༄༅།།སྐྱིད་སྣ་གཡུ་ཐོག་ཁང་གསར་ཞེས་པ་འདི་འདྲ་ཞིག་རེད།

རྩོམ་སྒྲིག་པ།ཡོང་ཁུངས། ཁམས་པའི་དྲ་བ། སྤེལ་དུས། 11-04



     སྟོད་ལུང་བདེ་ཆེན་རྫོང་ཆུ་བཟང་ཤང་ཁོངས་སྐྱིད་སྣ་སྒང་གཡུ་ཐོག་ཁང་གསར་ཞེས་པ་དེ་ནི་གཡུ་ཐོག་ཡོན་ཏན་མགོན་པོའི་འཁྲུངས་ཁང་ཡིན་པ་དང་། དེ་ཡང་གཡུ་ཐོག་ཡོན་ཏན་མགོན་པོའི་མེས་པོ་འདྲེ་རྗེ་རྒྱ་གར་བརྫ་ཞེས་པ་དེ་ཡུལ་སྟོད་ལུང་སྐྱིད་སྣར་བཞུགས་ཏེ་འགྲོ་བ་ནད་པའི་དོན་དུ་སྐད་ཅིག་ཙམ་ཡང་མི་གཡེལ་བ་མཛད་པའི་ཚེ་དུས་ཤིག་ནད་པ་ཞིག་ལ་བསྐོར་དུ་བྱོན་པས་སྟོད་ལུང་ཟམ་མོ་ཆེའི་འགྲམ་དུ་བུད་མེད་གཅིག་བྱུང་སྟེ་ཁྱེད་བདག་གི་ཡུལ་དུ་ཕེབས་པར་ཞུ་ཟེར་ནས་ཐག་རིང་ན་བྲག་ནག་པོ་སྨུག་རུམ་འཐིབས་པ(རྫ་ནག་རྩེ་མོ་ཞེས་པའི་རི་བོ)ཞིག་འདུག་པ་དེའི་ཕྱོགས་སུ་དར་དཀར་ཡུག་གཅིག་བརྐྱངས་པའི་སྟེང་དུ་ཞབས་བཞག་མ་ཐག་སྔར་མ་མཐོང་བའི་ཡུལ་མི་མང་པོ་ཡོད་པ་ཞིག་གི་དབུས་སུ་མཁར་ཆེན་པོ་ཞིག་བྲག་གཡང་ན་སྐྱ་འཛར་རེ་འདུག་པའི་ནང་ན་ཀླུ་བདུད་སྔགས་པ་ནག་པོ་ཐོར་ལྕོག་ཅན་གྱི་གཟུགས་ཅན་ལུས་བོང་ཧ་ཅང་ཆེ་བ་ཞིག་ནད་ཀྱིས་བཏབ་སྟེ་འཁུན་སྒྲ་དང་སྡུག་སྐད་འདོན་བཞིན་ཡོད་པ་དེས་བདག་གིས་ཡུལ་ཆེ་གེ་མོར་ལོ་ཏོག་ལ་གནོད་པ་བྱས་པས། སེར་སྲུང་གི་ཐུན་ཕོག་ལགས་པས་ནད་འདི་ལས་སྐྱབས་སུ་གསོལ་ཟེར། འདྲེ་རྗེས་གཟིགས་པས་ཤ་རུས་པགས་པ། རྩ་རྒྱུད་རྣམས་ལ་ཡུངས་དཀར་ཐིམ་ནས་འདུག་པར་བྱ་ཁྱུང་ལྔ་པ་དང་དངུལ་ཆུས་ནང་ནས་ཕུལ། བྱུག་པ་རྒྱན་འཁོར་གྱི་ཕྱི་ནས་བྱུག་པས་དེ་མར་ཁོ་ནད་ལས་གྲོལ།ཀླུ་བདུད་དེ་དད་པར་གྱུར་ནས་སྲོག་སྙིང་ཕུལ་ཏེ་རྒྱུད་འཛིན་དང་བཅས་པར་སྡོང་གྲོགས་བྱེད་པར་ཁས་བླངས་ཐོག་དགོས་འདོད་བྱུང་བའི་ནོར་བུས་གཙོས་ལོངས་སྤྱོད་དཔག་མེད་ཕུལ། གདན་འདྲེན་མཁན་བུད་མེད་དེས་དར་ཡུག་བརྐྱངས་པའི་སྟེང་ཞབས་བཞག་མ་ཐག་ཟམ་སྣེར་འབྱོར། མོས་ཀྱང་བྱ་དགའ་འབུལ་བ་ཡིན་པས་སང་ཉིན་འདིར་ཕེབས་ཟེར་བ་ལྟར་བྱོན་པས། ཕུ་ཆུ་རྒྱས་པའི་གསེབ་ནས་བུད་མེད་ཀྱི་རོ་གསེར་གཡུས་བརྒྱན་པ་ཞིག་བརྙེད་པར་སྙིང་རྗེ་ཆེན་པོ་འཁྲུངས་ཤིང་རྒྱན་རྣམས་ཉར་ཚགས་མཛད་ནས་གསེར་གཡུ་རྣམས་ཁང་པའི་ཡང་སྟེང་དུ་བཀྲམ་པས་ལུག་རྫི་བས་དེ་མཐོང་སྟེ་མཁས་པ་མཐོང་བ་དོན་ལྡན་ལ་གཡུའི་ཐོག་འདུག་བྱས་པས་དེ་ནས་བཟུང་གཡུ་ཐོག་ཅེས་གྲགས་སོ།།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1