སྦྱངས་མཁན་དང་ཡང་ན་ནང་བསྟན་གཞུང་ལུགས་གཅིག་པུར་སྦྱངས་པ་གནང་མཁན་ཞིག་མ་རེད། ཁོང་གིས་ཞར་ཞོར་དུ་ཐ་སྙད་ཀྱི་རིག་གནས་སྦྱངས་པའི་ལོ་རྒྱུས་མང་པོ་ཡོད་པ་ཁོང་གི་བརྩམས་ཆོས་དང་རྣམ་ཐར་དུ་གསལ། དེ་མིན་ཁོང་གི་བློ་འཛིན་ཡང་དྲང་ངེས་ལེགས་བཤད་སྙིང་པོ། ལེགས་བཤད་གསེར་གྱི་ཕྲེང་བ་ཉིན་རེར་མདའ་ཚད་མ་བདུན་རེ་ཆག་མེད་དུ་བཟུང་བས་གཞུང་ཆེན་མང་པོ་འཛིན་སྟོབས་ཀྱི་ཆ་ནས་ཀྱང་འགྲན་ཟླ་བྲལ་བ་ཡོད་པའི་ལོ་རྒྱུས་ཀྱང་ཡོད། བླ་མ་འབུལ་སྡུད་རིན་པོ་ཆེའི་མདུན་ནས་ལེགས་སྦྱར་དང་གཞུང་ལུགས་ཆེན་མོ་མང་དུ་སྦྱངས་ཤིང་འཇམ་དཔལ་དགྱེས་པའི་བློ་གྲོ ས་ཞེས་པའི་ཀུན་བཤད་ཀྱི་མཚན་ཡང་གསོལ།
      སྐབས་དེ་ཤེད་ཅིག་ལ། བླ་མ་རིན་པོ་ཆེ་ནས་ཁོང་ལ་ད་ལྟ་དབུ་མ་ཐལ་འགྱུར་བའི་ལུགས་ལ་རང་རྒྱུད་ཀྱི་རྟགས་ཡོད་མེད་ཀྱི་བཤད་ཚུལ་ཆེན་པོ་གཉིས་ཡོད་ན། ཉིད་ཀྱིས་ཡོད་ན་ཡོད་ལུགས་དང་མེད་ན་མེད་ལུགས་ཀྱི་རྒྱུ་མཚན་རྣ་བར་འགྲོ་ངེས་ཤིག་བཤད་བྱུང་ན་ཡུལ་ལུགས་དང་མཐུན་པའི་མཎྜལ་འབུལ་ངེས་ཡིན་ཞེས་གསུངས་པ་ལ། རྗེ་ཤེས་རབ་རྒྱ་མཚོའི་ཞལ་ནས། ཐལ་འགྱུར་བའི་ལུགས་ལ་རང་རྒྱུད་ཀྱི་རྟགས་ཡོད་ན་རང་བཞིན་དུ་གྲུབ་པའི་རྟགས་ཡོད་དགོས་ཤིང༌། དེ་ཡོད་ན་རང་བཞིན་གྱིས་གྲུབ་པའི་ཚུལ་གསུམ་ཡོད་དགོས། དེ་ཡོད་ན་རང་བཞིན་གྱིས་གྲུབ་པའི་དམ་བཅའ་ཡོད་དགོས། དེ་ཡོད་ན་རང་བཞིན་གྱིས་གྲུབ་པའི་སྦྱོར་བ་ཡོད་དགོས། དེ་ལྟར་ན་ལམ་རིམ་ཆེན་མོ་ལས། རང་རྒྱུད་ཁས་ལེན་ན་རང་མཚན་ལ་ཚད་མར་གྱུར་པའི་ཚད་མ་རྒོལ་བ་གཉིས་ཀས་མཐུན་སྣང་དུ་ཁས་བླངས་ནས་དེས་གྲུབ་པའི་ཚུལ་གསུམ་གཉིས་ཀ་ལ་གྲུབ་པས་བསྒྲུབ་བྱ་བསྒྲུབ་དགོས་ལ། དེ་ལྟར་ན་ཚད་མ་དེ་མེད་པས་ཆོས་ཅན་ལ་སོགས་པ་རྣམས་མ་གྲུབ་པར་འགྱུར་རོ། །[3]ཞེས་དང༌། ཡང་དེ་ལས། རང་བཞིན་གྱི་དམ་བཅའ་ཡོད་ན་རང་རྒྱུད་པར་འགྱུར་རོ་ཞེས་པའི་དོགས་པ་སྐྱེ་བ་ནི་ཤིན་ཏུ་བདེན་པ་ཞིག་སྟེ། འདི་ནི་ཆེས་ཤིན་ཏུ་ཕྲ་བའི་དཀའ་གནད་དུ་སྣང་བའི་ཕྱིར་རོ། །[4]ཞེས་གསུངས་པའི་ཕྱིར་རོ། །ཞེས་ལུང་རིགས་གཉིས་ཆར་གྱིས་བསྒྲུབས་སོ། །
      ད་དུང་དཔྱད་ཚུལ་གཞན་ཞིག་ལ། གཞན་རྒྱུད་ཀྱི་ཟླས་དྲངས་པའི་རང་རྒྱུད། ཁྱད་པར་ཅན་གྱི་ཟླས་དྲངས་པའི་རང་རྒྱུད་སོགས་ཀྱང་དེའི་ལུགས་ལ་ངེས་པར་ཁས་ལེན་དགོས་པ་ལྟ་བུར་འདུག་ན། མཐའ་གཅིག་ཏུ་དགག་བྱ་ལ་སྦྱར་བའི་ཚུལ་གསུམ་སོགས་ལ་སྦྱོར་དགོས་པའི་ངེས་པ་མེད་པ་ལྟ་བུ་ཡང་མང་དུ་འཆར་ཞིང་ཞུ་བ་དེ་ལ་ཡུལ་ལུགས་དང་མཐུན་པའི་མཎྜལ་མི་དགོས་ཀྱི། རིགས་པས་དཔྱོད་ཚུལ་མང་པོ་ཞུས་པ་ལ་དགོངས་འགལ་མེད་པར་ཞུ།[5] ཞེས་ཞུས་པར་བླ་མ་འབུལ་སྡུད་རིན་པོ་ཆེ་ནས། འབྲུག་བརྒྱ་ཡིས་ལྷག་པའི་སེངྒེ་ཁྱོད། །ཅེས་སོགས་ཀྱི་ཞལ་རྩེད་ཀྱང་གནང་མྱོང་བ་ནི་མཁས་རློམ་སུས་ཀྱང་ཐག་མ་ཆོད་པའི་དཀའ་གནས་ལྷུག་པོར་བཀྲལ་པ་སྟེ ། རིགས་པའི་སེངྒེ་གླལ་བའི་གད་རྒྱངས་སོ། །
      དེ་ནས་དགུང་ལོ་སོ་གསུམ་ལ་བུད་དུས་མདོ་སྔགས་ཐུན་མོང་རིག་གནས་དང་བཅས་པའི་ལྷ་ལྡན་རབ་འབྱམས་པའི་དམ་བཅའ་བཞག དེ་ཡང་བསྡུས་ན་ལྷ་རམས་པ་ཞེས་ཟེར། ལྷ་རམས་པ་ཟེར་བ་ནི་བོད་ཁ་བ་ཅན་ལ་མཚོན་ན་བསླབ་གནས་ཀྱི་ཆ་ནས་ཆེས་མཐོ་ཤོས་དང་ཆེས་རྩེ་མོ་རེད། དེའི་སྟབས་ཀྱིས་ཁོང་གིས་ལྷ་རམས་པའི་བསླབ་གནས་ལ་དམ་བཅའ་བཞག་པ་རེད། དམ་བཅའ་འཇོག་དུས་ཀྱང་སྤྱིར་བཏང་གི་དམ་བཅའ་འཇོག་པ་ལྟ་བུ་མ་ཡིན་པར་མདོ་སྔགས་རིག་གནས་ཀུན་ལ་དམ་བཅའ་བཞག་ཡོད་པས་གོང་ས་རྒྱལ་དབང་བཅུ་གསུམ་པས་ཀྱང་གཟིགས་པ་ཆེན་པོའི་སྒོ་ནས་ན་བཟའ་ཆོས་གོས་དབུ་ཞྭ་སོགས་གནང་སྐྱེས་དང་བཅས། རིག་པའི་གནས་ལྔ་ལ་མཁས་པའི་ཨང་དང་པོ་འབྲས་སྒོ་ཀླུ་འབུམ་ལྷ་རམས་དགེ་བཤེས་ཤེས་རབ་རྒྱ་མཚོ་ཞེས་དམིགས་བསལ་གྱི་བསྔགས་བརྗོད་ཀྱི་ཡི་གེ་དང་ཆོ་ལོ་སོགས་སྔོན་མེད་ཀྱི་མཚན་སྙན་གྱི་མེ་ཏོག་གནང་བ་རེད།
དེ་ནས་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པས་ཁོང་ལ་བཀའ་ཡི་མེ་ཏོག་ཕབ་ནས་བོད་ཁ་བའི་ལྗོངས་ན་མ་གྲོས་གཅིག་མཐུན་གྱི་ཀུན་མཁྱེན་ཞིག་གི་བརྩམས་ཆོས་དཔར་ལ་བསྐྲུན་མ་ཐུབ་པར་ལུས་ཡོད་པའི་དཔེ་ཆའམ་ཡང་ན་ཀུན་མཁྱེན་བུ་སྟོན་རིན་པོ་ཆེ་ཡི་གསུང་རྩོམ་པོ་ཏི་ཉེར་དགུ་བཞུགས་པ་པར་དུ་བསྐྲུན་པ་ལ་ཞུ་དག་དང་དག་སྒྲིག་བྱེད་པའི་འགན་འཁྲི་སྩལ་པ་ཞལ་གྱིས་བཞེས། ད་ལྟའི་སྐད་ཆ་ལྟར་བཤད་ན་དཔེ་སྐྲུན་རྩོམ་སྒྲིག་གི་འགན་ཁོང་ལ་ཕུལ་བ་རེད། ཁོང་གིས་ཀུན་མཁྱེན་རིན་པོ་ཆེ་ཡི་གསུང་འབུམ་པར་གཞི་གསར་བཞེངས་ཀྱི་འགན་དེ་ལོ་མང་པོར་བསྒྲུབས་ཏེ་མཐར་ཕྱིན་མཛད་པ་མ་ཟད། བྱ ་བ་དེ་ལེགས་འགྲུབ་བྱུང་བའི་འབྲས་བུ་ཧ་ལས་ཤིང་ཕུན་སུམ་ཚོགས་པ་ཡིན་ནོ། །
      དེ་ནས་རྒྱལ་དབང་བཅུ་གསུམ་པས་ཡང་བསྐྱར་ཁོང་ལ་བསྟན་པའི་རྩ་བ་སྟོན་པའི་བཀའ་དང་བསྟན་བཅོས་གཉིས་ལས་བཀའ་འགྱུར་རོ་ཅོག་ལ་བོད་གངས་ཅན་ན་དཔར་གཞི་མི་འདྲ་བ་མང་པོ་ཞིག་ཡོད་པ་དང༌། དེ་དག་གི་ཁྲོད་ན་བརྡ་གསར་རྙིང་གི་དབང་གིས་མིང་བརྡའི་ཡི་གེ་མི་འདྲ་བ་དང་བམ་ཚད་དང་ཤུ་ལོག་མི་འདྲ་བ། ཡང་ན་ཚིག་སྦྱོར་གྱི་ཆ་ལ་ལྷག་ཆད་འཁྲུགས་གསུམ་སོགས་མི་འདྲ་བ་མང་པོ་བྱུང་ཡོད། དེ་བྱུང་བའི་རྒྱུ་མཚན་གྱི་རྩ་བའང་གཙོ་བོ་དེ་ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར་དུས་ཀྱི་འགྱུར་གྱི་ཚད་གཞིའི་ཁྱད་པར་དང་དཔར་ལ་འདེབས་དུས་རྩོམ་སྒྲིག་པ་དང་ཞུས་ཆེན་པས་འཐུས་ཤོར་བྱུང་བར་བཅུག་པ་སོགས་ཀྱི་གནས་ཚུལ་གྱི་དབང་གིས་ཡིན་སྲིད་ཀྱི་རེད། དགེ་བཤེས་ཁོང་ནི་མདོ་སྔགས་ཀྱི་གཞུང་ལུགས་ཀུན་ལ་གཞན་དྲིང་མི་འཇོག་པར་མཁས་པ་མ་ཟད། ཐ་སྙད་རིག་གནས་ཀུན་ལ་ཁྱད་མེད་དུ་བྱང་བར་མཁྱེན་པས་ཁོང་ལ་རྒྱལ་བའི་བཀའ་འགྱུར་གསར་བཞེངས་ཀྱི་འགན་དེ་གནང་བ་རེད།
      དེ་ལྟར་ལོ་ངོ་བརྒྱད་ཀྱི་རིང་ལ་བཀའ་འགྱུར་གསར་བཞེངས་ཀྱི་ལས་དོན་ལ་འབད་པ་ལྷོད་མེད་བྱས་ནས་བོད་གངས་ཅན་ལྗོངས་ཀྱི་རིག་གནས་ལ་བྱས་རྗེས་བླ་མེད་བཞག་པ་རེད། དེའི་རྒྱུ་མཚན་ཅི་ཡིན་ཟེར་ན། བོད་ཁ་བ་ཅན་གྱི་རིག་གཞུང་གི་རྩ་བ་དེ་གཙོ་བོ་ནང་བསྟན་རིག་གཞུང་འདི་ལ་ཐུག་ཡོད་པ་དང༌། ནང་བསྟན་རིག་གཞུང་གི་ཁུངས་གཏུགས་ས་དེ་ཡང་བཀའ་བསྟན་གཉིས་ལས་མ་འདས་པ་ཡིན་ལ། བཀའ་བསྟན་གཉིས་ལས་ཀྱང་རྒྱལ་བའི་བཀའ་ཉིད་ལ་ཐུག་ཡོད་པས་དེ་ལ་བྱས་གཟོ་ཇི་ལྟར་ཆེ་ན་སྤྱིར་རིག་པའི་གནས་ལ་བྱས་རྗེས་ཆེན་པོ་བཞག་ཡོད་ཅེས་བཤད་ན་འོས་ཤིང་འགྲུབ་པ་རེད། དེ་བས་ཁོང་གིས་ཞུ་དག་མཛད་པའི་བཀའ་འགྱུར་ལ་ཡུལ་གྲུ་ཀུན་ན་ད་ལྟའི་བར་ཞོལ་བཀའ་འགྱུར་ཞེས་མཚན་གྱིས་བསྙེ མས་པ་ཡིན་ནོ། །
      ཞོལ་བཀའ་འགྱུར་ནི་ཁོང་གི་སྐུ་ཡོན་གྱི་སྟོབས་ཤུགས་དང་གྲུབ་ཆ་དེ་ལ་བརྟེན་ནས་གྲུབ་པས་ད་ལྟ་ཡིན་ནའང་བཀའ་འགྱུར་གྱི་དཔར་གཞི་ཡོད་ཚད་ལས་ཆེས་རྩེ་མོ་རུ་གྱུར་ཡོད་པའི་རྩ་བའང་དེ་ལ་ཐུག་ཡོད། དེའི་ཕྱིར་དེང་གི་དུས་སུ་འཛམ་གླིང་ཡོངས་ན་བཀའ་འགྱུར་གྱི་ཞུས་དག་གི་ཁུངས་གཏུགས་ས་དང་ཚད་ལྡན་དུ་འཇོག་ས་དེ་ཞོལ་བཀའ་འགྱུར་བརྩི་བཞིན་པས་དེ་དཔར་དུ་འདེབས་པ་དང༌། ཡང་ན་བླུ་བ་དང་སྤེལ་བ་སོགས་གཞན་པ་དག་དང་མི་མཚུངས་པར་བྱེད་པའང་གནད་ཀ་འདི་ལ་ཐུག་ཡོད། ཁོང་གིས་རིམ་པ་བཞིན་དུ་རིག་གནས་ཀྱི་བྱ་བ་མང་པོ་སྒྲུབ་པ་དང༌། དེ་མིན་ཁོང་གི་མཛད་པ་འཕྲིན་ལས་མང་པོ་ཡང་མཁས་པའི་ཞལ་ནས། གཙོ་བོའི་དོན་ལ་མི་བསླུའི་ཕྱིར། །གཞན་ལའང་རྗེས་སུ་དཔག་པ་ཡིན། །ཞེས་པ་བཞིན་གང་མཛད་བསྟན་འགྲོའི་གསོས་གཅིག་པུར་གྱུར་པ་སྨྲ་མ་དགོས།
      དེ་ཡང་ཞོལ་བཀའ་འགྱུར་འདི་ནི་ཕོ་བྲང་ཆེན་པོ་པོ་ཏ་ལའི་འདབས་ཞོལ་གངས་ཅན་ཕན་བདེའི་གཏེར་མཛོད་གླིང་དུ་བཞུགས་ཤིང་། པར་གཞི་འདི་ལ་གོང་དུ་ཞུས་པ་བཞིན་དགེ་བཤེས་ཁོང་ཉིད་གཙོས། མཚན་ཞབས་པ་སྟག་བྲག་ངག་དབང་གསུང་རབ་དང༌། སེར་སྨད་རྒྱལ་དབང་སྤྲུལ་སྐུ་ངག་དབང་ཆོས་ཀྱི་རྒྱལ་མཚན། མཚན་ཞབས་པ་ཚ་སྤྲུལ་ངག་དབང་བློ་བཟང༌། སེར་བྱེས་ཨོ་ཏོག་སྤྲུལ་སྐུ་བྱམས་པ་མཆོག་ལྡན། ལྷོ་པ་ཐུབ་བསྟན་གསུང་རབ། ཅོ་ནེ་དགེ་བཤེས་བློ་བཟང་རྒྱ་མཚོ་སོགས་མཁས་དབང་དུ་མས་ཞུ་དག་ལེགས་པར་མཛད་ཅིང༌། ནང་སྒོས་སུ་མཚན་ཞབས་པ་རྣམ་གཉིས་ཀྱིས་དཀར་ཆག་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོའི་བཀའ་གངས་ཅན་འདིར་འགྱུར་རོ་ཅོག་གི་གསུང་པར་འཛམ་གླིང་སྤྱི་ནོར་གྱི་དཀར་ཆག་ལེགས་བཤད་འཕྲུལ་གྱི་ལྡེ་མིག་ཅེས་བྱ་བར་གྲགས་པའང་མཛད། དེ་ཡང་དཀར་ཆག་དེ་ཉིད་ལས། གོང་ས་མཆོག་ནས་ཐུགས་བསྐྱེད་ལྷག་པར་བཞེས་ཏེ་མཚན་ཞབས་གོ་མིང་འཛིན་པ་འབྲས་སྒོ་མང་ཧར་གདོང་སྟག་བྲག་སྤྲུལ་སྐུ་ངག་དབང་གསུང་རབ་མཐུ་སྟོབས་བསྟན་པའི་རྒྱལ་མཚན་དང༌། སེར་སྨད་ཀོང་པོ་རྒྱལ་དབང་སྤྲུལ་སྐུ་ངག་དབང་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་ངོས་གཉིས་ལ་མཇུག་སྐྱོང་དགོས་རྒྱུའི་བཀའ་ལུང་གསེར་གྱི་ཅོད་པན་ནོད་པ་བཞིན་གུས་པ་གཉིས་ནས་ཀྱང༌། ཆུ་སྤྲེལ་ཟླ་བ་ལྔ་པའི་ཚེས་ནང་ནས་ཞུས་དག་གྲོགས་དན་སེར་བྱེས་བྱ་བྲལ་ཨོ་ཏོག་སྤྲུལ་སྐུ་བྱམས་པ་མཆོག་ལྡན་དང༌། སེར་བྱེས་ལྷོ་པ་ངག་ལྡན་དགེ་སློང་ཐུབ་བསྟན་གསུང་རབ་བཅས་ནས་ཡང་ཞུས་དབུ་བཙུགས།[6] ཞེས་གསུངས་སོ། །འོན་ཀྱང་བསམ་པར་བྱ་བ་ནི་དཀར་ཆག་འདི་ཉིད་དུ། དགེ་བཤེས་ཤེས་རབ་རྒྱ་མཚོ་དང་ཚ་སྤྲུལ་ངག་དབང་བློ་བཟང་དག་གི་མཚན་ཟུར་ཙམ་ཡང་སྨོས་མེད་པ་ནི་དམིགས་བསལ་གྱི་རྐྱེན་ཅི་ཞིག་གི་དབང་ཡིན་པ་གཟུར་གནས་དག་གིས་དཔྱོད་པའི་ཡུལ་དུ་ཆེའོ་སྙམ་མོ། །
      དེ་ལྟར་མཚན་དང་དྲེགས་པས་སྙེམས་པ་མང་པོ་འདུ་བྱས་པའི་རྒྱུ་མཚན་དེའི་དབང་གིས་ཞོལ་བཀའ་འགྱུར་འདིའི་སྐོར་ལ་མདོ་དབུས་ཁམས་གསུམ་ཀུན་ཏུ་གླེང་ཚུལ་འདྲ་མིན་དུ་མ་རླུང་ཡན་ལྟར་འཕྱན་པ་སྟེ། ཁ་ཅིག་གིས་པོ་ཏ་ལའི་པར་མ་དང་ལྷ་སའི་པར་མ་ཞེས་པར་གཞི་སོ་སོར་འདོད་པ་དང༌། ལ་ལ་ཞིག་གིས་ཞོལ་བཀའ་འགྱུར་འདི་ལ་དགེ་བཤེས་ཤེས་རབ་རྒྱ་མཚོས་ཚིག་དོན་གང་ཅིར་འཕྲི་སྣོན་མང་པོ་བྱས་པས་གཙིགས་ཆེན་དུ་མི་འཛིན། འགའ་ཞིག་གིས་གོང་ལྟར་པར་གཞི་ཀུན་ལས་ཀྱང་དག་པར་ལྟ་བ་འཛིན་པ་ཡིན་ནོ། །དེ་ཡང་བཀའ་འགྱུར་དཔེ་བསྡུར་མའི་དཀར་ཆག་ཏུ། དེ་འདྲའི་འདོད་ལུགས་འཛིན་པ་དག་གིས་སྐབས་དེའི་ལོ་རྒྱུས་ཀྱི་དོན་དངོས་གསལ་པོར་མ་རྟོགས་ཤིང༌། བཀའ་འགྱུར་གྱི་དཔེ་ཁག་མང་པོ་ཐར་ཆགས་འབྲུ་འདེད་ཀྱིས་ཞིབ་བསྡུར་མ་མཛད་པར། འོལ་ཚོད་ཀྱིས་སྨྲས་པར་སྙམ་ཞིང༌། དོན་དམ་དུ་ལྷ་ལྡན་གྱི་པར་བཞེངས་སྐབས་རྐྱེན་སྣ་ཚོགས་ཀྱི་དབང་གིས་ཐེངས་འགར་འཕྲོ་ཅན་དུ་ལུས་པ་ལ། པར་གཞི་འདི་ལས་གཞན་ཞིག་ལོགས་སུ་མེད་ལ། ཞུས་ཆེན་མཛད་སྐབས་ཀྱང་གཙོ་བོ་སྣར་ཐང་པར་མ་ལ་བསྟུན་པས། སྣར་ཞོལ་གཉིས་ཀྱི་ཡི་གེ་ཆད་ལྷག་དང་ཡི་གེ་མི་འདྲ་བ་སོགས་ཕལ་ཆེ་བ་ཕྱོགས་མཐུན་པར་སྣང་བ་མཐོང་ན་སོམ་ཉིའི་མདུད་རྒྱ་རང་གྲོལ་དུ་འགྱུར་རོ། །པར་གཞི་འདིའི་ནང་དུ་ཚིག་ཕྲད་ཀྱི་འཇུག་ཚུལ་སོགས་བརྡ་སྤྲོད་ཀྱི་གཞུང་དང་མཐུན་ལ་ཚིག་གི་གཅོད་མཚམས་ཀྱི་ཤད་འཇོག་སྟངས་ཀྱང་དཔེ་ཁག་གཞན་དག་ལས་ཆེས་ཞིབ་ཚགས་དང་ལྡན་པ་ཡིན་ནོ། །[7]ཞེས་གསལ་བ་ནི་ཕྲན་གྱི་ཆོས་གྲོགས་སྙན་ངག་པ་ལྡོང་ཆུ་ཤེལ་གང་ཉིད་སྐུ་ཚེ་ཧྲིལ་པོར་བཀའ་བསྟན་དཔེ་བསྡུར་གྱི་ཞུས་ཆེན་ཕྱག་ལས་ལ་གཅིག་ཏུ་འཐམས་པའི་མྱོང་གཏམ་ཚད་མ་ཡིན་པར་སེམས་སོ། །
      དེ་ལས་ཀྱང་ཁོང་གི་མཛད་མཆོག་གསུང་གི་མཛད་པ་ལ་ཅུང་ཙམ་བལྟ་བར་བྱ་ན། ཁོང་གི་བརྩམས་ཆོས་ཀྱི་ཆ་ནས་ཀྱང་རིག་པའི་གནས་ལ་མཛད་རྗེས་ཟླ་མེད་པ་མང་པོ་བཞག་ཡོད། དེ་ཡང་ད་ལྟ་ངེད་ཅག་གིས་མཇལ་བ་ལ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་སྐྲུན་བྱས་ཚར་པ་པོ་ཏི་གསུམ་ལས་མི་བཞུགས་ཀྱང༌། བསྟན་པའི་འཕེལ་འགྲིབ་དང་དུས་ཀྱི་འགྱུར་བའི་དབང་གིས་སྔོན་མར་རིག་གསར་གྱིས་རིག་གནས་ཀྱི་མགོ་རྟིང་བསློགས་པའི་དུས་སུ་ཆག་འཇིག་དང་ཉམས་ཆག་མང་པོ་བྱུང་བ་རེད། དཔེར་ན། རེབ་གོང་སྐུ་ཕྱོགས་ཆེན་མོ་ཨ་རོལ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་ཚང་གི་རྣམ་ཐར་པོ་ཏིར་ལོངས་པ་ཞིག་བརྩམས་ཡོད་པའི་ལོ་རྒྱུས་དང་རྣམ་ཐར་ཡོད་མོད། ད་ལྟ་མཇལ་རྒྱུ་མེད་པ་དེའང་དེའི་དུས་སྐབས་སུ་བརླགས་ཚར་བ་རེད། དཔེ་དེ་དང་མཚུངས་པར་གསུང་རྩོམ་མང་པོ་ཞིག་འཕྲོ་བརླག་ལ་སོང་ངེས་རེད། དེ་ལྟར་འཕྲོ་བརླག་ལ་སོང་བའི་རྩ་བ་དང་རྒྱུ་རྐྱེན་གཙོ་བོ་ནི་དོ་དམ་བྱེད་མ་ཐུབ་པར་རག་ལས་པ་རེད། དེ་མིན། ཁོང་གི་གསུང་རྩོམ་ལ་ལའི་མགོ་རྔ་མི་ཚང་བ་དང༌། ལ་ལ་བར་ནས་ཚང་གི་མེད། དཔེར་ན། ཀླུ་སྒྲུབ་དགོངས་རྒྱན་གྱི་དགག་ལན་མི་འཇིགས་སེངྒེའི་ང་རོ་ལྟ་བུར་མཚོན་ན། དེའི་མཇུག་གི་མཇུག་རྩོམ་མ་ཚང་བ་དང་སྦྱར་བྱང་མ་ཚང་བ་ལྟ་བུའི་གནས་ཚུལ་ཡོད་པ་དང༌། ཆོས་སྲིད་གྲུབ་མཐའ་སྣ་ཚོགས་ཀྱི་གཏམ་བཀླགས་པས་དོན་གྲུབ་ཀྱི་མཇུག་རྐྱེན་དབང་གིས་འགྲུབ་མེད་པ་བཞིན་ནོ། །ད་ལྟ་ཕྱི་རབས་པ་འུ་ཅག་ལ་མཚོན་ན་འདི་ལས་ལྷག་པའི་ཡིད་ཕངས་པ་དང་སེམས་སྐྱོ་དགོས་པ་གཞན་ཞིག་གང་ན་ཡོད། དེ་བས་ངེད་ཅག་ཕྱི་རབས་པ་ཚང་མས་འདིའི་སྐོར་ལ་འཚོལ་ཞིབ་བྱས་ནས་ཐ་ན་ཤོག་དྲིལ་གཅིག་ལག་སོན་བྱུང་ནའང་དོ་དམ་དང་གསུང་རྩོམ་གྱི་ནང་དུ་ཁ་སྣོན་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་པོར་མཐོང་ངོ་། །
      ཁོང་གི་གསུང་རྩོམ་རྣམས་ལས་སྤྱིར་མཁས་པ་ཞིག་གི་བྱ་བ་ནི་འཆད་པ་དང་རྩོད་པ། རྩོམ་པ་གསུམ་ལས་ཀྱང་གཙོ་བོའམ་ཁྱད་པར་ཅན་ནི་རྩོད་པའི་ཆ་དེ་ཡིན་ཏེ། རྩོད་འཆད་གཉིས་ལ་མ་ངེས་པ། །སྲིད་ཕྱིར་མི་འཁྲུལ་རྩོམ་པ་སྟེ། །ཞེས་གསུངས་པ་ནང་བཞིན་རྩོད་པའི་རྩོམ་པ་འདི་ནི་མཁས་པའི་བྱ་བ་རྣམ་གསུམ་གྱི་ནང་ནས་ཀྱང་ཆེས་གཙོ་བོ་དང་སྙིང་པོ། སླ ་མོ་ཞིག་མ་ཡིན་པ་ཁོང་གི་གསུང་རྩོམ་དག་ལས་ཀྱང་ཤེས་ཐུབ། ཁོང་མཁས་པ་གཞན་ལས་ཁྱད་དུ་འཕགས་པ་ཞིག་ཡོད་པ་ཡང་ཁོང་གི་རྩོམ་པའི་ཆ་ཕལ་མོ་ཆེ་ལ་རྩོད་པ་དང་འབྲེལ་བའི་དགག་བཞག་གི་ཆས་བརྒྱན་ཡོད་པ་དེ་རེད། འདི་ནི་ཁོང་མཁས་པ་གཞན་དང་ཐུན་མོང་མ་ཡིན་པའི་ཆ་དང་མཁས་པའི་རྩལ་ཁྱད་པར་ཅན་རེད་ཅེས་བཤད་ནའང་ཆོག་པ་ལྟ་བུ་རེད། དེ་ལྟར་ཁོང་གི་རྟོགས་བརྗོད་དང་བསླབ་བྱ། བསྟོད་ཚིག་དང་མགུར་མ། འཕྲིན་ཡིག་བཅས་ལ་ཡང་མཁས་པ་གཞན་དང་མི་མཚུངས་པའི་ཁྱད་ཆོས་མངའ་བ་ཀུན་གྱིས་མཁྱེན་གསལ་ཡིན་པས་འདིར་ཁོང་གི་བརྩམས་ཆོས་སྐོར་འདི་ལྟ་བུ་ཞིག་གིས་ཆོག་པར་བྱ་ཞིང༌། དེ་ནས་སྐབས་སུ་བབ་པ་ཁོང་གི་རྩོད་ཡིག་གི་སྐོ ར་ཅུང་རྒྱས་པའི་སྒོ་ནས་འཆད་པར་བྱའོ། །
      དེ་ཡང་ཁོང་གིས་སློབ་མ་བསྐྱངས་པའི་ཁྲོད་ན་ཆེས་མིང་གྲགས་ཆེ་བ་ནི་འཛམ་གླིང་ན་མིང་གྲགས་འབར་བ་དང་ཉེ་རབས་ཀྱི་མཁས་པ་ཆེན་པོ་དགེ་འདུན་ཆོས་འཕེལ་དང་ལྷ་རམས་པ་དགེ་བཤེས་སྐལ་བཟང་རྒྱ་མཚོ། རྒྱལ་དབང་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་དང་ཨ་ལགས་ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོ། ཨ་ཁུ་ཆོས་དཔལ་རྒྱ་མཚོ་སོགས་ལྟ་བུའི་བསྟན་འཛིན་གྱི་སྐྱེས་བུ་དང་མཁས་པ་མང་པོ་བསྐྱངས་མྱོང་པ་དང༌། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་སོགས་ན་རྩོམ་སྒྲིག་དང་དཔེ་སྒྲིག་གནང་མཁན་གྱི་ཁྲོད་ནའང་ཁོང་ཚང་གིས་ཐུགས་བརྩེས་བསྐྱངས་པའི་སློབ་མར་གྱུར་མྱོང་བ་མང་པོ་ཡོད་དེ། ཨ་ཁུ་གྲགས་པ་དང་ཕུན་ཚོགས། སེ་ཆང་འཕྲིན་ལས་ཚང་ལྟ་བུ་ཡོད་པ་ཚང་མས་ཤེས་གསལ་རེད། འདི་དག་ཚང་མ་ནི་ཁོང་གི་སྐུ་དྲིན་ལས་ཡོན་ཏན་རྒྱས་པ་རེད་ཅེས་བཤད་ནའང་མི་འོས་པ་མེད།
      དེ་ལྟར་འགྲོ་བའི་དོན་ནམ་རྒྱལ་ཁབ་ཀྱི་བྱ་བ་མཛད་པར་ཁོང་དགུང་ལོ་ཡར་འཕེལ་བ་དང་བསྟུན་ནས་རྒྱལ་ཁབ་ཀྱི་སྲིད་དོན་བསྒྲུབས་ཏེ་སྐྱེ་འགྲོ་སྤྱི་དང་བོད་ཀྱི་འགྲོ་དོན་ལ་ཐུགས་བསམ་དང་སྐུ་ངལ་མང་པོ་བསྐྱོན་ནས་འཇིག་རྟེན་གྱི་གཞན་ཕན་བྱ་བ་མང་པོ་བསྒྲུབས་ཡོད་པ་ཚང་མས་ཤེས་གསལ་རེད། དེ་ཡང་ཁོང་དགུང་ལོ་བདུན་ཅུ་དོན་གསུམ་བཞེས་དུས། རྒྱ་གར་དང་བལ་པོ་སོགས་ལ་གདན་ཞུ་གནང་བ་ལྟར་སངས་རྒྱས་སྐུ་མྱ་ངན་ལས་འདས་ནས་ལོ་ངོ་ཉིས་སྟོང་ལྔ་བརྒྱ་འཁོར་བའི་རྗེས་དྲན་ཚོགས་འདུར་དངོས་སུ་ཞུགས། དེར་མ་ཟད་ཁོང་གིས་ཚོགས་འདུའི་ཐོག་སངས་རྒྱས་བསྟན་པའི་གནས་བབ་དང་འབྱུང་འགྱུར་གྱི་ཁ་ཕྱོགས་དང་འབྲེལ་ཏེ་གཏམ་བཤད་གནང་བ་སོགས་ཀྱི་གནས་ཚུལ་དང་རྣམ་ཐར་ཡོད། མཐར་སྤྱི་ལོ1968ལོའི་ཟླ10པའི་ཚེས1ཉིན་གནའ་མཁར་ཟི་ལིང་དུ་རེ་ཞིག་སྐུ་དངོས་ཀྱི་གདུལ་བྱ་རྫོགས་ནས་མྱ་ངན་ལས་འདས་པའི་ཚུལ་བསྟན་པ་རེད།
      སྐུ་མྱ་ངན་ལས་མ་འདས་པའི་ཡར་སྔོན་ཞིག་ལ། ཁོང་དགུང་ལོ་ཕལ་ཆེར་བརྒྱད་ཅུར་བཞེས་པའི་སྐབས་སུ་ངག་སྒྲོས་འདི་ལྟ་བུ་ཞིག་ཡོད་དེ། ཁོང་ཚང་རེབ་གོང་ས་ཆར་ཕེབས་དུས་ཟང་ཟིང་གི་སྤྱི་ཚོགས་རྣམ་པའི་འོག་ཁོང་ལ་བར་ཆད་མང་པོ་བྱུང་ནའང༌། ཁོང་གི་ཐུགས་འཁྲུག་པ་ལྟ་ཅི། ད་དུང་སྤྱན་གྱིས་གཟིགས་པ་ཙམ་ཞིག་ཀྱང་མི་གནང་བ་མ་ཟད། ད་དུང༌། ཁམས་གསུམ་སྐྱེ་རྒུ་མ་ལུས་ཁྲོས་གྱུར་ཏེ། །གཤེ་ཞིང་མཚང་འབྲུ་བསྡིགས་ཤིང་སྲོག་གཅོད་ཀྱང༌། །མི་འཁྲུགས་གནོད་ལན་ཕན་པ་སྒྲུབ་བྱེད་པའི། །བཟོད་པའི་ཕར་ཕྱིན་རྫོགས་པར་བྱིན་གྱིས་རློབས། །[8]ཞེས་བླ་མ་མཆོད་པའི་ཆོ་གའི་ནང་གི་ཚིགས་བཅད་དེ་གསུངས་ནས། འདི་ཚང་མ་སྙིང་མ་རྗེ་ཞེས་སྤྱན་བཙུམས་ནས་ཕར་ལ་ཁྲོ་གཉེར་དང་ཐུགས་མི་དགའ་བའི་རྣམ་པ་ཞིག་སྟོན་པ་ཕར་ཞོག །འདི་ལྟར་གཞན་དོན་སེམས་ལ་སྒོམ་པའི་རྣམ་ཐར་དམ་པ་གོང་མ་རྣམས་ཀྱི་གསུང་རྒྱུན་ན་ཡོད། དེ་ལྟར་ཁོང་གི་རྣམ་ཐར་ནི་རྒྱ་མཚོ་ལྟ་བུ་རེད། ད་རྟེ ན་འབྲེལ་གྱི་ཚུལ་དུ་འདི་ལྟ་བུ་ཞིག་གིས་ཆོག་པར་བྱའོ། །
གཉིས་པ། ཁོང་གི་རིག་གཞུང་བསམ་བློའི་སྙི ང་སྟོ བས་ལ་དཔྱད་པ།
      གཅིག དགག་ལན་བསྐལ་མེ་ལས་མཆེད་པའི་གསུང་གི་མེ་ལྕེ།
      དེ་ལྟར་ཁོང་ལ་རྩོམ་ལུས་མི་འདྲ་བ་དང་བརྗོད་བྱ་མི་འདྲ་བའི་གསུང་རྩོམ་མང་པོ་བཞུགས་པ་གོང་དུ་ཞུས་ཟིན། དེ་ཡང་དེང་འདིར་ཁོང་ཚང་གི་གསུང་རྩོམ་ཁྲོད་ནས་གྲགས་ཆེན་དང་གཞན་གྱིས་དོ་སྣང་བྱས་དང་བྱེད་བཞིན་པ། ཚད་མར་བྱེད་བཞིན་པ། དཔྱོད་ལྡན་ཞིབ་འཇུག་པ་དག་གིས་ཞིབ་འཇུག་བྱེད་བཞིན་པ། ཡང་ན་དུས་ད་ལྟའང་ཀུན་གྱིས་གླེང་བཞིན་པ་དང་ཚང་མས་ཀློག་བཞིན་པའི་གསུང་རྩོམ་གྱི་ཁྲོད་འབུར་དུ་ཐོན་པ་དང་སྙིང་པོ་ལྟ་བུ་ནི་ཁོང་གི་རྩོད་ཡིག་བརྩམས་ཆོས་ཏེ་དགག་བཞག་གི་རྩོད་ཡིག་སྐོར་རེད། ཁོང་གི་དགག་བཞག་རྩོད་ཡིག་སྐོར་ལ་མཚོན་ན། གསུང་རྩོམ་པོད་དང་པོའི་ནང་དུ་འཁོད་པའི་བདེན་པ་བཞི་ལས་བརྩམས་པའི་རྩོད་ཡིག་འཇིགས་མེད་རིགས་པའི་གད་རྒྱངས་ལ་རྣམ་པར་དཔྱད་པ་དགག་ལན་བསྐལ་པའི་མེ་དཔུང་དང་གཅིག དོགས་པ་སློང་བའི་གཏམ་ལ་ལན་གྱི་རྣམ་པར་གཞག་པ་དོགས་དོན་རབ་གསལ་མེ་ལོང་དང་གཉིས། སྨྲ་བ་ངན་པ་རྣམ་པར་འཐག་པ་མི་ཤིགས་རྡོ་རྗེའི་ཐོག་མདའ་དང་གསུམ། ལོག་པར་སྨྲ་བ་ཚར་གཅོད་པའི་རལ་གྲི་རྣོ་ངར་འབུམ་ལྡན་དང་བཞི། པོད་གཉིས་པའི་ནང་ལུང་བསྟན་རྫུན་མ་སུན་འབྱིན་རྨོངས་པའི་མུན་སེལ་ཤེས་རབ་ཉི་མའི་འོད་ཟེར་དང་ལྔ། པོད་གསུམ་པའི་ནང་མཁས་དབང་དགེ་ཆོས་ཀྱིས་མཛད་པའི་དབུ་མའི་ཟབ་གནད་ཀླུ་སྒྲུབ་དགོངས་རྒྱན་ལ་ཆེ་ལོང་དུ་བརྟགས་པ་མི་འཇིགས་སེངྒེའི་ང་རོ་དང་དྲུག པདྨ་བཀོད་ཀྱི་གནས་ཡིག་སུན་འབྱིན་རྫུན་ནག་མུན་སེལ་སྒྲོན་མེ་དང་བདུན་ཏེ་འདི་དག་ནི་རྩོད་ཡིག་རྒྱས་པའམ་ཆེ་བ་དག་ཡིན། ཡང་རྫོགས་ཆེན་བླ་མ་བསྟན་འཛིན་གྲགས་པའི་གང་བློ་མའི་འགྲེལ་པ་ལ་འཇམ་པོར་བརྟག་པ་ཞེས་པ་དང༌། རྗེའི་བསྟོད་པ་སྤོས་རྫིང་སོགས་བཅད་ལྷུག་གཉིས་ཆར་གྱི་རྩོད་ཡིག་ཆུང་བའང་མང་པོ་བཞུགས་ཡོད།
      འདི་དག་གི་ནང་ནས་ཀྱང་ཆེས་རྒྱས་པ་དང་ཆེས་སྐད་གྲགས་ཅན་དེ་དགག་ལན་བསྐལ་པའི་མེ་དཔུང་དང་མི་འཇིགས་སེངྒེའི་ང་རོ་གཉིས་རེད། དེ་བས་དེ་གཉིས་ལས་ཐོག་མར་དགག་ལན་བསྐལ་པའི་མེ་དཔུང་གི་སྐོར་རགས་ཙམ་གླེང་ན། ཐོག་མར་དགག་ལན་དེ་ཇི་ལྟར་བྱུང་ཚུལ་དང་རྒྱུ་རྐྱེན་གང་ལ་བརྟེན་ནས་བྱུང་བ་སོགས་མདོར་བསྡུས་ཤིག་ཞུ་བ་ལ། སྤྱིར་དགག་ལན་བསྐལ་པའི་མེ་དཔུང་རྩོམ་དགོས་པའི་རྒྱུ་རྐྱེན་ནི་མཚོ་སྔོན་ས་ཆའི་ད་ལྟའི་བ་ཡན་རྫོང་གི་མངའ་འོག་ན་ཡོད་པའི་རིག་གསར་ཡར་སྔོན་གྱི་ངྷཱི་ཚ་བཀྲ་ཤིས་ཆོས་སྡིངས་ཞེས་བྱ་བ་ན། སྨྲ་བའི་སེང་ཆེན་སྒེའུ་སྟེང་བློ་བཟང་དཔལ་ལྡན་དང་ཁོང་གི་སློབ་མའམ་སྲས་ཀྱི་ཐུ་བོ་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ་ཚང༌། ཨ་ཁུ་དཔྱི་ས་བློ་གྲོས་རྒྱ་མཚོ་ཚང༌། རྒྱ་བླ་མ་ཡེ་ཤེས་དཔལ་བཟང༌། ཨ་ལགས་ཚེ་ཏན་ཞབས་དྲུང༌། བྱ་བཏང་སྡེ་སྣོད་འཛིན་པ་ངག་དབང་སྟེ་ཡུལ་མདོ་སྨད་ཀྱི་དྲུག་སྡེར་གྲགས་པ་སོགས་གཙོས་མང་པོ་ཞིག་གིས་དགོན་དེ་ན་བསླབ་པ་སློབ་གཉེར་གནང་བཞིན་པའི་སྐབས་དེར་རྩོད་པ་འདི་བྱུང་བ་རེད།
      དེའི་སྐབས་སུ་རྩོད་པ་འདི་ཅི་ཞིག་ལ་བུད་པ་རེད་ཟེར་ན། སྤྱིར་ནང་བསྟན་འདི་ཁུངས་གཏུགས་ན་སྟོན་པ་ཐུབ་པའི་དབང་པོ་ལ་ཁུངས་གཏུགས་དགོས་པ་རེད། སྟོ ན་པ་ཐུབ་པའི་དབང་པོས་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་བསྐོར་བའི་ཐོག་མ་ནི་བདེན་པ་བཞིའི་ཆོས་འཁོར་རེད། བདེན་བཞིའི་ཆོས་འཁོར་གྱི་བརྗོད་དོན་གཙོ་བོ་ནི་གཞུང་བཀའ་པོད་ལྔའི་ནང་ནས་ཕར་ཕྱིན་གྱི་གཞུང་གི་སྐབས་དང་པོའི་སྐབས་སུ་བདེན་བཞིའི་རྣམ་གཞག་གི་ཆོས་སྐོར་ཞེས་པའི་རྩོད་མཚམས་ཤིག་ཡོད་པ་རེད། དེ་ཡང་ངྷཱི་ཚ་བཀྲ་ཤིས་ཆོས་སྡིངས་ཀྱི་གཞུང་བཀའ་པོད་ལྔ་སློབ་གཉེར་བྱ་བའི་སློབ་དེབ་བམ་ཡིག་ཆ་ཡིན་ན་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཡིག་ཆའམ་ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཡིག་ཆ། ཡོངས་གྲགས་ལ་སྒོ་མང་ཡིག་ཆ་ཞུ་བ་འདི་རེད། སྒོ་མང་ཡིག་ཆའི་ཕར་ཕྱིན་མཐའ་དཔྱོད་ཅེས་པའི་ཡིག་ཆའི་ནང་ན་བདེན་བཞིའི་རྣམ་གཞག་དེ་དགག་བཞག་སྤང་གསུམ་གྱི་ལམ་ནས་རྒྱས་པར་ཐལ་འཕྲེང་གི་ཚུལ་དུ་གཏན་ལ་ཕབ་ཡོད། དེའི་ནང་ནས་སྐབས་ཐོག་དེར་ངྷཱི་ཚ་བཀྲ་ཤིས་ཆོས་སྡིངས་ཀྱི་ཕར་ཕྱིན་རྩོད་མཚམས་ཀྱི་མཚམས་དེར་ཡོངས་འཛིན་སྒེའུ་སྟེང་བློ་བཟང་དཔལ་ལྡན་ཚང་ཕར་ཕྱིན་གཞུང་གསར་གྱི་སྐབས་དམ་བཅའ་ལ་ཕེབས་པ་རེད།
      ཕར་ཕྱིན་གསར་རྩོད་ནི་ཕར་ཕྱིན་གྱི་འཛིན་གྲྭ་ལ་བཞུགས་ན་ཕར་ཕྱིན་སྐབས་བརྒྱད་ཡོད་པའི་སྐབས་དང་པོ་དེ་སོ་མ་རྩོད་པའི་སྐབས་རེད། བདེན་བཞིའི་སྐབས་འདི་ནས་རྩོད་པ་དེ་བྱུང་བ་རེད། བདེན་བཞིའི་རྣམ་གཞག་དེ་ཟླ་བ་གཅིག་ལ་རྩོད་པ་བྱེད་པ་དང་ཡང་ན་ཆོས་ཐོག་ཅིག་ལ་རྩོད་པའི་སྐབས་ཐོག་དེར་བདེན་བཞིའི་རྩོད་པ་རྐྱང་རྐྱང་བྱེད་བཞིན་ཡོད་པ་རེད། བདེན་བཞིའི་སྐོར་གྱི་རྩོད་པ་བྱེད་པའི་དགོང་མོ་ཞིག་ལ། ཕ་ཡུལ་ཞོ་འཕོང་ནས་ཡིན་པའི་ཞོ་འཕོང་འཇམ་དབྱངས་བསམ་འགྲུབ་ཟེར་བ། ཡོངས་གྲགས་ལ་ཨ་ཁུ་ཞོ་འཕོང་མྱིག་དམར་ཚང་ཞེས་ཞུ་བ་ཞིག་ཕེབས་ནས་ཡོངས་འཛིན་སྒེའུ་སྟེང་བློ་བཟང་དཔལ་ལྡན་ཚང་ལ་བདེན་བཞིའི་སྐོར་ནས་འཕྲོས་ཏེ་སྡུག་བདེན་ལ་རྩོད་པ་བྱས། རྩོད་ཀྱིན་རྩོད་ཀྱིན་སྒེའུ་སྟེང་ཚང་གིས་བདེན་བཞིའི་སྡུག་བདེན་སྐོར་གྱི་ཁས་ལེན་ཡིག་ཆ་དང་མི་འདྲ་བ་ཞིག་བཟུང་བ་རེད། ཁས་ལེན་མི་འདྲ་བ་དེ་གང་རེད་ཟེར་ན། སྤྱིར་ཀུན་མཁྱེན་འཇམ་དབྱངས་བཞད་པ་རང་གི་ཡིག་ཆ་སྟེ། ཕར་ཕྱིན་མཐའ་དཔྱོད་ཀྱི་ཡིག་ཆའི་ནང་ན། འཁོར་བ་སྤངས་པའི་ཉན་རང་དགྲ་བཅོམ་ལྷག་མེད་པའི་རྒྱུད་ན་ཁྱོད་མེད་པར་ཐལ། ཁྱོ ད་ནང་གི་སྡུག་བདེན་ཡིན་པའི་ཕྱིར། ཁྱབ་སྟེ། ནང་གི་སྡུག་བདེན་དང་འཁོར་བ་དོན་གཅིག་པའི་ཕྱིར།[9]ཞེས་གསུངས་ཡོད་པ་རེད། ད་དུང་དེའི་རྒྱབ་རྟེན་ལ། སྡུག་བསྔལ་འཁོར་བ་ཅན་ཕུང་པོ། །ཞེས་པའི་རྣམ་འགྲེལ་གྱི་ལུང་དྲངས་ནས་གོང་ལྟར་ནང་གི་སྡུག་བདེན་དང་འཁོར་བ་དོན་གཅིག་ཡིན་ཞེས་པ་ལས། སྤྱིར་སྡུག་བདེན་དང་འཁོར་བ་དོན་གཅིག་ཅེས་གསུངས་ཡོད་པ་མ་རེད།
      ལར་ཡོངས་འཛིན་རིན་པོ་ཆེ་སྒེའུ་སྟེང་ཚང་ཡིན་ན་སྡུག་བདེན་དང་འཁོར་བ་དོན་གཅིག་ཅེས་ཁས་བླངས་ནའང་ཀུན་མཁྱེན་གྱི་ཡིག་ཆ་དང་མི་འགལ་བར་མ་ཟད། ཀུན་མཁྱེན་རང་གི་མཛོད་མཐའ་དཔྱོད། འཛམ་གླིང་རྒྱན་དྲུག་མཆོག་གཉིས། པཎ་ཆེན་བསོད་ནམས་གྲགས་པའི་ཡིག་ཆ། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་ཡིག་ཆ། རྒྱལ་མཆོག་ལྔ་པའི་ཕར་ཕྱིན་བློ་བཟང་དགོངས་རྒྱན་སོགས་ལ་ཡང་མཐུན་པར་དམ་བཅས་པས་རྩོད་པ་བྱུང༌།[10] དེའི་སྐབས་སུ་ཞོ་འཕོང་ཨ་ཁུ་འཇམ་དབྱངས་བསམ་འགྲུབ་ཚང་གིས་མཚན་གང་ནས་ནམ་ལངས་བར་དུ་བརྩད་ཀྱང་ཁོང་གི་ཁས་ལེན་དེ་ཕམ་པར་གཏོང་མ་ཐུབ་པ་རེད། ཁས་ལེན་ཕམ་པར་གཏོང་མ་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ནི་སྒེའུ་སྟེང་བློ་བཟང་ཚང་གིས་ཟག་བཅས་ཐམས་ཅད་སྡུག་བསྔལ་བ་ཡིན་པ། རང་རྒྱུ་ཉེ་བར་ལེན་པ་ལས་བྱུང་བས་ཁྱབ་པ་ཡོད་པ། རང་རྒྱུད་ཀྱི་སྡུག་ཀུན་གཅིག་ནས་གཅིག་གི་ཐོག་ཏུ་ཐོག་མ་མེད་པའི་བར་མ་ཆད་པར་འོངས་པའི་དངོས་པོ་ཡིན་པས་ཁྱབ་པ་ཡོད་པའི་རྒྱུ་མཚན་གྱིས་སྡུག་བསྔལ་བ་ལ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ། ཉེར་ལེན་གྱི་ཕུང་པོ། འཁོར་བ་གསུམ་པོས་ཁྱབ། སྡུག་བསྔལ་ཡིན་པས་ཁྱབ། འཁོར་བ་ཡིན་པས་ཁྱབ་ཅེས་དམ་བཅའ་བཟུང་བ་རེད། དམ་བཅའ་བཟུང་བ་དེའང་སློབ་གཉེར་ལ་རྟིང་སྐུལ་ལམ་བློ་སྒོ་འབྱེད་ཕྱིར་གྱི་རིགས་ལམ་ཡིན་པ་ལས་བློ་རྩེ་གཏད་ས་མེད་པར་ཡིག་ཆ་ལ་ཕྱིན་ཅི་ལོག་བྱས་པའི་ཁས་ལེན་ཙམ་ཞིག་གཏན་ནས་མ་རེད། དེ་བས་ཆོས་གྲྭའི་ནང་གི་རྩོད་པ་ལ་ཁས་ལེན་སྣ་ཚོགས་འཛིན་པ་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་རེད། ལྷག་པར་དུ་རིགས་པ་སྨྲ་བ་མང་པོས་ཕྱོགས་སྔའི་འདོད་ཚུལ་དེ་ཉིད་རང་གི་རང་ལུགས་ལ་བཟུང་ནས་རྩོད་པ་བྱེད་པའི་སྲོལ་ཡོད་པ་རེད། ཡོངས་གྲགས་ལ་རྩོད་པ་བྱེད་པའི་སྐབས་སུ། ཡིན་པ་མིན་པར་སྒྲུབ་པ་མཁས་པའི་རྟགས། །མིན་པ་ཡིན་པར་སྒྲུབ་པ་མཁས་པའི་རྟགས། །ཟེར་བ་ལྟར་རེད། སྒེའུ་སྟེང་ཚང་གིས་ཀྱང་དགོང་མོ་དེར་ཞལ་ནས། ངའི་དམ་བཅའ་རྡོ་རྗེའི་བྲག་རི་ཡིན། ཞེས་གསུངས་པ་རེད། འདི་དང་བསྟུན་ནས་རིམ་བཞིན་མདོ་དབུས་ཁམས་གསུམ་ལ་གླེང་གཞི་མང་པོ་བྱུང་བ་ལྟར་དགག་བཞག་བསྐལ་པའི་མེ་དཔུང་སོགས་རྩོད་ཡིག་མང་པོ་བྱུང་བའི་རྒྱུ་རྐྱེན་དེ་ལ་ཐུག་ཡོད། སྒེའུ་སྟེང་ཚང་གི་མཚན་ལའང་བུམ་པ་འཁོར་བ་ཡིན་པར་ཁས་ལེན་གྱི་ཡོད་ཅེས་གྲགས་ཚོད་བོད་ཁམས་ལ་བྱུང་བ་རེད། ཁོང་ཚང་གི་ཁས་ལེན་གྱི་རྒྱུན་ལྟར་ཡིན་ཚེ་ཁོང་གིས་ཞལ་གྱིས་བཞེས་ཡོད་པ་རེད། ཟག་བཅས་ཀྱི་བུམ་པ་ཡིན་ན་འཁོར་བ་ཡིན་པས་ཁྱབ་དགོས་པ་དང༌། ཟག་བཅས་ཀྱི་དངོས་པོ་ཡིན་ན་འཁོར་བ་ཡིན་པས་ཁྱབ་པ་རེད། དེའི་སྟབས་ཀྱིས་གྲགས་ཚོད་དེ་འདྲ་བྱུང་བ་རེད། དེ་འདྲའི་བྱུང་བ་ལ་བརྟེན་ནས་བུམ་པ་འཁོར་བ་ཡིན་པར་ཁས་ལེན་གྱི་ཡོད་ཅེས་དགའ་མི་དགའ་དང་ཤེས་མི་ཤེས་གཉིས་ཀྱི་ཁ་ན་རླུང་ལྟར་གྲགས་པར་གྱུར་པས་དེ་ལྟ་བུའི་གནས་ཚུལ་བྱུང་བ་རེད། ཚུལ་དེ་ལ་ད་ལྟ་ཕྱིར་འདང་རེ་བརྒྱབ་ན། སྐབས་དེའི་ཁ་བའི་ལྗོངས་ཀྱི་རིག་གཞུང་བགྲོ་གླེང་གི་ངོ་མཚར་བའི་སྣང་ཚུལ་ཞིག་མཚོན་ཐུབ་ཅིང༌། དེས་སྐབས་དེར་བོད་ལ་རིག་གཞུང་དེ་ཅི་ཙམ་འཕེལ་བ་དེའང་གསལ་པོར་མཚོན་ཐུབ། དེའི་རྒྱུ་མཚན་གྱིས་དགག་ལན་བསྐལ་པའི་མེ་དཔུང་སོགས་བྱུང་བའི་རྒྱུ་རྐྱེན་ཉག་གཅིག་ཀྱང་དེ་རེད། དེ་ནས་རིམ་པ་བཞིན་དུ་སྒེའུ་སྟེང་ཚང་གིས་ཁས་ལེན་འདི་ལྟ་བུ་བཞེས་ཡོད་ཅེས་གྲགས་པ་མང་དྲགས་ནས་བཤད་ཚོད་སྣ་ཚོགས་བྱུང༌། ཡིན་ནའང༌། གྲྭ་ས་ཕལ་མོ་ཆེའི་དགེ་བཤེས་དག་གིས་དེ་ལ་རྒྱབ་རྟེན་གྱི་ལུང་རིགས་མང་པོ་ཆེད་གཉེར་གྱིས་བཙལ་ཏེ་གཟིགས་ཤིང་དཔྱད་འཇོག་རྒྱས་པའི་སྒོ་ནས་བརྒལ་ལན་གྱི་རྩོམ་ཡིག་ཡི་གེར་ཕབ་པ་ལོ་མང་པོ་ཞིག་ལ་མ་བྱུང་བ་རེད།
      ལོ་ངོ་མང་པོ་ཞིག་གི་རྗེས་ནས། སྒེའུ་སྟེང་ཡབ་སྲས་ཀྱིས་དེའི་སྐོར་ལ་བདེན་པའི་ཆ་ཡོད་པའི་སྒྲུབ་བྱེད་ཀྱི་དཔེ་ཆ་ལ་དཔལ་ལྡན་བཀྲ་ཤིས་འཁྱིལ་གྱི་མཁས་པའི་ཡང་རྩེར་རློམ་པ་དངུལ་རྭའི་ཧྲེ་བོ་ལ་སྤྲིངས་པའི་ཕོ་ཉ་མི་འཇིགས་སེངྒེ་ཁྲོས་པའི་ང་རོ། བདེན་པ་བཞི་ལས་བརྩམས་པའི་རྩོད་ཡིག་ལེགས་པར་བཤད་པ་འཇིགས་མེད་རིགས་པའི་གད་རྒྱངས་ཞེས་བྱ་བ་བརྩམས་པ་ནི་ད་སྔ་བདེན་བཞིའི་སྐོར་གྱི་དགག་བཞག་སྤང་གསུམ་དང་བཅས་ཧ་ཅང་རྒྱས་པའི་སྒོ་ནས་བརྩམས་པ་བོད་ཀྱི་ལོ་རྒྱུས་ལ་བྱུང་མ་མྱོང་པ་ཞིག་ཡར་མར་ལ་བཀྲམས་པ་རེད། ཕྱོགས་ཡར་མར་གྱི་མཁས་པ་མང་པོས་དེ་ལ་མཐོང་ཆེན་དང་དང་ལེན་བྱས་ནས་གྲྭ་ས་ཆེན་པོ་ཁག་མང་པོ་ནས་བདེན་བཞིའི་སྐོར་ལ་སྔོན་མེད་ཀྱི་ཡིད་འཇོག་ཆེན་པོ་བྱས་པ་རེད། འདི་གཅིག་པུས་ཀྱང་ཁོང་ཚང་གིས་བསྟན་པའི་འཕེལ་རྒྱས་དང་རིག་གནས་ཀྱི་རྣམ་གཞག་དཀའ་གནད་དེ་དག་སེལ་བའི་ཆེད་དུ་དོ་སྣང་དང་ཡིད་འཇོག་བྱེད་པའི་ཕྱོགས་ལ་སྐུལ་འདེད་ཆེན་པོ་ཞིག་བྱུང་བ་ཤེས་ཐུབ་བོ། །
      དེ་ལྟར་རྩོད་ཡིག་འཇིགས་མེད་རིགས་པའི་གད་རྒྱངས་དེ་བརྩམས་ནས་མདོ་དབུས་ཁམས་གསུམ་ལ་ཁྱབ་པ་རེད། དེ་ཉིད་ལ་བླ་བྲང་བཀྲ་ཤིས་འཁྱིལ་ནས་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡོངས་འཛིན་ཨ་ཁུ་བསང་ཁོག་འཇིགས་མེད་ཚང་གིས་དགག་ལན་རྡོ་རྗེ་ཟེགས་མ་ཞེས་པའི་དགག་ལན་ཞིག་བརྩམས་ཏེ་བསྐུར་འོངས་པ་རེད། དེ་ནི་མདའ་ཚད་མའི་ཤོག་གྲངས་བཞི་བཅུ་ནས་ལྔ་བཅུ་ཅན་ཞིག་རེད། དེའི་ནང་གཙོ་བོ་ཀུན་མཁྱེན་བླ་མའི་ཡིག་ཆ་གཞིར་བཞག་ན། སྡུག་བདེན་དང་འཁོར་བ་དོན་གཅིག་ཟེར་བ་ལྟར་མིན། ནང་གི་སྡུག་བདེན་དང་འཁོར་བ་དོན་གཅིག་ཡིན་དགོས་ཞེས་ལུང་རིགས་ཀྱི་སྒྲུབ་བྱེད་མང་པོ་སྤྲོས་ཏེ་བཀོད་ཡོད་པ་ཞིག་རེད། འོན་ཀྱང་དེ་ལ་རེ་ཞིག་སྒེའུ་སྟེང་ཚང་ཁོང་གིས་བཏང་སྙོམས་སུ་བཞག་པ་ལ། དགག་ལན་འདིའི་སྐོར་ལ་སྒེའུ་སྟེང་ཡབ་སྲས་ཀྱི་སློབ་མ་སྟེ། དག་ཡིག་ཕྱེ་མ་ལེབ་ཀྱི་གཤོག་རླབས་མཛད་མཁན་གྱི་ཨ་ཁུ་དཔྱི་ས་བློ་གྲོས་རྒྱ་མཚོ་ཚང་གིས་ལན་བཏབ་པ་རེད། སྨྲ་བའི་སེང་ཆེན་ཨ་ཁུ་དཔྱི་ས་བློ་གྲོས་ཚང་ནི་སྒེའུ་སྟེང་ཡབ་སྲས་ཀྱི་སློབ་བརྒྱུད་ཀྱི་གྲལ་ནས་གཞུང་ལུགས་དང་རིག་པ། ཤེས་རབ་ཀྱི་རྩལ་མཆོག་ཏུ་གྱུར་པ་ཞིག་ཡིན་པའི་བཤད་རྒྱུན་ཡོད་ཅིང་ཁོང་གི་གསུང་རྩོམ་ལས་ཀྱང་དེ་ལྟར་ཡིན་ངེས་པ་ཤེས་སོ། །
དེའི་སྟབས་ཀྱིས་ལན་དུ་ཨ་ཁུ་དཔྱི་ས་བློ་གྲོས་རྒྱ་མཚོས་བརྒལ་ལན་རྡོ་རྗེའི་གཟེགས་མ་ལ་རྣམ་པར་དཔྱད་པ་གསང་འཛིན་མཚོན་གྱི་འཁོར་ལོ་ཞེས་པ་བརྩམས་ཏེ་བཀྲམས་པ་རེད། གསང་བདག་ཕྱག་ན་རྡོ་རྗེ་ནི་མཐུ་སྟོབས་ནུས་པའི་བདག་པོ་རེད། དེའི་ཕྱག་གི་རྡོ་རྗེའི་ནུས་པ་ཅི་ལྟ་བུ་ཡིན་པ་ལྟར་མིང་བཏགས་པ་རེད། དགག་ལན་གྱི་རྩོམ་སྟངས་ཀྱི་ཆ་ནས་ཁོང་ལ་ཐུན་མོང་མ་ཡིན་པའི་ཆ་ཞིག་ཡོད་པ་ནི། སྤྱིར་ཁོང་ནི་དཔེ་ཆ་གང་ཞིག་གི་མཚན་འདོགས་ནའང་ཁེངས་སྐྱུང་གི་སྒོ་ནས་འདོགས་པ་དང༌། གསུང་བཤད་ཡིན་ནའང་ཁེངས་སྐྱུང་དང་ཉམ་ཆུང་གི་རྣམ་འགྱུར་གྱི་སྒོ་ནས་གསུང་མཁན་ཞིག་རེད། གསང་འཛིན་མཚོན་གྱི་འཁོར་ལོའི་ནང་དོན་གྱི་ཆ་ལ་ཚིག་རྩུབ་དང་དགག་བཞག་སྤང་གསུམ་གྱི་ཚིག་ཚོགས་མང་པོས་སྤྲོས་པ་དོར། ཡང་ན་ལུང་རིགས་སྣ་ཚོགས་ཐལ་འཕྲེང་གི་སྒོ་ནས་སྤྲོས་ཏེ་བརྩམས་ཡོད་པ་ཞིག་གཏན་ནས་མ་རེད། ནང་སྙིང་དང་རིགས་པ་རྣོ་ལྡན་གྱི་སྒོ་ནས་སུན་འབྱིན་དང་གནོད་བྱེད་བསྟན་ཏེ་བརྩམས་ཡོད་པ་ཞིག་རེད།
      དེ་ནས་སྐབས་ཐོག་དེར་དབུས་གཙང་ན་སྙན་གྲགས་ཀྱི་བ་དན་དགུང་དུ་འབར་བའི་རྡོ་སྦིས་དགེ་བཤེས་ཚང་གི་ཕྱག་ཏུའང་དགག་ཡིག་འཇིགས་མེད་རིགས་པའི་གད་རྒྱངས་ཞེས་པ་དེ་འབྱོར་བ་རེད། རྩོད་ཡིག་དེ་ཉིད་ཕྱག་ཏུ་འབྱོར་དུས། མཁས་པའི་ཁྱད་ཆོས་ཡ་མཚན་པ་ལ་ཁོང་གིས། ངེད་ཀྱི་ཕ་ཡུལ་མདོ་སྨད་ས་ཆའི་རི་ཁྲོད་པའི་ནང་ནའང་འདི་ལྟ་བུའི་འཆད་རྩོད་རྩོམ་གསུམ་ལ་མངའ་བརྙེས་པའི་མཁས་པའི་དབང་པོ་ཡོད། ཅེས་དབུས་གཙང་ཕྱོགས་ཀྱི་མཁས་པ་རྣམས་ལ་ངོམ་ངོམ་མཛད་པའི་ལོ་རྒྱུས་ངག་སྒྲོས་ཡོད། དེ་ནི་ངེས་དོན་སྐྱེས་མཆོག་གཟུ་བོར་གནས་པའི་དན་རྟགས་བླ་ན་མེད་པར་སེམས་སོ། །དེ་ལྟ་ནའང༌། རྗེས་ནས་ཁོང་ཚང་གི་སློབ་མ་མཁས་དབང་དགེ་འདུན་ཆོས་འཕེལ་གཙོས་རིགས་པ་སྨྲ་བ་དུ་མས་རྟིང་སྐུལ་བྱས་པར་བརྟེན་ནས་ཁོང་ཚང་གིས་དགག་ལན་བསྐལ་བའི་མེ་དཔུང་བརྩམས་ཏེ་སྒེའུ་སྟེང་ཡབ་སྲས་ལ་བསྐུར་བ་རེད། དེ་ནས་སྒེའུ་སྟེང་ཡབ་སྲས་ཀྱི་ཕྱག་ལ་དགག་ལན་བསྐལ་བའི་མེ་དཔུང་འབྱོར་བའི་རེ་ཞིག་གི་ཚེ་ན་དེ་ཉིད་ཀྱི་དགག་ལན་དུ་དགག་ལན་ཆུའི་འཕྲུལ་འཁོར་རམ་འཇམ་དཔལ་རྣམ་པར་རོལ་པའི་ཏིང་ངེ་འཛིན་ལས་བྱུང་བའི་ལེགས་པར་བཤད་པ་ཆུའི་འཕྲུལ་འཁོར་ཞེས་པའི་དཔེ་ཆ་བརྩམས། ཡོངས་གྲགས་ལའང་མེ་དགྲ་ཆུ། བསྐལ་བའི་མེ་དཔུང་དེ་གསོད་དགོས་ན་ཆུ་ཡི་འཕྲུལ་འཁོར་ཞིག་ཡར་ལ་བསྐོར་བ་རེད། མེ་གསོད་པར་ཆུ་དགོས་པ་ལྟར། དེ་དག་ཚང་མ་ཡིན་ན་མཁས་པ་ཁོང་ཅག་གི་མཁས་ཉམས་རེད། དེ་ནས་ཆུའི་འཕྲུལ་འཁོར་དེ་རྡོ་སྦིས་དགེ་བཤེས་ཚང་ལ་འཕྲོད་པ་རེད། ཁོང་ཚང་གི་གསུང་རྩོམ་གྱི་ཆབ་ཤོག་ནང་ན་སྒེའུ་སྟེང་ཚང་ལ་ཆབ་ཤོག་བསྐུར་པའི་ལོ་རྒྱུས་ཡོད། འོན་ཀྱང༌། ཁོང་ཚང་གིས་དགག་ལན་བྲིས་མེད་པའི་རྒྱུ་མཚན་ནི་ང་རང་གི་ལྟ་ཚུལ་ཡིན་ན་རྩོད་ཡིག་མང་པོ་ཞིག་འབྲི་རྒྱུ་མ་རེད་བསམ་མོ། །ཁོང་རྣམ་པས་རིག་གནས་ཤིག་སྤེལ་སླད་ལ་དགོངས་ནས་འདི་ལྟ་བུ་ཞིག་བརྩམས་པ་མ་གཏོགས། འཁོན་ལན་དང་རྒྱལ་ཕམ་གྱི་ཆེད་དུ་བསམས་ནས་རྩོམ་པ་ཞིག་མིན་པར་ངེས། དེའི་རྐྱེན་གྱིས་དགག་ལན་མ་བྲིས་པ་རེད། དེ་མིན། དུས་ཚོད་ཀྱི་ཆ་ནས་ཀྱང་གུང་བསྒྲིགས་ནས་འོངས་ན་དུས་འགྱུར་གྱི་སྐབས་ལའང་ཐུག་ཡོད་པ་སོགས་ལ་བལྟས་ན་ཕྱི་རྐྱེན་ནང་རྐྱེན་སོགས་འབྲི་བའི་ཆ་རྐྱེན་ཡང་མ་ལྡན་པར་འདོད། དེ་ནི་དགག་ལན་བསྐལ་བའི་མེ་དཔུང་གི་བྱུང་རིམ་དང་རྒྱུ་རྐྱེན་རགས་ཙམ་ཞིག་གོ །
      གཉིས། དགག་ལན་བསྐལ་པའི་མེ་དཔུང་གི་བརྗོད་དོན་སྐོར།
      དེ་ཡང་བརྩམས་ཆོས་འདིའི་བརྗོད་དོན་གཙོ་བོ་ནི་ནང་ཆོས་ཀྱི་བརྗོད་དོན་རྐྱང་པ་རེད། ནང་བསྟན་གྱི་གཞུང་བཀའ་པོད་ལྔ་ཡོད་པ་ལས་མངོན་པ་རྣམ་འགྲེལ་ཕར་ཕྱིན་རྣམས་ཀྱི་བརྗོད་དོན་རེད། དེ་དག་གི་ནང་ནས་ཕར་ཕྱིན་གྱི་བདེན་བཞིའི་རྣམ་གཞག་སྟེ་ཕར་ཕྱིན་སྐབས་དང་པོའི་ནང་ན་རྩོད་བཞིན་ཡོད་པ་དེ་རེད། བརྗོད་དོན་འདི་གསལ་པོར་བཤད་ན། སྟོ ན་པས་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་བསྐོར་བ་ལས་བདེན་བཞིའི་ཆོས་འཁོར་བསྐོར་བ་ལ་གནད་ཧ་ཅང་ཆེ་ནི་རེད། གང་ཟག་ཅིག་བདེ་བ་དང་ཐར་པ་ཐོབ་དགོས་ན་ལམ་དེ་མགོ་གང་ནས་ཤེས་དགོས་པ་དང་མགོ་གང་ནས་གསལ་རྟོགས་བྱུང་དགོས་པས་དེའི་ཐབས་ཐོག་མར་བཀའ་སྩལ་པ་རེད། བདེན་བཞི་ནི་དེའི་དོན་རེད། སྡུག་བསྔལ་ལས་གྲོལ་ཐབས་ཀྱི་ཐབས་མགོ་མ་དེ་གང་ནས་བཙལ་དགོས་པ་དེ་བསྟན་ཡོད། སྡུག་བསྔལ་གྱི་བདེན་པ་དེ་མགོ་མ་བྱས་ནས་གསུང་དགོས་པ་རེད། སྡུག་བསྔལ་གྱི་བདེན་པ་ངོས་མ་ཟིན་ན་དེ་སྤང་འདོད་ཀྱི་བློ་མི་སྐྱེ་ལ། དེ་སྤང་འདོད་ཀྱི་བློ་མ་སྐྱེས་ན་དེ་སྤང་འདོད་ཀྱི་རྒྱུ་རྐྱེན་སོགས་མི་འཚོལ། དེའི་རྐྱེན་གྱིས་བདེན་བཞི་ཐོག་མར་བཀའ་སྩལ་པ་དང༌། ཡང་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ནང་གི་ཆེས་སྙིང་པོ་དང་ཐོག་མ་ཡིན་པའང་རྩ་བ་དེ་ལ་ཐུག་ཡོད། བདེན་པ་བཞི་ནི་སྡུག་བསྔལ་གྱི་བདེན་པ། ཀུན་འབྱུང་གི་བདེན་པ། འགོག་པའི་བདེན་པ། ལམ་གྱི་བདེན་པ་ཞེས་བཞི་བརྩི་བཞིན་ཡོད། བདེན་བཞིའི་ནང་ནས་ཀྱང་ཆེས་གལ་ཆེ་བ་དང་ཤེས་དགོས་པ། ཡང་ན་ཁྱབ་རྒྱ་ཆེ་བ། རྙོག་དྲ་ཆེ་བ་དེ་སྡུག་བསྔལ་གྱི་བདེན་པ་འདི་རེད། འདི་ཡིན་པའི་རྩ་བ་ནི་སྡུག་བསྔལ་གྱི་བདེན་པའི་ནང་ན་ཀུན་འབྱུང་བདེན་པ་སོགས་ཡོད་ཚད་འདུས་ཡོད་པས་ཡིན། དེའི་སྟབས་ཀྱིས་ལེགས་བཤད་གསེར་ཕྲེང་ནའང༌། སྡུག་ཀུན་གཉིས་ཀྱང་ཀུན་འབྱུང་ལ་སྡུག་བདེན་གྱིས་ཁྱབ་ལ། སྡུག་བདེན་ལ་དེས་མ་ཁྱབ་སྟེ། དཔེར་ན་ཀུན་གཞི་དང་སྣོད་ཀྱི་འཇིག་རྟེན་དང་དབང་པོ་ལྔ་དང་གཞན་ཡང་མ་བསྒྲིབས་ལུང་མ་བསྟན་ཟག་བཅས་རྣམས་ལྟ་བུའོ། །[11] ཞེས་གསུངས་ཡོད་པ་རེད། འོན་ཀྱང་སྐབས་འདིར་ཕར་ཕྱིན་རང་ལུགས་ལྟར་ན་ཀུན་གཞི་མི་བཞེད་པ་ཡིན་མོད་གཞུང་འདིར་ཀུན་གཞི་མ་ཁྱབ་པའི་སྐྱོན་དུ་བཞག་པ་ནི་སྔ་རྩོམ་གྱི་རྐྱེན་གྱིས་ཡིན་ནམ་དཔྱད་དོ། །སྡུག་བདེན་ལ་ཀུན་འབྱུང་གིས་མ་ཁྱབ་པའི་རྒྱུ་མཚན་ནི་སྡུག་བདེན་ལ་ཕྱི་ཡི་སྡུག་བདེན་དང་ནང་གི་སྡུག་བདེན་ཞེས་དབྱེ་བ་བཀར་ཚེ། རི་ར་བ་ཁང་ཁྱིམ་ལ་སོགས་པ་ཕྱི་ཡི་སྡུག་བདེན་ཡིན་པ་ལས་ཀུན་འབྱུང་བདེན་པ་མ་རེད། འདིའི་སྐབས་ཀྱི་སྡུག་བསྔལ་གྱི་བདེན་པ་ཟེར་བ་འདི་ནི་དགག་ལན་བསྐལ་བའི་མེ་དཔུང་སོགས་ལས་སྡུག་བདེན་གཏན་ལ་ཕབ་པའི་ཆེད་དུ་རྩོད་པ་འབྱུང་ས་དེ་རེད། དེ་ཡང་སྡུག་བསྔལ་བདེན་པ་འབྱུང་རྐྱེན་གྱི་རྩ་བ་གང་ལ་ཐུག་ཡོད་ཟེར་ན། ཀུན་འབྱུང་བདེན་པ་ལ་བརྟེན་ནས་བྱུང་བ་རེད། ཀུན་འབྱུང་བདེན་པ་ཟེར་བ་ནི་སྡུག་བསྔལ་ཀུན་འབྱུང་སའི་གནས་ཡིན་པས་ལས་དང་ཉོན་མོངས་གཉིས་ཀའི་མིང་ལ་ཀུན་འབྱུང་ཟེར། ཀུན་འབྱུང་བདེན་པ་ཡོད་ཚད་སྡུག་བསྔལ་གྱི་བདེན་པ་ཡིན་པས་ཁྱབ། སྡུག་བསྔལ་གྱི་བདེན་པ་ཡོད་ཚད་ཀུན་འབྱུང་བདེན་པ་ཡིན་པས་མ་ཁྱབ། དེ་བས། འདི་གཉིས་ལ་ཆེ་ཆུང་བསྡུར་ནའང་སྡུག་བསྔལ་གྱི་བདེན་པ་དེ་ཆེ་བ་ཡོད། སྡུག་བསྔལ་བདེན་པའི་ནང་ལ་ཀུན་འབྱུང་བདེན་པ་ཡོད་ཚད་འདུས་ཡོད་པ་རེད། སྡུག་བསྔལ་གྱི་བདེན་པ་གཏན་ལ་ཕབ་ནས་དེའི་གནས་ལུགས་གསལ་ཐག་ཆོད་ནས་ཐེ་ཚོམ་མེད་པར་ངོས་བཟུང་ན་ལམ་ཕྱི་མ་ཕྱི་མ་རྣམས་རིམ་པ་བཞིན་དྲངས་ནས་འོང་བཞིན་ཡོད། སྡུག་བསྔལ་གྱི་བདེན་པ་ལ་ནང་གསེས་དབྱེ་ན། སྡུག་བསྔལ་གྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་བཅས་གསུམ་ཡོད། སྡུག་བསྔལ་གྱི་སྡུག་བསྔལ་ནི་ཚོར་བ་མི་བདེ་བ་དང་ཡང་ན་ཚོར་བ་ཡིད་དུ་མི་འོངས་པ་དག་ལ་བྱ་ཞིང༌། འགྱུར་བའི་སྡུག་བསྔལ་ནི་སྤྱིར་བཏང་རང་ལ་སྣང་བའི་ཟག་བཅས་ཀྱི་ཚོར་བ་བདེ་བ་དང་སིམ་པ་ལ་སོགས་པའི་འགྱུར་བའི་སྡུག་བསྔལ་ལ་འཇོག་དགོས་པ་རེད། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ནི་ཚོར་བ་བདེ་བ་ཡང་མ་ཡིན། ཚོར་བ་སྡུག་བསྔལ་ཡང་མ་ཡིན་པའི་གནས་སྐབས་ཀྱི་ཚོར་བ་བར་མའམ་བཏང་སྙོམས་ཀྱི་གནས་སྐབས་སུ་མི་གསལ་བའི་ཚོར་བ་ཞིག་ཡོད་པ་དེ་ལ་འཇོག་པ་ཡིན། དེའི་རྐྱེན་གྱིས་ང་ཚོ་མི་ཡིན་ན་ནམ་རྒྱུན་དུ་སྐར་ཆ་གཅིག་ལའང་སྡུག་བསྔལ་གསུམ་གྱིས་ཁྱབ་ནས་བསྡད་ཡོད་པ་ལ། རྗེ་ཙོང་ཁ་པས་ཀྱང༌། མུ་མེད་སྲིད་པར་སྐྱེ་ཞིང་སྐྱེ་བ་རུ། །སྡུག་བསྔལ་གསུམ་གྱིས་རྒྱུན་ཆད་མེད་པར་མནར། །ཅེས་གསུངས་ཡོད་པའི་རྒྱུ་མཚན་ཡང་དེ་ལ་ཐུག་པ་རེད། སྡུག་བསྔལ་འདི་གཏན་ལ་ཕབ་པའི་ཆེད་དུ་བརྗོད་དོན་འདི་རྒྱ་ཆེར་གསུངས་ཡོད་པ་རེད། འདི་ནི་དགག་ལན་བསྐལ་བའི་མེ་དཔུང་གི་བརྗོད་དོན་གཙོ་བོ་ཡང་རེད་ཅེས་བཤད་ན་ཆོག་གོ །
      གསུམ། དགག་ལན་བསྐལ་པའི་མེ་དཔུང་གི་ཁྱད་ཆོས།
      དགག་ལན་བསྐལ་པའི་མེ་དཔུང་ལ་ཁྱད་ཆོས་གང་འདྲ་ཡོད་ཅེ་ན། ངས་འདིར་བཤད་འདོད་པ་ནི་དེང་དུས་ཀྱི་ཞིབ་འཇུག་པ་མང་པོ་ཞིག་གི་དཔྱད་པ་དང་མི་མཐུན་ས་ཞིག་ཡོད་པ་ནི། སྤྱིར་དགག་ཡིག་གི་སྐོར་དང་རྩོད་ཡིག་གི་སྐོར་ལ་ཕྱི་ཡི་རྗོད་བྱེད་ཀྱི་ཚིག་གི་རྣམ་པའི་ཆ་ན་ཚིག་རྩུབ་དང་ཡང་ན་སུན་འབྱིན་སོགས་ཀྱི་ཚིག་འགའ་རེ་ཡོད་པ་ཀུན་གྱིས་མཁྱེན་གསལ་རེད། ད་ལྟའི་ཞིབ་འཇུག་པ་མང་པོ་ཞིག་གིས་དེ་ཉིད་སྐྱོན་ཆ་དང་ཞན་ཆ་ཞིག་ལ་བརྩི་བཞིན་འདུག །འདི་བྱུང་བའི་རྒྱུ་རྐྱེན་ངས་བལྟས་ན་མི་རང་ཉིད་ཀྱི་འདུ་ཤེས་འཛིན་སྟངས་ལ་ཐུག་ཡོད་བསམ། རང་ཉིད་རྗོད་བྱེད་ཀྱི་ཚིག་དེ་འདྲ་བ་རྣམས་བློར་མི་འབབ་པ་དང་འཁོན་འཛིན་གྱི་ཐ་སྙད་ཅིག་ལ་ངོས་འཛིན་པ་དེ་ངས་བལྟས་ན་དེ་དག་གི་བསམ་བློ་དང་ཁོག་རྒྱ་དོག་པར་ཐུག་ཡོད་བསམ་མོ། །དེའི་རྒྱུ་མཚན་གྱིས་དགག་བཞག་རྩོམ་ཡིག་གི་རྗོད་བྱེད་ཚིག་གི་ཆ་ལ་སྤྲོས་ཤོམ་རེ་བཀོད་ན་རིགས་པའམ་རྩོད་པའི་མཛེས་རྒྱན་ལྟ་བུ་རེད། དེའི་རྒྱུ་མཚན་ནི་མཚམས་ལན་རེར་ཕ་རོལ་པོའི་སྒྲོ་འདོགས་དེ་ཆོད་དགོས་ན་ཞི་བ་རྐྱང་རྐྱང་གི་སྒོ་ནས་མི་ཆོད་པས་རྩུབ་མོའི་སྒོ་ནས་ཆོད་ཐུབ་པ་ལྟ་བུ་རེད། མཛད་པའི་ནང་ནའང་ཞི་རྒྱས་དབང་དྲག་ཟེར་བ་ཡོད་པ་ལྟར་རེད། གང་ལ་གང་འདུལ་དེ་ལ་དེ་སྟོན་པ། །ཞེས་པ་བཞིན་རང་རང་ལ་སྐབས་སུ་བབ་པ་དང་རང་རང་ལ་འཕྲོད་པའི་གནས་ཚུལ་མི་འདྲ་བ་ཡིན་པར་འདོད་དོ། །
      དེང་སང་མི་ལ་ལ་ཞིག་གིས་དགག་ལན། རྩོད་ཡིག ཡང་ན་དཔྱད་ལན་ཞེས་པའི་ཐ་སྙད་རེ་གོ་ན། དེ་དག་ཉེ་རིང་ཆགས་སྡང་ཞིག་ལ་བརྩི་བཞིན་ཡོད། དེ་ནི་ངེད་རང་གི་ལྟ་ཚུལ་ཡིན་ན་ནམ་རྒྱུན་དཔྱད་པ་ཇི་ལྟར་བཏང་ན་ཡང་དེ་མི་འགྲིག་གི་བསམ་ཡོད། རྩོད་པའི་མཛེས་རྒྱན་དུ་སོང་ན་འཇིག་རྟེན་པའི་འཁོན་འཛིན་ལྟ་བུ་ཞིག་ཏུ་ངོས་འཛིན་དགོས་དོན་མེད་པར་བསམ་མོ། །དེའི་སྟབས་ཀྱིས་རྩོད་པའི་མཛེས་རྒྱན་དུ་བཟུང་ན་ཆོག་བསམ། ཕྱིན་ཆད། ང་ཚོས་དཔྱད་རྩོམ་འབྲི་དུས་ཀྱང་དགག་བཞག་རྩོམ་ཡིག་གི་ནང་ན་འདི་ལྟ་བུའི་མཛེས་རྒྱན་ཡོད་ན་ཆོག་པ་མ་ཟད་ལེགས་པར་འདོད། ཡིན་ནའང༌། ཕྱོགས་སྔའི་མི་གཤིས་ཀྱི་ཆ་དང་སྐྱེ་འབྲས། རང་ཡུལ་གྱི་འཚོ་བ་དང་འབྲེལ་བ་ཡོད་པ། ཡུལ་གྱི་ས་ཆ་དང་མངའ་ཁོངས། ཡང་ན་ཕྱོགས་གཏོགས་དང་འབྲེལ་བའི་དམོད་མོ་དང་འཁོན་འཛིན་གྱི་སྐད་ཆ་ཡོད་ན་མི་ལེགས། གོ་ཐོས་ལྟར་ན། ལ་ལས་རིགས་པ་དང་ལུང་སོགས་བཀོད་རྒྱུ་མེད་པར་ཐད་ཀར་དམོད་མོ་དང་ཚིག་རྩུབ་ཀྱི་སྒོ་ནས་གནོད་པ་བྱེད་པའི་རྩོམ་དང་དགག་ཡིག་མང་པོ་ཡོད། དེ་མིན། དེང་གི་དྲ་ལམ་གྱི་ཞབས་མཆན་བརྒྱབ་པའི་ཁྲོད་ན་རང་མིང་སྦས་པའམ་མ་བཀོད་པའི་ཅོལ་ཆུང་ཕྲ་མེན་མ་དེ་ལྟ་བུ་མང་དུ་མཐོང༌། དེ་ནི་རིག་གནས་པ་ཞིག་དང་ཆུ་ཚད་ཡོད་པའི་རྟགས་ཤིག་མ་རེད། དེ་ལྟ་བུ་མ་ཡིན་པར་ལུང་དང་རིགས་པའི་སྒོ་ནས་བསམ་བློ་བརྗེ་རེས་བྱེད་པ་ནི་ཆེས་གལ་ཆེ་བ་ཞིག་ཡིན་པ་དང་རིག་གཞུང་གི་བ་དན་དགུང་དུ་འདེགས་པའི་གཉེན་དམ་པ་ཉིད་དུ་ཤེས་པར་བྱའོ། །དེ་ཡང་ཇི་སྐད་དུ། སྙན་ངག་མཁན་ལ་ཅི་ཡང་རྒྱན། །ལྟོ་འདུན་ཅན་ལ་ཅི་ཡང་ཟས། །ཞེས་གྲགས་པ་ཡང་དོན་ལ་བདེན་པར་འདུག་དགོས་པ་བསྙོན་དུ་མེད་པའི་ཕྱིར།
གསུམ་པ། ཁོང་གི་དབུ་མའི་ལྟ་བ་དང་འབྲེལ་ཏེ་མི་འཇིགས་སེངྒེའི་ང་རོ་ལ་དཔྱད་པ།
      གཅིག ཀླུ་སྒྲུབ་དགོངས་རྒྱན་གྱི་དགག་ལན་མི་འཇིགས་སེངྒེའི་ང་རོའི་འབྱུང་རྐྱེན།
      དེ་ཡང་དགེ་བཤེས་རིན་པོ་ཆེའི་རིག་གཞུང་བསམ་བློ་ལས་ཁོང་གི་ལྟ་དགོངས་མཚོན་བྱེད་ཀྱི་བཅད་ལྷུག་ཅི་རིགས་ཀྱི་རྩོམ་མང་དུ་སྣང་ནའང་ཀླུ་སྒྲུབ་དགོངས་རྒྱན་ལ་ཆེ་ལོང་ཙམ་བརྟགས་པ་མི་འཇིགས་སེངྒེའི་ང་རོ་འདི་ཉིད་གྲགས་ཆེ་ཞིང་ཞིབ་འཇུག་བྱ་མཁན་ཡང་དེང་འདིར་ཇེ་མང་དུ་འགྲོ་བཞིན་འདུག་པས་ལབ་གླེང་ཅུང་ཟད་ཅིག་བྱ། དགག་ལན་སེངྒེའི་ང་རོ་ནི་དགེ་བཤེས་ཁོང་གིས་སྐུ་ཚེའི་སྨད་ཙམ་དུ་མཛད་ཅིང༌། སྐབས་དེར་ཁོང་ཉིད་ལ་མཚོན་ན་གསུང་རབ་ལ་དཔྱད་པ་རྫོགས་པའི་དུས་ཡིན་པས་ཁོང་གི་གསུང་རྩོམ་མཐའ་དག་ལས་ཆེས་རྩེ་མོ་ལྟ་བུ་རེད་ཅེས་སྨྲ་ཆོག་ཅིང༌། སྤྱིར་དགག་ལན་སེངྒེའི་ང་རོའི་བརྗོད་དོན་གྱི་ཆ་ནི་ནང་རིག་པའི་ལྟ་སྒོམ་སྤྱོད་གསུམ་ལས་ལྟ་བ་དང༌། ལྟ་བ་དེ་ཡང་ཁུངས་བཀའ་ལ་གཏུགས་ནས་གྲུབ་མཐའ་སོ་སོའི་ལྟ་བ་བཤད་འོང་བ་ལས་མཐར་ཐུག་གམ་མཆོག་གྱུར་དབུ་མའི་ལྟ་བ་ཡིན་ལ། དེ་ཡང་ཆོས་ཀྱི་འཁོར་ལོ་བར་པ་སྟེ། མཚན་ཉིད་མེད་པའི་ཆོས་འཁོར་ལ་བརྟེན་ནས་གཏན་ལ་ཕབ་ཅིང༌། མདོའི་གཞུང་ལུགས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་རྒྱས་འབྲིང་བསྡུས་གསུམ་སོགས་བཀའ་བསྩལ་ལ། དེ་ནས་ཡུན་རིང་ཙམ་སོང་བ་ནས་ཤིང་རྟའི་སྲོལ་འབྱེད་རྣམ་གཉིས་ཀྱི་ཡ་གྱལ་མགོན་པོ་ཀླུ་སྒྲུབ་ཀྱིས་ཤེར་ཕྱིན་དགོངས་པ་འགྲེལ་བར་དབུ་མ་རིགས་ཚོགས་དྲུག་སོགས་བརྩམས་ནས་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་གཏན་ལ་ཕབ་སྟེ། རིམ་བཞིན་སློབ་དཔོན་ལེགས་ལྡན་འབྱེད་དང༌། སངས་རྒྱས་བསྐྱངས་དང་སློབ་དཔོན་ཟླ་བ་གྲགས་པ་སོགས་རིམ་བྱོན་གྱི་ནང་གསེས་གྲུབ་མཐའ་མི་འདྲ་བ་ཐལ་རང་གཉིས་སུ་བྱུང་བ་སོགས་རིམ་པར་འཕེལ་ཏེ་རིམ་བཞིན་སྐ་ཅོག་ཞང་གསུམ་གྱི་དུས་ནས་མགོ་བརྩམས་ཏེ་ཡུམ་ཤེར་ཕྱིན་གྱི་གཞུང་དང་དེའི་དགོངས་འགྲེལ་གྱི་རིགས་ཚོགས་བྱམས་ཆོས་སོགས་བོད་གངས་ཅན་གྱི་ལྗོངས་སུ་བསྒྱུར་ཅིང་འཆད་མཉན་སྤེལ། རིམ་པར་འཕེལ་ནས་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་རིང་ལ་བསམ་ཡས་ཆོས་རྩོད་ཆེན་མོ་སོགས་རྒྱ་དཀར་ནག་གི་མཁན་པོ་གཉིས་ཕེབས་ནས་རིག་གཞུང་བགྲོ་གླེང་བྱས་ཤིང༌། སྤྱིར་ལྟ་བའི་མཐར་ཐུག་གི་འབབ་ས་གཅིག་ཀྱང་འཆད་ཚུལ་མི་འདྲ་བ་བྱུང་བ་རེད། དེའི་རྒྱུ་རྐྱེན་ནི་བཀའི་ཁུངས་རང་ནའང་དབུ་མའི་ལྟ་བར་རིམ་ཅན་པའི་ལྟ་བ་དང་ཅིག་ཅར་པའི་ལྟ་བ་གཉིས་བྱུང་ཡོད་ལ། དེ་ལྟར་བྱུང་བས་རྗེས་འབྲངས་པ་རྣམས་ཀྱིས་དེ་གཉིས་ལས་གཙིགས་ཆེར་འཛིན་ཚུལ་མི་འདྲ་བ་བྱུང་སྟེ། སློབ་དཔོན་ཀཱ་མ་ལ་ཤཱི་ལ་རྗེས་འབྲངས་དང་བཅས་པས་རིམ་ཅན་པའི་ལྟ་བ་གཙིགས་ཆེན་གྱིས་སྤེལ་ཅིང༌། ཧྭ་ཤང་མ་ཧཱ་ཡ་ན་ལ་སོགས་པས་ཅིག་ཅར་བའི་ལྟ་བར་གཙིགས་ཆེན་གྱིས་སྤེལ་ཏོ། །
      རིམ་གྱིས་སློབ་རྒྱུན་ཚང་མའི་བློ་ངོར་ལྟ་བ་འདི་གཉིས་འགལ་བར་སྣང་ཞིང་ཕྱོགས་ཁག་གཉིས་སུ་གྱེས་ནས་རིམ་བཞིན་རྗེ་ཙོང་ཁ་པ་ཡབ་སྲས་ལ་ཐུག་གི་བར་དུ་ལྟ་བ་འདི་གཉིས་ཀས་རང་རང་གི་ལྟ་བའི་རྒྱུན་བཟུང་ཞིང༌། རྗེ་ཙོང་ཁ་པས་ཀྱང་སྐུ་ཚེའི་སྟོད་ལ་གོང་ལྟར་བོད་སྔ་རབས་པའི་ལྟ་བའི་རྒྱུན་བཟུང་ཞིང༌། རྗེ་རང་ཉིད་དགུང་ལོ་བཞི་བཅུ་བཞེས་པ་ནས་འགོ་བརྩམས་ཏེ་ཁོང་གི་ལྟ་བ་གཞན་དུ་འགྱུར། དེ་ཡང་ཁོང་གི་གསུང་རྩོམ་སྟེ། དགེ་སྦྱོར་གནད་ཀྱི་དྲི་བ་ལྷག་བསམ་རབ་དཀར་ལས་ཤིན་ཏུ་གསལ་པོར་མཐོང་སྟེ་དེའི་ཚུལ་ཞིབ་ཏུ་ཁོ་བོས་གཞན་ནས་འཆད་པར་འདོད་དོ། །གཙོ་བོ་ཁོང་གི་གསུང་རྩོམ་ལམ་རིམ་ལྷག་མཐོང་ཆེན་མོ་ལས་གཞན་གྱི་ལྟ་གྲུབ་ལ་དགག་བཞག་དང་བཅས་ཁོང་གི་ལྟ་བ་གསར་དུ་རྒྱས་པར་བསྟན་ལ། དེ་ཡང་དགག་ལན་གྱི་ཚུལ་དུ་གནས་ཤིང༌། གཙོ་བོ་བོད་སྔ་རབས་པའི་མཁས་པའམ་ཧྭ་ཤང་གི་ལྟ་བ་ནི་ལྟ་བ་མཐར་ཐུག་མིན་པར་བསྒྲུབས་ཡོད། དེ་ལ་བོད་སྔ་རབས་པའི་ལྟ་བའི་རྒྱུན་འཛིན་པ་ས་སྐྱ་པའི་མཁས་པ་ཆེན་པོ་གོ་ཤཱཀ་སྟག་གསུམ་དང༌། ཀརྨ་མི་བསྐྱོད་རྡོ་རྗེ་སོགས་ཀྱིས་ཐུགས་ལ་མ་བབ་པར་རྗེ་ཙོང་ཁ་པར་མཚན་དངོས་སུ་སྦྱར་མིན་ཅི་རིགས་ཀྱིས་དགག་ལན་གྱི་ཡི་གེ་ཡང་བརྩམས་ཡོད། དེ་ལྟར་ལྟ་བ་མི་འདྲ་བ་གཉིས་ཀའི་རྩོད་པ་རྩོད་ལན་བརྒྱུད་ནས་བྱུང་རིམ་བཞིན་ཉེ་དུས་ཀྱི་དགག་ལན་མི་འཇིགས་སེངྒེའི་ང་རོའི་བར་བརྩམས་ནས་ཐོན། དགག་ལན་སེངྒེའི་ང་རོ་ནི་རྗེ་རིན་པོ་ཆེའི་ལྷག་མཐོང་ཆེན་མོ་གཙོས་ལྟ་བའི་ལེགས་བཤད་ཆེན་མོ་ལྔའི་རྗེས་སུ་འབྲངས་ནས་ཁོང་གི་ལྟ་བའི་ཕྱོགས་སུ་ལངས་ནས་བརྩམས་ཡོད། ཡིན་ནའང་ཁོང་གི་སློབ་མ་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་དབུ་མ་ཀླུ་སྒྲུབ་དགོངས་རྒྱན་དུ་རྗེ་ཙོང་ཁ་པ་ཁོང་གི་སྐུ་ཚེ་སྟོད་ཀྱི་ལྟ་བའམ་བོད་སྔ་རབས་པའི་ལྟ་བ་ནི་ལྟ་བ་མཐར་ཐུག་ཡིན་པར་བསྒྲུབས་ཡོད་པ་ལ། རྗེ་བཙུན་ཤེས་རབ་རྒྱ་མཚོས་དེ་ཉིད་ལ་གཟིགས་གཟོས་མཐོན་པོ་དང་ཐུགས་གཙིགས་ཆེན་པོ་གནང་འདུག་པ་ཁོང་གི་གསུང་ན། ཀླུ་དགོངས་ཞིབ་མོའི་དཔྱོད་ཡུལ་དུ་བླངས་པ་ན་རྣམ་པ་གཉིས་ནས་བཀས་བསྐུལ་ནན་ཆགས་མཛད་པ་ལ་ཐུགས་ཁག་མི་འདུག ངེས་པར་བདག་རང་གིས་འགོག་དགོས་པའི་གསང་གནད་ཐུན་མོང་མ་ཡིན་པ་མང༌།[12]ཞེས་གསུངས་པ་ལས་གོ་བར་འགྱུར། དེ་ལྟར་རྗེ་རིན་པོ་ཆེའི་སྐུ་ཚེའི་སྨད་ཀྱི་ལྟ་བ་དེ་རྗེ་རང་གི་རང་ལུགས་སམ་དགོངས་པ་མཐར་ཐུག་ཏུ་བཟུང་ནས་དགག་ལན་བརྩམས་པ་དེ་ལ་ཡོངས་སུ་གྲགས་པར་དགག་ལན་མི་འཇིགས་སེངྒེའི་ང་རོ་ཞེས་གྲགས་པ་བྱུང་བ་དེ་ཡིན། འདིའི་འབྱུང་ཁུངས་སམ་འབྱུང་རྐྱེན་ནི་མཐར་གཏུགས་ན་ཐ་སྙད་ཚད་མས་གྲུབ་མ་གྲུབ་བམ། ཡང་ན་རིམ་ཅན་པ་དང་ཅིག་ཅར་པའི་ལྟ་བའི་རྩོད་པར་ཐུག་ཡོད་པ་ཤེས་དགོས་སོ། །
      གཉིས། དགག་ལན་སེངྒེའི་ང་རོའི་བརྗོད་དོན་ཞིབ་དཔྱད།
      སྤྱིར་དགག་ལན་འདིའི་བརྗོད་དོན་གྱི་ཆ་ནས་གླེང་རྒྱུ་ནི་ཤིན་ཏུ་དཀའ་བས། རང་ཉིད་ཀྱིས་དཔེ་ངོས་ཀྱི་ངོ་སྤྲོད་ཙམ་བྱ་སྟེ། རྩོད་པ་འདིའི་ནང་དུ་གཙོ་བོ་ཅི་ཞིག་རྩོད་ཀྱིན་ཡོད་ཟེར་ན། སྔ་རབས་མཁས་པ་གོ་ཤཱཀ་སྟག་གསུམ་སོགས་དབུ་མ་ཀླུ་སྒྲུབ་དགོངས་རྒྱན་ཁུངས་དང་བཅས་པས་དོན་དམ་དང་ཀུན་རྫོབ་པའི་བདེན་པ་གཉིས་ལས་ཀུན་རྫོབ་བདེན་པ་འདི་མ་རིག་པ་དང་འཁྲུལ་སྣང་གིས་བསྐྱེད་པ་ཡིན། དེ་བས་འདི་དོན་དམ་པར་མ་གྲུབ་ཅིང་མེད་པས། ཕྱི་ནང་གི་དངོས་པོ་ཡོད་ཚད་མེད་པ་དང་དགག་གཞིའི་ཚུལ་དུ་ཁས་བླངས་ཤིང༌། སྤྱིར་བཏང་གི་སོ་སོ་སྐྱེ་བོ་དང་མིའི་རྒྱུད་ན་ཚད་མ་མེད་པས། དོན་དམ་པར་གྲུབ་པའི་ཆོས་མེད་ཅིང༌། ཀུན་རྫོབ་ཏུ་གྲུབ་པས་གྲུབ་གོ་མི་ཆོད་པར་ཁས་བླངས་ལ། དེའི་དགག་ཕྱོགས་ཀྱི་ཀུན་རྫོབ་པའི་ཆོས་ཡོད་ཚད་སྟོང་སོང་ན། ལས་རྒྱུ་འབྲས་དང་བྱ་བྱེད་ལ་སོགས་པ་དང༌། ཡང་ན་བྱ་བ་བྱེད་མཁན་དང་ཡི་གེ་འབྲི་མཁན། རྩོད་པ་བྱ་མཁན་སོགས་ཀྱང་མེད་འགྲོ་བས་འཇིག་རྟེན་ཐམས་ཅད་སྟོང་འགྲོ་ལ་དེའི་དགོས་དོན་ཡང་མི་འགྲུབ་པས། ཀུན་རྫོབ་ཏུ་གྲུབ་པས་ཀྱང་གྲུབ་གོ་ཆོད་དགོས་ཞེས་པའི་འདོད་ཚུལ་ཁས་བླངས། དེ་ལྟར་ཕྱོགས་གཉིས་ཀའི་ལྟ་བའི་ཁུངས་མགོན་པོ་ཀླུ་སྒྲུབ་ལ་གཏུགས་ཤིང༌། དེ་ཡང་དབུ་མའི་ཟབ་གནད་ཀླུ་སྒྲུབ་དགོངས་རྒྱན་ཞེས་པའི་བསྟན་བཅོས་ཀྱི་མཚན་ལས་ཀྱང་རྟོགས་ལ། མ་ཟད་དབུ་མ་རྩ་བ་ཤེས་རབ་ཀྱི་མཆོད་བརྗོད་དུ། གང་གིས་རྟེན་ཅིང་འབྲེལ་བར་འབྱུང༌། །འགོག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞི་བསྟན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ། །ཞེས་དང༌། སྤྱོད་འཇུག་ལས། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཡིན་པར་འདོད། །ཅེས་སོགས་བློ་འདི་ཀུན་རྫོབ་དང་མ་རིག་པའི་དབང་དུ་གྱུར་པས་དོན་དམ་ནི་དེའི་སྤྱོད་ཡུལ་མིན་ཅིང༌། ཀུན་རྫོབ་ཀྱི་གྲུབ་ཚུལ་ཐམས་ཅད་ཀྱིས་གྲུབ་པའི་གོ་མི་ཆོད་པར་འདོད་ལ། ཡང་ཤེར་ཕྱིན་གྱི་མདོ་ལས། མིག་མེད། རྣ་བ་མེད། སྣ་མེད། སྒྲ ་མེད་སོགས་ཚང་མ་ཚིག་ཟིན་བཞིན་དུ་ཁས་བླངས་ལ། མ་ཟད་མདོ་ཏིང་ངེ་འཛིན་རྒྱལ་པོ་ལས་ཀྱང༌། མིག་དང་རྣ་བ་སྣ་ཡང་ཚད་མ་མིན། །ལྕེ་དང་ལུས་དང་ཡིད་ཀྱང་ཚད་མ་མིན། །གལ་ཏེ་དབང་པོ་འདི་དག་ཚད་ཡིན་ན། །འཕགས་པའི་ལམ་གྱིས་ཁྱོད་ལ་ཅི་ཞིག་བྱ། །ཞེས་པ་སོགས་ཀྱང་ཚིག་ཟིན་བཞིན་ཁས་བླངས་ཏེ་དགག་བྱ་ཁྱབ་ཆེ་བའི་ཕྱོགས་སམ་ཀུན་རྫོབ་པའི་ཆོས་ཏེ། སྣང་བ་རྣམས་མེད་པར་ཁས་བླངས་པས། དོན་གྱིས་ཐ་སྙད་ཚད་མས་མ་གྲུབ་པར་ཁས་ལེན་དགོས། དེ་ཡང་ལུགས་འདིས་ཀྱང་ཁུངས་རྒྱ་བོད་ཀྱི་མཁས་པར་གཏུགས་ཤིང་དེ་ནས་སྟོན་པའི་མདོ་ལ་གཏུགས་ཡོད་པས་ཁུངས་ལུང་མེད་པར་སྨྲས་པ་ཞིག་མིན་པ་ཤེས་དགོས། དགག་ལན་མི་འཇིགས་སེངྒེའི་ང་རོའི་ནང་ནས་ཀྱང༌། འདི་ལྟར་ཁས་བླངས་ཚེ་ཡོད་ཚད་སྟོང་ཞིང་མེད་པར་འགྱུར་ལ། དེ་ལྟར་གྱུར་ན་ཐར་པ་དོན་དུ་གཉེར་མཁན་མེད་ལ། བསླབ་པ་སློབ་གཉེར་བྱེད་མཁན་མེད། ཐོས་བསམ་སྒོམ་གསུམ་བྱེད་མཁན་ཡང་མེད་པས་དེ་ལྟར་མི་རུང་བས། ཀུན་རྫོབ་ཏུ་ཡོད་པས་ཡོད་གོ་ཆོད་དགོས་ལ། བདག་མེད་ཅེས་པའི་བདག་དོན་དམ་པར་གྲུབ་མ་གྲུབ་ཀྱིས་ཡོད་མེད་གཉིས་ཡོད་པ་ལས། བདག་རང་ངོས་ནས་ཡོད་པར་འདོད་དགོས་ཞེས་བདག་ལ་དོན་གྱི་གོ་བ་གཉིས་སུ་བཀར་ལ་དགེ་བཤེས་ཁོང་གིས། གལ་ཏེ་དབང་པོ་འདི་དག་ཚད་ཡིན་ན། །འཕགས་པའི་ལམ་གྱིས་ཅི་བྱ་ཞེས་གསུངས་པ། །བྱང་གི་འབྲོང་རྒོད་ཁབ་ཀྱིས་གསོད་ནུས་ན། །མཚོན་ཆ་ཆེན་པོས་ཅི་བྱེད་ཅེས་པའི་དོན། །སོ་སྐྱེའི་དབང་བློ་འཁྲུལ་སྣང་ཅན་འདི་དག །གནས་ལུགས་རྗེན་པར་མཐོང་བའི་ཚད་ཡིན་ན། །འཕགས་པའི་ལམ་གྱིས་ཅི་ཞིག་བྱ་ཞེས་བཞེད། །[13]ཅེས་མདོ་ཏིང་ངེ་འཛིན་རྒྱལ་པོའི་ལུང་ལ་འགྲེལ་པ་གནང་ནས། དབང་པོ་ལྔ་པོས་རང་ངོས་ནས་དོན་དམ་པའི་བདེན་པ་འཛིན་མི་ནུས་ཤིང་རྟོགས་མི་ནུས།
གལ་ཏེ་དེ་ལྟར་རྟོགས་ན་འཕགས་པའི་ལམ་དང་དེ་རྟོགས་པའི་མཁྱེན་པ་ལ་དགོས་པ་མེད་པས། ཚད་མ་ལ་དབྱེ་ན་དབང་པོ་རང་རང་སོ་སོའི་སྤྱོད་ཡུལ་ཡོད་ཅེས་གསུངས་ཡོད། དཔེར་ན། མིག་གིས་སྒྲ་མི་ཐོས་མོད་སྒྲ་མེད་པར་མི་འགྲུབ་ཅིང་རྣ་བས་གཟུགས་མི་མཐོང་ཡང་གཟུགས་མེད་པར་མི་འགྲུབ་པ་ལྟ་བུར་ཤེས་པ་རང་རང་གི་སྤྱོད་ཡུལ་ལམ་རྣམ་གཞག་བསྟན་ཡོད་པ་མ་གཏོགས་དེ་མེད་པར་བསྒྲུབ་པའི་སྒྲུབ་བྱེད་དུ་བཟུང་ན་མི་འགྲིག་ཅེས་བཀག་ཡོད། ཡང་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། ཡིད་ཀྱིས་མེད་པར་ཐག་ཆོད་ཀྱང༌། །མིག་གིས་ཡོད་པར་མཐོང་བའི་ཚེ། །ཞྭ་སེར་མཁན་པོས་མ་བསླབས་ཀྱང༌། །སྒྱུ་མའི་བློ་ལས་གཞན་ཅི་འབྱུང༌། །[14]ཞེས་གསུངས་པ་ལ་དགག་ལན་སེངྒེའི་ང་རོ་འདིར། ཡིད་ཀྱིས་མེད་པར་ཐག་ཆོད་ཀྱང༌། །མིག་གིས་ཡོད་པར་མཐོང་བའི་ཚེ། །མིག་སྣང་འཁྲུལ་བའི་བློ་སྐྱེ་ཡི། །སྒྱུ་མའི་བློ་ནི་ག་ལ་འབྱུང༌། །[15]ཞེས་གསུངས་ཡོད་པ་ལ་གཟུར་གནས་དཔྱོ ད་ལྡན་དག་གིས་གཤིབ་བསྡུར་གྱིས་དཔྱད་པ་མཛོད་དང་རིགས་པའི་སྣང་བ་སྟེར་ངེས།
      གསུམ། མི་འཇིགས་སེངྒེའི་ང་རོའི་ཁྱད་ཆོས།
      དེ་ཡང་དགག་ལན་འདི་ནི་རྗེ་ཤེས་རབ་རྒྱ་མཚོ་མཆོག་གཞུང་ལུགས་ལ་མངའ་བརྙེས་པའི་སྐབས་སམ་གཞུང་ལུགས་ལ་དཔྱད་པ་མཐར་ཕྱིན་པའི་སྐབས་སུ་བརྩམས་པས་ཁོང་གི་མཁྱེན་རབ་ཀྱི་རྩལ་ལམ་ལྟ་གྲུབ་ཀྱི་ཁྱད་ཆོས་མ་ལུས་པ་འདིའི་ནང་དུ་འུབས་ཀྱིས་འདུས་ཡོད་པ་བསྙོན་དུ་མེད། ཐོག་མར་རྩོམ་སྐུལ་གནང་བ་པོ་ཁྱད་པར་ཅན་རྒྱལ་བའི་ཡོངས་འཛིན་རྣམ་གཉིས་ཀྱིས་ཡང་ཡང་རྩོམ་སྐུལ་མཛད་དེ་གཟིགས་གཟོས་མཐོན་པོ་གནང་བའི་ཆ་ནས་ཁྱད་ཆོས་དང་ལྡན་པ། གཉིས་པ་རྩོམ་སྟངས་ཀྱི་ཆ་ནས་བཤད་ནའང་ཁོང་གིས་དགག་ལན་འདི་རྩོམ་དུས་ཀྱང་མཁས་དབང་དགེ་ཆོས་ཁོང་གི་སློབ་མ་ཡིན་ཤག་གི་སྒོ་ནས་དགེ་རྒན་གྱིས་སློབ་མར་དགག་བཞག་བྱས་པའམ་དཔེ་ཁྲིད་བྱས་པ་སོགས་ཀྱི་ཁྱད་ཆོས་དང་ལྡན་པ། དེར་མ་ཟད་ཁོང་གི་དགག་དུས་ཐོག་མར་གསར་བྱུང་ཀླུ་སྒྲུབ་དགོངས་རྒྱན་འགོག་པ་ལ་མིང་འགོག་པ་དང་གཞུང་འགོག་པ་ཞེས་པར་ཡང་དགོས་པ་ཡོད་ངེས་ཏེ། སྤྱིར་ཀླུ་སྒྲུབ་དགོངས་རྒྱན་ཟེར་ན་དེང་སྐབས་མང་པོ་ཞིག་གིས་མཁས་དབང་དགེ་ཆོས་ཀྱི་བརྩམས་གཞུང་འདི་ཁོ་ན་ལ་གོ་བར་འདུག་མོད། འོན་ཀྱང་དེའི་ཡར་སྔོན་ལའང་ཀླུ་སྒྲུབ་དགོངས་རྒྱན་ཞེས་པའི་དབུ་མའི་གཞུང་ཞིག་ཡོད་དེ། དེའི་གོང་ན་སེ་རའི་ཡིག་ཆའི་བྱེད་པོ་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱིས་མཛད་པའི་ཀར་ལན་ཀླུ་སྒྲུབ་དགོངས་རྒྱན་ཞེས་པ་ཞིག་ཡོད་པས་དེ་ལྟར་གསལ་ཁ་བཏོད་ནས་བཀག་པར་ཤེས་སོ། །
དགག་ལན་སེངྒེའི་ང་རོའི་མགོ་ནས་མཇུག་བར་ལ་ཚད་མའི་རིགས་ལམ་གྱི་འགྲོས་རྐྱང་རྐྱང་གིས་བརྩམས་པའང་ཐུན་མོང་མ་ཡིན་པའི་རྩོམ་རྩལ་གྱི་ཁྱད་ཆོས་སུ་ངེས་པ་ལས་ཕལ་སྐད་ཀྱི་ལམ་ནས་རྩོམ་མི་ཐུབ་པ་ག་ལ་ཡིན། གཙོ་བོ་མ་ཁྱབ་པ་དང་ཁྱབ་ཆེས་པ། ཁྱབ་མཉམ་མ་ཡིན་པ་སོགས་ཀྱི་སྐྱོན་ཆ་དག་གསལ་པོར་བཏོན་ནས། ཞིབ་ཆ་སྔོན་མེད་ཐོན་པའི་ཁྱད་ཆོས་མངའ་ལ། དེ་ཡང་རྗེ་རིན་པོ་ཆེའི་ཞལ་ནས། རིགས་ལམ་རྣམ་པར་ཕྱེད་པའི་རྣམ་དཔྱོད་དང༌། །སོགས་ལྟར་རིགས་ལམ་འདི་སའི་སྟེང་གི་རིན་པོ་ཆེ་གསུམ་གྱི་གྲས་སུ་བཞག་པ་འདི་ནི་ཉམས་མྱོང་ཚད་མའི་བཤད་པ་ཡིན་པས། དགེ་བཤེས་ཁོང་གིས་རིགས་ལམ་གྱི་འགྲོས་ནས་བརྩམས་པ་འདི་ཡང་གནད་ཤིན་ཏུ་ཆེ་བར་སེམས་ཏེ། དེང་གི་ཅོལ་ཆུང་ཁ་བྱང་བལྟ་འགའ་ཞིག་གིས་མཐོང་དཀའ་བར་གྱུར་ཏོ། །ད་དུང་དགག་ལན་འདིའི་ཁྱད་ཆོས་གཞན་ཞིག་ནི་ལུང་འདྲེན་གྱི་སྤྲོས་པ་ཤིན་ཏུ་ཉུང་བས་ཁོང་གིས་རང་གི་མཁྱེན་རབ་ཀྱི་རྩལ་ཁོ་ནས་བརྩམས་པའི་སྔོན་མེད་ཀྱི་ལེགས་བཤད་གསར་པའི་རང་བཞིན་དང་ལྡན་པ་ཡིན།
      ཀླུ་སྒྲུབ་དགོངས་རྒྱན་དང་དེའི་དགག་ལན་སེངྒེའི་ང་རོ་གཉིས་ལ་བརྟེན་ནས་ཆར་རྗེས་ཀྱི་ཤ་མོ་བཞིན་བོད་རིག་པའི་མཁས་པ་མང་པོས་རིགས་པས་དཔྱད་པའི་བརྒལ་ལན་ད་ལྟའི་བར་མང་དུ་བྱུང་ཡོད་ལ། རེ་རེ་བཞིན་བགྲངས་ན་ཚིག་ཚོགས་ལ་འཇིགས་པས། འདིར་དཔེ་མཚོན་ཙམ་བགྲངས་ན། ཐོག་མར་རེབ་གོང་པ་ངག་དབང་ཆོས་གྲགས་ཀྱི་རྩོད་ལན་རང་བྱུང་བདེན་པའི་ཉི་མ་ཞེས་རེབ་གོང་ལྷ་སྡེ་ཨ་ཁུ་ཚང་གིས་ཀླུ་སྒྲུབ་དགོངས་རྒྱན་ལ་དགག་ལན་ཤེས་རབ་ཉི་མའི་སྣང་བ་ཞེས་པ་དེའི་དགག་ལན་དུ་བྲིས། རྙིང་མའི་སྤྲུལ་སྐུ་བློ་བཟང་ནོར་བུས་དབུ་མའི་བཤད་པ་གཟུར་གནས་དགྱེས་པའི་གཏམ་ཞེས་པ་བརྩམས། གདོང་ཐོག་བསྟན་པའི་རྒྱལ་མཚན་གྱིས་དབུ་མ་ཀླུ་སྒྲུབ་དགོངས་རྒྱན་དཔར་སྐྲུན་ལ་འགོ་བརྗོད་བྲིས། ཨ་གནམ་སྤྲུལ་སྐུས་དགག་ལན་མུན་སེལ་སྒྲོན་མེ་བརྩམས། རྔ་བ་རབ་བརྟན་རྒྱ་མཚོའི་དབུ་མའི་སྐབས་ཀྱི་གླེང་མོལ་གཟུར་གནས་མདོངས་མཐའ་དགའ་བའི་འབྲུག་སྒྲ་ཞེས་པ་བརྩམས། ཨ་སྔགས་ཚེ་རིང་བཀྲ་ཤིས་ཀྱིས་དགེ་ཆོས་ཀྱི་དབུ་མའི་རྣམ་བཤད་བློ་ལྡན་རྩེན་པའི་པད་ཚལ་ཞེས་པ་བརྩམས་ཤིང་འདི་དག་ནི་ཀླུ་སྒྲུབ་དགོངས་རྒྱན་གྱི་རིགས་ལམ་གྱི་འགྲོས་ཀྱི་རྟིང་གནོན་དང་དེ་འབྲེལ་གྱི་རིགས་པའི་བརྒལ་ལན་ཡིན་ལ། སེངྒེའི་ང་རོ་ཡི་རྗེས་འབྲང་ལ་རྡ་རམ་ས་ལའི་དགེ་བཤེས་ཚུལ་ཁྲིམས་རྒྱལ་མཚོ་ཡིས་ཚད་མའི་དཀའ་གནད་དུས་ཀྱི་མེ་ལོང་ལས་ཀླུ་སྒྲུབ་དགོངས་རྒྱན་ལ་དགག་བཞག་བྱས་ཤིང༌། སློབ་དཔོན་ཨ་ལག་དོར་ཞི་མཆོག་གིས་འགོ་བརྗོད་ལི་ཤིའི་མེ་ཏོག་ཅེས་པ་དང་དབུ་མའི་དགག་བྱ་འགོག་ཚུལ་ལས་བརྩམས་པ་དག་ལས་དགག་བཞག་སྤྲོས། རིགས་སྨྲ་ཆུ་སྐྱེས་དགེ་འདུན་བསམ་གཏན་གྱིས་འཇིགས་རུང་སྟག་གི་ངར་སྒྲ་ཞེས་པ་དང༌། མདོ་སྨད་པ་ཡོན་ཏན་རྒྱ་མཚོས་གདོང་ཐོག་སྤྲུལ་སྐུའི་དྲིས་ལན་ལུང་རིགས་རྡོ་རྗེའི་ཐོག་མདའ་དང༌། རོང་བོའི་དགེ་བཤེས་བློ་བཟང་ཆོས་གྲགས་དང་སོ་ནག་ཟླ་བས་མཛད་པའི་དགག་ལན། ཏྲེ་ཧོར་ཟླ་བ་ཚེ་རིང་གིས་མཛད་པའི་ཀླུ་དགོངས་སྐོར་གྱི་གླེང་མོལ། མགར་རྩེའི་དགེ་བཤེས་བསྟན་འཛིན་གྱིས་མཛད་པའི་དགག་ལན། རང་གིས་ཀྱང་ཀླུ་སྒྲུབ་དགོངས་རྒྱན་གྱི་དཔྱད་གླེང་བྱམས་བརྩེ་འོ་མའི་བསང་གཏོར་སོགས་ཀྱང་བྲིས་མྱོང་ལ། འདི་ལྟར་མཐའ་དབུས་ཀྱི་རིགས་པ་སྨྲ་བ་རྣམས་ཀྱིས་དགག་བཞག་གི་རྩོམ་ཡིག་མང་དུ་བྱུང་བ་འདིས་ནི་བོད་རིག་པའི་རིག་གནས་ཡར་རྒྱས་ཀྱི་གསོས་སུ་གྱུར་པར་མངོན་པའི་རྟགས་མཚན་ཏོ། །
      དེ་ནས་ཁོང་གི་དགག་བཞག་རྩོམ་ཡིག་གཞན་དག་སྟེ ། སེམས་ཙམ་པའི་ལུགས་ཀྱི་མཚན་ཉིད་གསུམ་གྱི་འཇོག་ཚུལ་སོགས་དབུ་སེམས་ལུགས་ཀྱི་འདོད་ཚུལ་ཡིག་ཆ་དང་མི་མཐུན་པ་དག་ལ་དགག་བཞག་སྤོང་གསུམ་བྱས་ཡོད་པ་སྟེ། དྲ ང་ངེས་གཞུང་གི་ལན་གྱི་རྣམ་པར་གཞག་པ་ལོག་པར་སྨྲ་བ་ཚར་གཅོད་པའི་རལ་གྲི་རྣོ་ངར་འབུམ་ལྡན་ཞེས་བྱ་བ་དང༌། དོགས་དོན་རབ་གསལ་མེ་ལོང་ལྟ་བུར་མཚོན་ན་དབུ་སེམས་གྲུབ་མཐའི་དགག་བཞག་དང༌། སྨྲ་ངན་བྲག་སྐྱ་བྱེ་མར་འཐག་པའི་ཟིལ་གྱིས་སྙེམས་པ་རིགས་ལམ་རྡོ་རྗེའི་ཐོག་མདའ་ལྟ་བུར་མཚོན་ན་ལོག་རྟོག་གིས་ཀུན་ནས་བསླངས་ཏེ་འཇམ་མགོན་བླ་མ་ཙོང་ཁ་པར་སྒྲོ་སྐུར་ངན་སྨྲས་བྱེད་མཁན་དག་ལ་ལུང་རིགས་སྟོང་གི་ངོ་མཚར་ལྟད་མོ་སྤྲོས་ཏེ་ལེགས་པར་བཤད་པ་སོགས་ཤིན་ཏུ་མང་པོ་བཞུགས་ནའང་རེ་ཞིག་ཚིག་ཚོགས་མང་བས་རྗེས་མར་རིམ་བཞིན་དཔྱད་པ་དང་བཅས་ངོ་སྤྲོད་བྱ་འདོད་པ་ཡིན་ནོ། །
      མཆན་འགྲེལ།
      [1] རྗེ་ཤེས་རབ་རྒྱ་མཚོ། རྗེ་བཙུན་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་ཀྱི་གསུང་རྩོམ་པོད་གསུམ་པ་བཞུགས་སོ། །[M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1984ལོའི་ཟླ12པར། ཤ532
      [2] རྗེ་ཤེས་རབ་རྒྱ་མཚོ། རྗེ་བཙུན་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་ཀྱི་གསུང་རྩོམ་པོད་གསུམ་པ་བཞུགས་སོ། །[M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1984ལོའི་ཟླ12པར། ཤ614
      [3] རྗེ་ཙོང་ཁ་པ། བྱ ང་ཆུབ་ལམ་རིམ་ཆེན་མོ་བཞུགས་སོ། །[M] འགྲོ ་ཕན་དཔེ་ཚོགས་དེབ་ཕྲེང་གི་གློག་རྡུལ་འཕྲུལ་དེབ། ཤ1806
      [4] རྗེ་ཙོང་ཁ་པ། བྱ ང་ཆུབ་ལམ་རིམ་ཆེན་མོ་བཞུགས་སོ། །[M] འགྲོ ་ཕན་དཔེ་ཚོགས་དེབ་ཕྲེང་གི་གློག་རྡུལ་འཕྲུལ་དེབ། ཤ1744
      [5] རྗེ་ཤེས་རབ་རྒྱ་མཚོ། རྗེ་བཙུན་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་ཀྱི་གསུང་རྩོམ་པོད་གསུམ་པ་བཞུགས་སོ། །[M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1984ལོའི་ཟླ12པར། ཤ616
      [6] ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་བཀའ་བསྟན་དཔེ་སྡུར་ཁང་ནས་བསྒྲིགས། བཀའ་འགྱུར་དཀར་ཆག སྤྱིའི་པོད་གྲངས107པ། མཚན་ཞབས་པ་སྟག་བྲག་ངག་དབང་གསུང་རབ་དང་སེར་སྨད་ཀོང་པོ་ངག་དབང་བསྟན་འཛིན་གཉིས་ཀྱིས་བརྩམས། མཉམ་མེད་ཤཱཀྱ འི་རྒྱལ་བོའི་བཀའ་གངས་ཅན་འདིར་འགྱུར་རོ་ཅོག་གི་གསུང་པར་འཛམ་གླིང་སྤྱི་ནོར་གྱི་དཀར་ཆག་ལེགས་བཤད་འཕྲུལ་གྱི་ལྡེ ་མིག་ཅེས་བྱ་བ་བཞུགས་སོ། །[M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2008ལོའི་ཟླ9པར། ཤ790
      [7] ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་བཀའ་བསྟན་དཔེ་སྡུར་ཁང་ནས་བསྒྲིགས། བཀའ་འགྱུར་དཀར་ཆག སྤྱིའི་པོད་གྲངས108པ། ལྡོ ང་ངེའི་བསྟན་འཛིན་གྲགས་པས་བརྩམས། བཀའ་འགྱུར་དཔེ་སྡུར་མའི་དཀར་ཆག་ཆེན་མོ་ཟླ་བ་ནོར་བུའི་མེ་ལོང་ཞེས་བྱ་བ་བཞུགས་སོ། །[M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2008ལོའི་ཟླ9པར། ཤ126
      [8] པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་གསུང་པོད་དང་པོ། བླ ་མ་མཆོད་པའི་ཆོ་ག་བཞུགས་སོ། །[M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2009ལོའི་ཟླ4པར། ཤ543
      [9] ཀུན་མཁྱེན་འཇམ་དབྱངས་བཞད་པ། བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་མཐའ་དཔྱོད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཀུན་གསལ་བའི་རིན་ཆེན་སྒྲོན་མེ་ཞེས་བྱ་བ་ལེགས་པར་བཞུགས་སོ། །[M] སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་བསྒྲིགས་ཁང་ནས་བསྒྲིགས། སྟོ ད་ཆ། གངས་ཅན་ཁྱད་ནོར་པོད་ཕྲེང48པ། ཤ213
      [10] ཡོངས་འཛིན་སྒེའུ་སྟེང་བློ་བཟང་དཔལ་ལྡན། བློ་བཟང་དཔལ་ལྡན་གྱི་ལྗགས་རྩོམ་ཕྱོགས་བསྒྲིགས། བར་ཆ།[M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 1990ལོའི་ཟླ10པར། ཤ6
      [11] རྗེ་ཙོང་ཁ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པའི་རྒྱ་ཆེར་བཤད་པ་ལེགས་བཤད་གསེར་གྱི་ཕྲེང་བ་ཞེས་བྱ་བ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1986ལོའི་ཟླ12པར། ཤ194
      [12] རྗེ་ཤེས་རབ་རྒྱ་མཚོ། རྗེ་བཙུན་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་ཀྱི་གསུང་རྩོམ་པོད་གསུམ་པ་བཞུགས་སོ། །[M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1984ལོའི་ཟླ12པར། ཤ575
      [13] རྗེ་ཤེས་རབ་རྒྱ་མཚོ། རྗེ་བཙུན་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་ཀྱི་གསུང་རྩོམ་པོད་གསུམ་པ་བཞུགས་སོ། །[M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1984ལོའི་ཟླ12པར། ཤ57
      [14] དགེ་འདུན་ཆོས་འཕེལ། དབུ་མའི་ཟབ་གནད་ཀླུ་སྒྲུབ་དགོངས་རྒྱན་ཞེས་བྱ་བ།[M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་བསྐྲུན། པོད་གཉིས་པ། 1990ལོའི་ཟླ4པར། ཤ292-293
      [15] རྗེ་ཤེས་རབ་རྒྱ་མཚོ། རྗེ་བཙུན་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་ཀྱི་གསུང་རྩོམ་པོད་གསུམ་པ་བཞུགས་སོ། །[M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1984ལོའི་ཟླ12པར། ཤ19
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1