༄༅།།ཉེས་ཁྲིམས་བཟོ་བཅོས་འཆར་ཟིན(བཅུ་གཅིག་པ)གྱི་ཞུ་དག་གཉིས་པའི་མ་ཟིན་ལ་ལྟ་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 11-03


        རང་རྒྱལ་གྱི་ཉེས་ཁྲིམས་བཟོ་བཅོས་བྱ་བས་གོམ་པ་གལ་ཆེན་ཞིག་སྤོས། ཟླ10པའི་ཚེས13ཉིན།ཉེས་ཁྲིམས་བཟོ་བཅོས་འཆར་ཟིན(བཅུ་གཅིག་པ)གྱི་ཞུ་དག་གཉིས་པའི་མ་ཟིན་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཕུལ་ཏེ་གྲོས་ཞིབ་གནང་རོགས་ཞུས།ཉེས་དོན་འགན་འཁྲིའི་ལོ་ཚོད་ཁ་ཤས་ཇེ་ཆུང་དུ་གཏོང་བ་དང་།དམིགས་བསལ་གནས་ཚུལ་འོག་གི“འཁྲིག་སྤྱོད་མོས་མཐུན་ལོ་ཚོད”ཇེ་མཐོར་གཏོང་བ།“གཞན་མིང་རང་ཁྱེར་གྱིས་སློབ་གྲྭ་ཆེན་མོར་འགྲིམ་པ”སོགས་ཉེས་ཁྲིམས་ཀྱི་ནང་དུ་བཀོད་ཡོད་པས།ཞུ་དག་གཉིས་པའི་མ་ཟིན་སྟེང་གི་བཟོ་བཅོས་རབ་དང་རིམ་པར་སྤྱི་ཚོགས་ཀྱི་ཐུགས་ཁུར་ཆེན་པོ་ཐོབ་ཡོད།

དང་པོ། ཉེས་དོན་འགན་འཁྲིའི་ལོ་ཚོད་ཁ་ཤས་ཇེ་ཆུང་དུ་གཏོང་རྒྱུ་རེད།
        ཉེ་བའི་ལོ་འདི་འགར།ལོ14མན་གྱི་ནར་མ་སོན་པའི་མིས་དྲག་ཤུགས་ཉེས་བསགས་ཚབས་ཆེན་བཟོ་བའི་དོན་དག་མི་ཉུང་བ་འབྱུང་བཞིན་ཡོད་པས།མཐོང་བ་ཙམ་གྱིས་ཧང་སངས་དགོས་པ་ཞིག་རེད་མོད།འོན་ཀྱང་རང་རྒྱལ་གྱི་ད་སྤྱོད་ཉེས་ཁྲིམས་ནང་དུ།ལོ14མན་གྱི་ནར་མ་སོན་པའི་མིས་ཉེས་དོན་འགན་འཁྲི་འཁུར་མི་དགོས་པར་གཏན་འཁེལ་བྱས་ཡོད།
        ད་ལྟ་སྤྱི་ཚོགས་ལས་རིགས་ཁག་ཏུ་ཉེས་ཁྲིམས་བཟོ་བཅོས་དང་ཁྲིམས་བཀོད་ཉེས་ཁྲིམས་འགན་འཁྲིའི་ལོ་ཚོད་ཇེ་ཆུང་དུ་གཏོང་དགོས་པའི་འབོད་སྒྲ་ཇེ་ཆེ་ནས་ཇེ་ཆེ་རེད།ཉེས་དོན་བཟོ་བཅོས་འཆར་ཟིན(བཅུ་གཅིག་པ)གྱི་ཞུ་དག་གཉིས་པའི་མ་ཟིན་ལས་ལན་བཏབ་ཡོད་པ་སྟེ། ལོ12ཡན་དང་ལོ14མན་གྱི་མིས་བསམ་བཞིན་དུ་མི་བསད་པ་དང་བསམ་བཞིན་དུ་མི་གཞན་ལ་གནོད་འཚེ་བཏང་སྟེ།ཤི་རྨས་བཟོས་པ་དང་གནས་ཚུལ་ཚབས་ཆེན་ཡིན་ན།ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་མཆན་བཀོད་རྗེས།ཉེས་དོན་འགན་འཁྲི་འཁུར་དགོས་པ་གཏན་འཁེལ་གསལ་པོ་བྱས་ཡོད།
        གཏན་འཁེལ་དེས“དམིགས་བསལ་གནས་ཚུལ་འོག་ཏུ་དམིགས་བསལ་གོ་རིམ་བརྒྱུད”པའི་སྔོན་འགྲོའི་ཆ་རྐྱེན་འོག ལོ12ནས་ལོ14བར་གྱི་ནར་མ་སོན་པའི་མི་ནི་འགན་འཁྲི་འཁུར་མི་དགོས་པའི་མི་ཚོགས་ཀྱི་གྲས་ནས་བླངས་ཡོད་པ་རེད།
        ཀྲུང་གོའི་ཉེས་དོན་ཁྲིམས་ལུགས་རིག་པ་ཞིབ་འཇུག་ཁང་གི་དྲུང་ཡིག་ཆེན་མོ་ཕེང་ཞིན་ལིན་གྱིས་བསྟན་དོན།འཆར་ཟིན་སྟེང་ལོ12ནས14བར་གྱི་མི་ལ་དམིགས་བསལ་གྱི་གཏན་འཁེལ་བྱས་པ་དེ་ནི་འོས་ཤིང་འཚམ་པ་ཞིག་རེད།རང་རྒྱལ་གྱི་ད་སྤྱོད་ཉེས་དོན་འགན་འཁྲིའི་ལོ་ཚོད་ཀྱི་གཏན་འཁེལ་དེ་ནི་ལོ་རྒྱུས་རིག་གནས་ཀྱི་སྲོལ་རྒྱུན་དང་ཉེས་དོན་སྲིད་ཇུས།བྱིས་པའི་འཚར་ལོངས་གནས་ཚུལ།སློབ་གསོ་མྱངས་པའི་དུས་ཡུན་དང་སྤྱི་ཚོགས་ཉམས་མྱོང་སོགས་རྒྱུ་རྐྱེན་མང་པོར་བསམ་གཞིག་བཏང་རྗེས། ད་གཟོད་བཏོན་པའི་བརྡར་གཅོད་ཅིག་ཡིན་ལ།དེར་ལོ་རྒྱུས་ཀྱི་ཞིབ་བཤེར་ཐོབ་ཡོད་པས། ལོ་ཚད་ཁྱབ་མཉམ་གྱིས་ཇེ་ཆུང་དུ་བཏང་ན་མི་འགྲིག་པ་རེད།དེའི་རྐྱེན་གྱིས་འཆར་ཟིན་སྟེང་ཉེས་དོན་འགན་འཁྲིའི་ལོ་ཚོད་ཇེ་ཆུང་དུ་གཏོང་བའི་གནས་ཚུལ་ལ་ཚད་བཀག་ནན་མོ་བཟོས་ཡོད།
        “ཉེས་དོན་འགན་འཁྲིའི་ལོ་ཚོད་ཁ་ཤས་ཇེ་དམའ་རུ་བཏང་སྟེ།སྤྱི་ཚོགས་ལ་གནོད་འཚེ་ཚབས་ཆེན་བཟོས་པའི་ནར་མ་སོན་པའི་ལོ་ཆུང་གཞོན་ནུའི་ཉེས་བསགས་ཚབས་ཆེན་ལ་ཁྲིམས་འདོམས་ནན་མོ་བྱས་ཏེ།སྤྱི་ཚོགས་ཀྱི་དྲང་སྙོམས་དྲང་བདེན་དང་སྤྱི་ཚོགས་བདེ་འཇགས་ལ་སྲུང་སྐྱོང་བྱེད་ཆོག དེ་ལྟར་བྱས་ན་སྤྱི་ཚོགས་ཀྱི་ཐུགས་ཁུར་ལ་ལན་བཏབ་པར་མ་ཟད།དམ་ལྷོད་ཟུང་འབྲེལ་གྱི་ཉེས་དོན་སྲིད་ཇུས་ཀྱང་མཚོན་ཡོད”ཅེས་ཕེང་ཞིན་ལིན་གྱིས་དེ་ལྟར་བཤད།

གཉིས་པ །བུ་མོ་ཆུང་ཆུང་ལ་ལོག་གཡེམ་བྱེད་པར་ཁྲིམས་ཐག་ནན་མོ་གཅོད་རྒྱུ་རེད།
        ཉེ་བའི་ལོ་འདི་འགར།བུ་མོ་ཆུང་ཆུང་ལ་ལོག་གཡེམ་བྱེད་པའི་གྱོད་དོན་མང་པོ་བྱུང་ཞིང་། སྤྱི་ཚོགས་ལས་རིགས་ཁག་གིས་བཟོད་སྒོམ་བྱེད་མི་ཐུབ་པའི་གནས་སུ་ལྷུང་ཡོད་པས།བཅའ་ཁྲིམས་ཀྱིས་ནུས་ཤུགས་ཆེན་པོ་བཏོན་ནས་ཆད་པ་ནན་མོ་གཅོད་པར་རེ་བ་ཆེན་པོ་བཟུང་ཡོད།
        ལྟ་སྐྱོང་པ་དང་ཉར་གསོ་མཁན་གྱི་འདྲེ་ལག་བུ་མོ་ཆུང་ཆུང་གི་སྟེང་དུ་བསྲིངས་པར་དམིགས་ནས།ཉེས་ཁྲིམས་བཟོ་བཅོས་འཆར་ཟིན(བཅུ་གཅིག་པ)གྱི་ཞུ་དག་གཉིས་པའི་མ་ཟིན་ནང་དུ་དམིགས་བསལ་འགན་ཁུར་མི་སྣས་འཁྲིག་སྤྱོད་བཙན་གནོད་གཏོང་བའི་ཉེས་པ་ཆེད་དུ་ཁ་སྣོན་བྱས་ཡོད།
        འཆར་ཟིན་སྟེང་གཏན་འཁེལ་བྱས་ཡོད་པ་སྟེ།ལོ12ཡན་དང་ལོ14མན་གྱི་ནར་མ་སོན་པའི་བུད་མེད་ལ་ལྟ་སྐྱོང་དང་ཉར་གསོ།ལྟ་རྟོག སློབ་གསོ། སྨན་བཅོས་སོགས་བྱེད་མཁན་གྱི་དམིགས་བསལ་འགན་ཁུར་མི་སྣ་དང་ནར་མ་སོན་པའི་བུད་མེད་དེའི་བར་ལ་ལུས་འབྲེལ་བྱུང་ན།ལོ3མན་གྱི་དུས་བཀག་བཙོན་འཇུག་བྱེད་རྒྱུ་དང་།གནས་ཚུལ་ཚབས་ཆེན་ཡིན་ན།ལོ3ཡན་དང་ལོ10མན་གྱི་དུས་བཀག་བཙོན་འཇུག་བྱེད་རྒྱུ།
        གལ་ཏེ་ལུས་འབྲེལ་བྱུང་བ་ཡིན་ཕྱིན། ཅིག་ཤོས་དེ་འཐད་པ་བྱུང་ཡོད་མེད་གང་ཞིག་ཡིན་རུང་ཉེས་དོན་འགན་འཁྲི་རྩད་གཅོད་བྱེད་རྒྱུ་ཡིན་པ་དང་།དོན་གྱིས་དེ་ནི་དམིགས་བསལ་གནས་ཚུལ་འོག་གི“འཁྲིག་སྤྱོད་མོས་མཐུན་ལོ་ཚོད”ཇེ་མཐོར་བཏང་བའང་རེད།
        “ལོ14ནས16བར་གྱི་མི་ལ་དབྱེ་འབྱེད་ནུས་པ་ངེས་ཅན་ཞིག་ལྡན་པས།མི་རྒྱུས་མེད་ཀྱི་འཁྲིག་སྤྱོད་གནོད་འཚེ་ལ་འགོག་རྒོལ་བྱེད་པའི་ནུས་པ་ལྡན་མོད།འོན་ཀྱང་རྒྱུས་ཡོད་དང་ཉེ་འགྲམ་གྱི་མི་དང་འཕྲད་ཚེ་ཁོ་ཚོའི་རང་སྲུང་གི་ནུས་པ་ཇེ་ཞན་དུ་འགྲོ་ངེས་པ་དང་འགོག་རྒོལ་གྱི་ནུས་པ་མངོན་གསལ་གྱིས་མི་འདང་བས།མི་རྒྱུས་ཡོད་ཀྱི་གནོད་འཚེ་ཐེབས་རྒྱུ་ཧ་ཅང་སླ་བ་རེད”ཅེས་ཡོན་ཉིན་ཉིན་གྱིས་དེ་ལྟར་བཤད།
        ཕེང་ཞིན་ལིན་གྱིས་བསྟན་དོན།ལྟ་སྐྱོང་པ་དང་ཉར་གསོ་མཁན་སོགས་དམིགས་བསལ་འགན་ཁུར་མི་སྣས་རང་ཉིད་ཀྱི་གོ་གནས་བེད་སྤྱད་དེ་འཁྲིག་སྤྱོད་བཙན་གནོད་བྱེད་ཀྱིན་ཡོད་པས།སྤྱི་ཚོགས་ལ་གནོད་འཚེ་ཚབས་ཆེན་བཟོས་ཡོད་ལ།གནོད་འཚེ་ཐེབས་མཁན་ལ་ལྷག་པར་ཉེན་ཁ་ཆེ་བས།ཉེས་ཁྲིམས་སྟེང་དེ་ལ་ཁ་གཏད་རང་བཞིན་གྱི་གཏན་འཁེལ་བྱས་པ་ནི་ཧ་ཅང་དགོས་གལ་ཆེ་བ་ཞིག་རེད།ལོ14ནས16བར་གྱི་བུད་མེད་རྣམས་ལ་སྤྱི་ཚོགས་ཀྱི་ཉམས་མྱོང་ཞན་ཞིང“འཁྲིག་སྤྱོད་མོས་མཐུན་གྱི་ནུས་པ”སྔར་བཞིན་ཞན་པས།འཆར་ཟིན་སྟེང་གི་གཏན་འཁེལ་གྱིས་དེའི་རིག་སྟོབས་འཚར་ལོངས་གནས་ཚུལ་ལ་བསམ་བློ་བཏང་ཡོད།
        བུ་མོ་ཆུང་ཆུང་ལ་ལོག་གཡེམ་བྱེད་པའི་ཐད་ནས།འཆར་ཟིན་སྟེང་དུ་གཏན་འཁེལ་ཁ་སྣོན་བྱས་ཡོད་པ་སྟེ།ལོ10མན་གྱི་བུ་མོ་ཆུང་ཆུང་ལ་ལོག་གཡེམ་དང་ཡང་ན་བུ་མོ་ཆུང་ཆུང་ལ་གནོད་འཚེ་ཚབས་ཆེན་བཏང་སྟེ།ཉེས་ཆད་དེ་ལས་ལྗིད་མོ་ཕོག་འོས་པ་ཡིན་ན།ལོ10ཡན་གྱི་དུས་བཀག་བཙོན་འཇུག་གམ་ཚེ་བཙོན་དང་ཡང་ན་སྲོག་ཆད་བཅད་ཆོག་པ་གཏན་འཁེལ་བྱས་ཡོད།
        གསུམ་པ།“གཞན་མིང་རང་ཁྱེར་གྱིས་སློབ་གྲྭ་ཆེན་མོར་འགྲིམ་པ”དེ་ཉེས་ཁྲིམས་ཀྱི་ནང་དུ་འགོད་རྒྱུ་རེད།
        ས་ཆ་ཁ་ཤས་སུ་སློབ་གསོ་སློབ་བསྡུའི་ཐད་ནས་གཞན་མིང་རང་ཁྱེར་བྱེད་པའི་གནས་ཚུལ་འབྱུང་གིན་ཡོད་པས།གཞན་གྱི་ཁེ་ཕན་ལ་གནོད་འཚེ་ཚབས་ཆེན་བཏང་བར་མ་ཟད།སྤྱི་ཚོགས་ཀྱི་དྲང་སྙོམས་དྲང་བདེན་གྱི་ཚད་ཐིག་ལ་གཏོར་བརླག་བཏང་བས།གླེང་ཕྱོགས་ཀྱི་ཐུགས་ཁུར་ཆེན་པོ་ཐོབ་ཡོད།
        ཉེས་ཁྲིམས་བཟོ་བཅོས་འཆར་ཟིན(བཅུ་གཅིག་པ)གྱི་ཞུ་དག་གཉིས་པའི་མ་ཟིན་སྟེང་དེ་ལ་ལན་བཏབ་སྟེ།“གཞན་མིང་རང་ཁྱེར་གྱིས་སློབ་གྲྭ་ཆེན་མོར་འགྲིམ་པ”དེ་ཉེས་བསགས་སུ་གཏན་འཁེལ་བྱས་ཡོད།
        འཆར་ཟིན་སྟེང་གཏན་འཁེལ་བྱས་པ་ལྟར་ན།མི་གཞན་གྱི་ཐོབ་ཐང་ཧམ་སྤྱོད་དང་རྫུས་སྤྱོད་བྱས་ཏེ།མཐོ་རིམ་སློབ་གྲྭར་སློབ་གཉེར་བྱེད་པའི་ཐོབ་ཐང་ཐོབ་པ་དང་གཞུང་ཞབས་པའི་ཐོབ་ཐང་ཐོབ་པ།ལས་ཞུགས་བཀོད་སྒྲིག་ཐོབ་པ་སོགས་ལ།ལོ3མན་གྱི་དུས་བཀག་བཙོན་འཇུག་དང་བཀག་སྐྱིལ་བྱེད་རྒྱུ་མ་ཟད།རྩིས་སྤྲོད་དོ་དམ་བྱས་ཏེ་དངུལ་ཆད་གཅོད་རྒྱུ་རེད།
        “གཞན་མིང་རང་ཁྱེར་བྱས་ཏེ་སློབ་གྲྭ་ཆེན་མོར་འགྲིམ་པར་སྤྱི་ཚོགས་ཀྱི་གནོད་འཚེ་རང་བཞིན་ཚབས་ཆེན་ལྡན་པས།ཉེས་དོན་ཁྲིམས་འདོམས་བྱེད་པའི་དགོས་མཁོ་ཧ་ཅང་ཆེ”ཞེས་ཕེང་ཞིན་ལིན་གྱིས་དེ་ལྟར་བཤད་པ་དང་།འཆར་ཟིན་བཟོ་བཅོས་བྱས་པ་དེས་གཞན་མིང་རང་ཁྱེར་གྱིས་སློབ་གྲྭ་ཆེན་མོར་འགྲིམ་པ་སོགས་ཀྱི་བྱ་སྤྱོད་ལ་ཆད་པ་སྔར་ལས་ལྗིད་མོ་གཅོད་པའི་ཐད་ཉེས་དོན་བཅའ་ཁྲིམས་ཀྱི་རྒྱབ་སྐྱོར་ཆེན་པོ་འདོན་སྤྲོད་བྱས་ཡོད།
        འཆར་ཟིན་སྟེང་ད་རུང་གཏན་འཁེལ་བྱས་ཡོད་པ་སྟེ།གོང་གི་བྱ་སྤྱོད་དེའི་རྩ་འཛུགས་མཁན་དང་ངན་སྐུལ་མཁན་ལའང་གོང་གི་གཏན་འཁེལ་ལྟར་ཁྲིམས་ཐག་ནན་མོ་གཅོད་རྒྱུ་རེད།ཧྲའན་ཞི་ཧོ་ཀུང་ཁྲིམས་རྩོད་ལས་གཉེར་ཁང་གི་ཀྲུའུ་རེན་ཝང་ཧོ་ཀུང་གིས།འཆར་ཟིན་གྱི་གཏན་འཁེལ་དེས་གཞན་མིང་རང་ཁྱེར་བྱེད་པའི་དོན་དག་དེའི་རྩ་འཛུགས་མཁན་དང་ངན་སྐུལ་མཁན།ད་རུང་རྒྱབ་ཕྱོགས་ཀྱི་ལས་གནས་ཉེས་བསགས་མཁན་སོགས་ལ་གནད་དུ་འཁེལ་བའི་སྒོ་ནས་རྡུང་རྡེག་བཏང་ཡོད་པར་མ་ཟད། ཉེས་པ་ཡང་མོར་ཆད་པ་ཡང་མོ་གཅོད་པ་དང་ཉེས་པ་ལྗིད་མོར་ཆད་པ་ལྗིད་མོ་གཅོད་པའི་ཐད་ནས་ཀྱང་སྟབས་བདེ་བཟོས་ཡོད་པས།ཉེས་འགན་དང་ཉེས་ཆད་ཕན་ཚུན་འཚམ་ཞིང་ཁྲིམས་ལུགས་དང་གནས་ལུགས་ཕན་ཚུན་འདྲེས་ཡོད་པར་འདོད་ཀྱིན་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1