༄༅། །མི་ང་ལས་འཇིགས་པ་རྗེས་ན་ཡོད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-11


དམང་སྒྲུང་།

 གནའ་སྔོ་མོ་མི་ཚང་ཞིག་གི་རྒན་རྒོན་གཉིས་ལ་བུ་ཞིག་དང་བུ་མོ་ཞིག་ཡོད་ཅིང་། བུ་དང་བུ་མོས་རྒན་རྒོན་གཉིས་ལ་ཙི་ཙི་བྱིན་ནས་གསོས།  འོན་ཀྱང་། རྒན་རྒོན་གཉིས་པོས་བུ་དང་བུ་མོ་གཉིས་ལ་བློས་མ་འཁེལ་བར་རྟག་ཏུ་སྡུག་སྟེར་ཡོང་སྙམ་པའི་བློ་དོགས་སྐྱེས་ནས་བུ་དང་བུ་གཉིས་སྒམ་ནང་དུ་བཅུག་སྟེ་ཆུར་བསྐྱུར་རྒྱུའི་གྲོས་བྱས། ཁོ་གཉིས་གྲོས་བྱས་པའི་གནས་ཚུལ་དེ་བུ་མོས་ཤེས་ནས་མྱུར་དུ་བྲོས། འོན་ཀྱང་བུས་མ་ཤེས་པས་བུ་སྒམ་ནང་བཅུག་སྟེ་གཙང་བོར་བསྐྱུར། བུ་མོས་བུ་གཙང་བོར་བསྐྱུར་བ་མཐོང་ཡང་སྐྱོབ་ཐབས་བྲལ་བས་གཙང་འགྲམ་དུ་སྨྲེ་ངག་འདོན་བཞིན་ལུས། སྐབས་དེར་གཙང་བོའི་ཕ་རོལ་ནས་མི་དཀར་པོ་རྟ་དཀར་པོར་བཅིབས་ནས་ཡོང་གི་ཡོད་པས་དེར་བུ་མོས་གླུ་འདི་ལྟར་བླངས། གཙང་བོའི་ཕ་རོལ་ལ་ཡོད་པའི་མིདཀར་རྟ་དཀར་ཁྱོད། ཁྱེད་བློ་རྩལ་ཡོད་ན་ཆུའི་ནང་གི་སྒམ་ཆུང་དེ་བཏོན་དང་། ཞེས་བཤད་པར་མི་དཀར་བློ་དཀར་གྱིས་ལན་དུ།

    མི་ང་ལས་འཇིགས་པ་རྗེས་ན་ཡོད་ཅེས་བཤད། ཡུད་ཙམ་སོང་རྗེས་མི་དམར་པོ་ཞིག་གིས་རྟ་དམར་པོ་ཞིག་ལ་བཅིབས་ནས་ཡོང་བ་དེར་བུ་མོ་གླུ་གོང་ལྟར་བླངས་ཀྱང་ལན་གོང་ལྟར་བྱུང་། ཡང་ཡུད་ཙམ་ཞིག་ལ་རྟ་ནག་པོ་ཞིག་ལ་མི་ནག་པོ་འཇིགས་སུ་རུང་བ་ཞིག་གིས་བཞོན་ནས་རྭ་ཅོ་ཡ་གཅིག་ས་ལ་འདྲུད། ཡང་ཡ་གཅིག་གནམ་ལ་གཟེངས་ནས་ཡོང་གི་ཡོད་པ་དེར་བུ་མོས་གཙང་བོའི་ཕ་རོལ་ན་ཡོད་པའི་རྟ་ནག་མི་ནག་ཁྱེད། ཁྱེད་བློ་རྩལ་ཡོད་ན་གཙང་བོའི་ནང་གི་སྒམ་ཆུང་དེ་བཏོན་དང་ཞེས་བཤད་པར་རྟ་ནག་པོ་བཞོན་པའི་མི་དེ་ནི་བདུད་རྒན་ཞིག་ཡིན་པས་ཁོས་དེ་མུར་རྭ་ཅོ་ཡ་གཅིག་གིས་བུ་མོ་དེ་བཟུང་བ་དང་།  རྭ་ཅོ་ཡ་གཅིག་གིས་གཙང་བོའི་ནང་གི་སྒམ་ཆུང་དེ་ཡར་བཏོན་ནས་ཁོ་གཉིས་རྟའི་རྔ་མར་བཏགས་དེ་འདྲུད་ཕྱིན། སྐབས་དེར་བུ་མོ་དེའི་ཨམ་ཕྲག་ནས་གྲོ་མ་བསྔོག་བྱེད་ཀྱི་རྡོ་ཞིག་ཡོད་པ་དེ་བཏོན་ནས་རྔ་མར་བརྡར་བས་ཁོ་གཉིས་རྟའི་རྔ་མ་ལས་གྲོལ། དེ་མུར་བུ་མོ་དེས་བུ་་བོ་སྒམ་ནང་ནས་བཏོན་ཏེ་ཁོང་གཉིས་ལམ་དུ་ཞུགས། ཡར་ཙམ་ཕྱིན་རྗེས་བུ་མོ་དེར་བྱེ་སླང་ཞིག་རྙེད་པས་བུ་མོས། གཅེན་པོ་འདི་གང་ཡིན་བཤད་པར་ཁྱེད་ཀྱི་འཁྱེར་ཤོག་དང་། ང་གཉིས་ཕ་མ་མེད་པའི་ཕྲུ་གུར་དགོས་པའི་དུས་ཤིག་ཡོང་ཟེར། དེ་ནས་ལམ་བར་དུ་རིམ་བཞིན་རས་དམར་པོ་ཞིག་དང་།  ད་དུང་སྐམ་པ་ཞིག་བཅས་རུམ་པས་རྙེད་པ་རྣམས་ཁྱེར་ནས་ཕྱིན། མཐར་བྲག་ཆེན་པོ་ཞིག་གི་འགྲམ་དུ་སླེབས་པའི་སྐབས་དེ་མུར་བྲག་དེ་ཁ་འབྱེར་བ་རེད། 

    ཁོ་གཉིས་བྲག་དེའི་ནང་འཛུལ་ནས་ལྟ་སྐབས་དེ་ནི་བདུད་རྒན་དེའི་ཁྱིམ་ཡིན་པ་དང་། འདིའི་ནང་ཟས་གོས་གང་དགོས་ཡོད། ཡུད་ཙམ་སོང་རྗེས་བདུད་རྒན་དེ་འདིར་འབྱོར་བ་དང་ཁོས་ད་གིན་མི་དེ་གཉིས་འདི་གར་སླེབས་འདུག་ཟེར་ནས་ཁོ་གཉིས་ཟ་རྒྱུའི་བསམ་བློ་སྐྱེས། ཁོས་རང་ཉིད་ལ་རྫུ་འཕྲུལ་ཡོད་པ་རློམ་ནས་ཁོ་གཉིས་ལ་ང་ཚོ་མིག་མང་ལོས་བལྟས་ནས་ཉུང་བ་དེ་གསོད་རྒྱུ་གྱིས་ཟེར། དེ་སྐབས་ཁོང་གཉིས་ཀྱིས་བྱེ་སླང་དེས་གདོང་བཀབ་པས་བདུད་རྒན་གྱིས་ཁོ་གཉིས་ལ་མིག་མང་བོ་ཡོད་པར་འཁྲུལ་ནས་ཅུང་སྐྲག་སྟེ་ཕྱིར་ཤིག་གོམ་གང་བྱས། ཡང་ཁོས་ང་ཚོ་ལྕེ་རིང་ལོས་བལྟ་བྱས་པར་ཁོ་གཉིས་ཀྱིས་རས་དམར་ལ་ཕུ་བཏབ་པས་སླར་ཡང་བདུད་རྒན་འཁྲུལ་ནས་ཕྱིར་ཤིག་བྱས། ཡང་བདུད་རྒན་གྱིས་ང་ཚོ་སེན་གཅུས་ཚ་ལོས་བལྟ་བྱས་པར་ཁོ་གཉིས་ཀྱིས་སྐམ་པས་བདུད་རྒན་གཅུས་པས་དེ་མུར་བདུད་རྒན་ཚ་ན་མ་བཟོད་པར་བྲོས་ཕྱིན། ཁོ་བྲོས་འགྲོ་བའི་ལམ་བར་ནས་རི་བོང་ཞིག་དང་ཐུག་ནས་རི་བོང་དེས་ཁྱོད་ནི་དུས་རྒྱུན་དུ་གཟི་རྔམ་ཤིན་ཏུ་ཆེ་ཡང་དེ་རིང་དེ་ལྟ་བུ་བྲོས་འགྲོ་དགོས་དོན་ཅི་ཡིན་ཞེས་དྲིས་པར། ཁོས་དེ་རིང་ང་ལས་འཇིགས་པ་ཆེ་བ་ཞིག་ངའི་ཁྱིམ་དུ་སླེབས་འདུག་པས་ང་དེའི་དོ་ཟླ་མི་ཐུབ་ཅེས་བཤད་པར་རི་བོང་ཡིད་མ་ཆེས་པར་ཁྱེད་རང་ལས་འཇིགས་པ་རང་ཨེ་ཡོད། 

    ཡིན་ནའི་ངས་བལྟ་བར་ཐེངས་གཅིག་ཕྱིན་ཆོག་ཅེས་ཟེར། རི་བོང་ཕར་སྒེའུ་ཁུང་འགྲམ་དུ་ཕྱིན་ཏེ་ལྐོག་ཉན་ བྱས་སྡོད་སྐབས་བུ་དང་བུ་མོས་ནག་ཁུང་ཞིག་ཏུ་ཡིབས་ནས་ལྐོག་ཏུ་རི་བོང་གི་རྔ་མར་ལྒང་ཕུག་ལ་ཕུ་བཏབ་ནས་དེའི་ནང་དུ་རིལ་མ་བླུགས་པ་ཞིག་བཏགས། རི་བོང་གིས་གང་ཡང་མཐོང་མེད་པས་མར་མཆོངས་སྐབས་རིལ་མ་ལས་ཧྲོག་ལོག་ཅེས་པའི་སྒྲ་ཐོན་པ་དང་། རི་བོང་ནི་རང་ཉིད་འཇུ་མཁན་ཡངོ་གི་འདུག་བསམས་ཏེ་ཤིན་ཏུ་སྐྲག་ནས་བྲོས་ཕྱིན། ཁོ་ཕྱིན་ཕྱིན་ནས་ཆུ་ཆུང་ཆུང་ཞིག་བརྒལ་དུས་ལྒང་ཕུག་དེ་ཆུས་སྦང་པས་སྐད་སྒྲ་འཇགས་པ་དང་། ཁོ་ཅུང་བློ་བདེ་བ་བྱུང་ནས་ངལ་དུབ་ཆེ་རྐྱེན་བྱེ་མའི་དཀྱིལ་དུ་ངལ་གསོས་ནས་ཉལ་བསྡད། དེ་ནས་ལངས་སྐབས་ལྒང་ཕུག་བསྐམས་ནས་སྒྲ་བསྒྲགས་པས་སླར་ཡང་སྐྲག་ནས་བྲོས་ཕྱིན་པ་དང་། དེ་ནས་ཚེར་མའི་དཀྱིལ་དུ་བྲོས་ཕྱིན་པས་ལྒང་ཕུག་འཚེར་མས་འཁོན་ནས་ཟགས། ཕར་ཙམ་སླེབས་རྗེས་བདུད་རྒན་དང་འཕྲད་པས་བདུད་རྒན་གྱིས་གང་འདུག་གམ་བཤད་པར་རི་བོང་གིས་ཁྱེད་ལས་འཇིགས་པའི་མི་དེ་ཕར་ཙམ་རང་ནས་ཡོང་གི་འདུག་ཟེར་བར། དེ་མུར་བདུད་རྒན་དང་ཁོ་གཉིས་ཉིན་མཚན་ལྟོས་མེད་དུ་ཡུལ་གཞན་དུ་བྲོས་ཕྱིན་པས་བདུད་རྒན་གྱི་ཁྱིམ་དེ་བུ་དང་བུ་མོ་གཉིས་ལ་བདག་ནས་ཁོ་གཉིས་བདེ་སྐྱིད་ཀྱི་དཔལ་ལ་རོལ་རྒྱུ་བྱུང་། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1