ཨ་ཧྥེ་རི་ཁ་ལྷོ་མས་རྨང་གཞིའི་སྒྲིག་ཆས་ཀྱི་དངུལ་གཏོང་ལ་ཤུགས་སྣོན་བྱས་ཏེ་དཔལ་འབྱོར་སླར་གསོར་ཡར་སྐུལ་བཏང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 11-05


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ལཱ་མཱ་ཧྥུའུ་སཱ་ཡིས་ཉེ་སྔོན་སྤྱིའི་འབོར་གྲངས་ཨ་ཧྥེ་རི་ཁ་ལྷོ་མའི་སྒོར་མོ་ཁྲག་ཁྲིག་ཆེན་མོ་གཅིག་ཡིན་པའི་དཔལ་འབྱོར་སླར་གསོའི་འཆར་གཞི་ཞིག་ཁྱབ་སྒྲོག་བྱས་ཤིང་། གཞི་རྒྱ་ཆེ་བའི་རྨང་གཞིའི་སྒྲིག་ཆས་ཀྱི་དངུལ་གཏོང་གིས་ལས་ཞུགས་དང་དཔལ་འབྱོར་སླར་གསོ་ལ་སྐུལ་ཁྲིད་བྱེད་རྒྱུ་རེད། དབྱེ་ཞིབ་བྱས་པ་ལས་བལྟས་ན། དུས་ཚིགས་གསུམ་པར་ཨ་ཧྥེ་རི་ཁ་ལྷོ་མའི་རྒྱལ་ནང་གི་རིམས་ནད་ལ་ཚོད་འཛིན་ཐོབ་ཡོད་པ་དང་། བཀག་སྡོམ་སྲིད་ཇུས་རིམ་བཞིན་ཇེ་ལྷོད་དུ་བཏང་བས། ཨ་ཧྥེ་རི་ཁ་ལྷོ་མའི་དཔལ་འབྱོར་ལ་ཚད་ངེས་ཅན་གྱི་སླར་གསོ་ཐོབ་ཡོད་པར་འདོད། 
        འཆར་གཞི་དེས་རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྲུན་གཙོར་བཟུང་ཡོད་པ་དང་། ཆུ་བེད་དང་ནུས་ཁུངས། འཕྲོད་བསྟེན། སྡོད་ཁང་། གཞུང་ལམ། སློབ་གསོ། སྤྱི་བའི་འགྲིམ་འགྲུལ་སོགས་ཁྱབ་ཁོངས་སུ་མ་དངུལ་གཏོང་རྒྱུ་ཡིན་ལ། དམིགས་ཡུལ་ནི་དཔལ་འབྱོར་འཕར་སྣོན་ལ་སྐུལ་སྤེལ་བྱས་ཏེ་ལས་རིགས་གཞན་པའི་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་ཆེད་རེད། འཆར་གཞི་དེ་ལག་བསྟར་བྱས་རྗེས་བྱ་བའི་ལས་གནས་བརྒྱད་ཅུ་ལྷག་ཙམ་གསར་བསྐྲུན་ཐུབ་པ་དང་དཔལ་འབྱོར་འཕར་སྣོན་གྱི་བརྒྱ་ཆའི་གསུམ་ལ་སྐུལ་ཁྲིད་ཐུབ་པའི་རེ་བ་ཡོད། ལཱ་མཱ་ཧྥུའུ་སཱ་ཡིས་ད་རུང་ཁྱབ་སྒྲོག་བྱས་དོན། རིམས་ནད་ཀྱི་དམིགས་བསལ་ཁ་གསབ་སྟེར་བའི་ཡུན་ཚད་ཟླ་ངོ་གསུམ་གྱིས་ཇེ་རིང་དུ་གཏོང་རྒྱུ་ཡིན་ཟེར། 
        ཨ་ཧྥེ་རི་ཁ་ལྷོ་མའི་བསྡོམས་རྩིས་ཅུའུ་ཡི་གཞི་གྲངས་ལྟར་ན། ཨ་ཧྥེ་རི་ཁ་ལྷོ་མའི་དཔལ་འབྱོར་དེ་ཉིས་སྟོང་བཅུ་དགུ་ལོའི་ལོ་སྨད་ནས་བཟུང་ཉམས་རྒུད་དུ་སོང་བ་དང་། གློག་ཤུགས་དཀོན་པ་ལས་གཏེར་ལས་དང་བཟོ་སྐྲུན་ལས་རིགས། ཚོང་ལས་བཅས་ལ་གནོད་པ་ཐེབས་ཡོད། རིམས་ནད་ཀྱིས་ཨ་ཧྥེ་རི་ཁ་ལྷོ་མའི་དཔལ་འབྱོར་ལ་དེ་ལས་ལྷག་པའི་གནོད་པ་བཟོས་ཡོད། གཞི་གྲངས་ལྟར་ན། ཨ་ཧྥེ་རི་ཁ་ལྷོ་མའི་དུས་ཚིགས་གཉིས་པའི་རྒྱལ་ནང་གི་ཐོན་སྐྱེད་སྤྱིའི་ཐོན་རིན་བརྒྱ་ཆའི་ང་གཅིག་ཉམས་ཞན་དུ་སོང་བ་དང་། དུས་མཉམ་ལས་བརྒྱ་ཆའི་བཅུ་དྲུག་མར་ལྷུང་ཡོད། 
        ད་ལོའི་ཟླ་བཞི་བར། ཨ་ཧྥེ་རི་ཁ་ལྷོ་མའི་སྲིད་གཞུང་གིས་སྤྱིའི་འབོར་གྲངས་ཨ་ཧྥེ་རི་ཁ་ལྷོ་མའི་སྒོར་མོ་ཁྲག་ཁྲིག་ལྔ་ཡིན་པའི་སྤྱི་ཚོགས་རོགས་སྐྱོར་དང་དཔལ་འབྱོར་རྒྱབ་སྐྱོར་འཆར་གཞི་བཏོན་ཡོད་ལ། དམིགས་ཡུལ་ནི་ཁེ་ལས་དང་མང་ཚོགས་དཀའ་ཁག་ལས་སྒྲོལ་བར་རོགས་རམ་བྱེད་པའི་ཆེད་རེད། རིམས་ནད་ཀྱི་ཤུགས་རྐྱེན་དབང་གིས་ཨ་ཧྥེ་རི་ཁ་ལྷོ་མ་ནས་མང་ཚོགས་ས་ཡ་བཞི་ལྷག་གི་ལས་ཀ་ཤོར་བ་དང་། སྲིད་གཞུང་གིས་ལས་ཤོར་ཉེན་ཚབ་ཐེབས་རྩ་བཀོལ་ནས་ལས་ཤོར་མི་སྣར་ཨ་ཧྥེ་རི་ཁ་ལྷོ་མའི་སྒོར་མོ་ཐེར་ཆེན་བཞིའི་རོགས་སྐྱོར་མ་དངུལ་བྱིན། དེ་ལས་གཞན་སྲིད་གཞུང་གིས་ད་རུང་མང་ཚོགས་ས་ཡ་ལྔ་ལྷག་ལ་རིམས་ནད་ཀྱི་དམིགས་བསལ་ཁ་གསབ་མ་དངུལ་འདོན་སྤྲོད་བྱས་པར་མ་ཟད། ཁེ་ལས་ཀྱི་དཔྱ་ཁྲལ་ཨ་མེ་རི་ཁ་ལྷོ་མའི་སྒོར་མོ་ཐེར་ཆེན་བདུན་མེད་པར་བཏང་། 
        མིག་སྔར་རིམས་ནད་ཀྱི་གནས་བབ་ཞི་འཇགས་སུ་སོང་བ་དང་བསྟུན་ནས་ཨ་ཧྥེ་རི་ཁ་ལྷོ་མའི་བཟོ་ཚོང་ལས་རིགས་ཀྱི་བྱ་འགུལ་བསྟུད་མར་སླར་གསོ་བྱུང་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1