དབུལ་ཕོངས་སློབ་མར་སློབ་རའི་སྒོ་ཆེན་ཡངས་པོར་ཕྱེས།

འོད་གསལ་མཚོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བ་བོད་ཡིག་གསར་འགྱུར། སྤེལ་དུས། 11-03


འབར་ཁམས་གྲོང་ཁྱེར་གྱི་སློབ་གསོའི་རོགས་སྐྱོར་སྤེལ་ཚུལ་བཀོད་པ།


     དབུལ་ཕོངས་སེལ་ན་མུན་དང་རྨོངས་པ་སེལ།།དབུལ་ཕོངས་སྐྱོར་ན་བློ་དང་རིག་པས་སྐྱོར།།ཕུགས་རྒྱང་བསམ་ན་སློབ་གསོ་རོགས་སྐྱོར་ནི་དབུལ་སྐྱོར་གནད་འཁེལ་གྱི་རྩ་བའི་ཇུས་གཞི་ཡིན།
     འབར་ཁམས་གྲོང་ཁྱེར་གྱིས་འོས་འགན་སློབ་གསོར་འགན་ལེན་ཡོད་ཅེས་དང་ཡུལ་ཚོ་རེ་རེར་ཚད་ལྡན་སློབ་ཆུང་ཡོད་ཅེས་པའི་དབུལ་བྲལ་གནད་སྒྲོལ་གྱི་བླང་བྱར་དམིགས་ནས། ལོ་བཅོ་ལྔའི་འོས་འགན་སློབ་གསོ་ནན་གྱིས་ལག་ཏུ་བསྟར་པས་སློབ་བྱོལ་བྱུང་མེད། དམངས་ཕན་སྲིད་ཇུས་ཀུན་ནས་དོན་འཁྱོལ་བྱས་ཏེ། དབུལ་ཕོངས་ཁྱིམ་ཚང་གི་སློབ་མ་སློབ་ཤོར་མི་འབྱུང་བ་ཁག་ཐེག་བྱས།

སློབ་གསོ་ཀུན་ལ་ཕན།། གྲོན་དངུལ་མང་དུ་བཏང་།།
     སློབ་གསོ་རོགས་སྐྱོར་ནི་དབུལ་ཕོངས་རྩ་ནས་འབྱིན་པར་བྱེད་པ་དང་མི་རབས་ནས་མི་རབས་སྐྱོང་བའི་ཐབས་ཤེས་གལ་ཆེན་ཞིག་ཡིན་པས། འབར་ཁམས་གྲོང་ཁྱེར་གྱིས་སློབ་རོགས་ཀྱི་སྲིད་ཇུས་གང་ལེགས་སྒོས་ལག་བསྟར་དང་གྲོན་དངུལ་མང་དུ་བཏང་། སྡོམ་རྩིས་ལྟར་ན། གྲོང་ཁྱེར་དེས་སློབ་གསོའི་རོགས་སྐྱོར་2014ལོར་ཁྱོན་སྒོར་ཁྲི་1800.71བཏང་བ་དང་2020ལོར་སྒོར་ཁྲི་2929.96ཏུ་བཏང་ཡོད། ཉེ་བའི་ལོ་ཤས་རིང་། འབར་ཁམས་གྲོང་ཁྱེར་གྱིས་ཡིག་ཚགས་བཀོད་ཅིང་བྱང་བུ་བཟོས་པའི་དབུལ་ཁྱིམ་གྱི་བུ་ཕྲུག་རྣམས་ལ་ཁྱིམ་ཚང་རེར་ཡིག་ཚགས་རེ་དང་སློབ་མ་རེ་ལ་ཇུས་གཞི་རེའི་རྩ་དོན་ལྟར་དབུལ་སྐྱོར་གནད་འཁེལ་བྱས། 2019ལོར་གྲོང་ཁྱེར་ཡོངས་སུ་གྲོན་དངུལ་སྒོར་ཁྲི་49.02བཏང་སྟེ་ཡིག་ཚགས་བཀོད་ཅིང་བྱང་བུ་བཟོས་པའི་སློབ་མ་575དང་། ཡིག་ཚགས་བཀོད་ཅིང་བྱང་བུ་བཟོས་པ་མིན་པའི་འབྲིང་རིམ་ཡན་གྱི་སློབ་མ་1112ལ་རོགས་སྐྱོར་བྱས། གྲོང་ཁྱེར་ཡོངས་ཀྱི་ཡིག་ཚགས་བཀོད་ཅིང་བྱང་བུ་བཟོས་པའི་དབུལ་ཕོངས་སློབ་མ་394ཁྲོད་དབུལ་བའི་དབང་གིས་སློབ་བྱོལ་བྱུང་བ་གཅིག་ཀྱང་མེད།

ཞན་ཆ་ལེགས་པོར་གསབ།།  སློབ་གསོ་སྙོམས་པོར་སྤེལ།།
     འབར་ཁམས་གྲོང་ཁྱེར་གྱིས་སློབ་གྲྭ་དག་གི་ཁང་རྙིང་བཤིགས་ཏེ་དེང་རབས་ཀྱི་ཁྱད་ཆོས་ལྡན་པའི་ཁང་གསར་མང་དུ་བསྐྲུན་པས། སློབ་གྲྭ་དག་གི་སློབ་ཁྲིད་ཐོག་ཁང་རེ་རེ་ནི་མིག་དབང་འཕྲོག་པའི་མཛེས་ལྗོངས་ཤིག་ཏུ་གྱུར།
     ཉེ་བའི་ལོ་ཤས་རིང་། འབར་ཁམས་གྲོང་ཁྱེར་གྱིས་དབུལ་སྡེའི་སློབ་སྒྲུབ་ཆ་རྐྱེན་ཇེ་ལེགས་སུ་གཏོང་བ་ནས་མགོ་བརྩམས་ཏེ། གྲོན་དངུལ་མང་དུ་བསྡུས་ཏེ་ཡུལ་ཚོ་དང་གྲོང་རྡལ་གྱི་ལྟེ་བའི་སློབ་ཆུང་གི་ཚོད་ལྟ་ཁང་དང་ཉེན་ཁང་ཞིག་གསོ། སློབ་ཁྲིད་ཐོག་ཁང་གསར་བསྐྲུན་སོགས་ལས་གཞི་ལེགས་པར་བསྒྲུབས་པས། གྲོང་ཁྱེར་ཡོངས་ཀྱི་སློབ་གྲྭ་སོ་སོའི་ཆ་རྐྱེན་ཇེ་བཟང་ཇེ་ལེགས་སུ་སོང་ཡོད་ལ། སློབ་གྲྭའི་ཕྱིའི་རྣམ་པར་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།
     དེ་མིན། སློབ་གསོའི་ཞན་ཆ་ལེགས་བཅོས་བཏང་ནས། དགེ་རྒན་གྱི་སློབ་ཁྲིད་ཆུ་ཚད་ཇེ་མཐོར་བཏང།
     དགེ་རྒན་དཔུང་ཁག་གི་སྟོབས་ཤུགས་ཅུང་ཞན་པར་དམིགས་ནས། འབར་ཁམས་གྲོང་ཁྱེར་གྱིས་གསོ་སྦྱོང་དང་གསོ་སྐྱོང་། ནང་འདྲེན། སློབ་རོགས་སོགས་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས། 2018ལོ་ནས་2019ལོའི་བར་གྲོང་ཁྱེར་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་མི་ཐེངས་2000ལྷག་ལ་གསོ་སྦྱོང་བྱས་ཤིང་། འོས་འགན་སློབ་གསོའི་སྐབས་ཀྱི་དགེ་རྒན་གྱི་སློབ་ཁྲིད་རིག་གནས་ཆུ་ཚད་དང་དགེ་རྒན་ཐོབ་ཁང་གི་ཚད་གཞི་བརྒྱ་ཆ་100ལ་བསླེབས་ཡོད་པས། སློབ་མ་རེ་རེ་སྤུས་ལེགས་སློབ་གསོའི་ཉི་འོད་འཇམ་པོའི་འོག་འཚར་ལོངས་བྱུང་དང་འབྱུང་བཞིན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1