ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གྱིས་ནཱ་ཁཱ་ས་ཁུལ་གྱི་གནད་དོན་དེ་ཆབ་སྲིད་དང་ཕྱི་འབྲེལ་ཁོ་ནའི་ཐབས་ལ་བརྟེན་ནས་ཐག་གཅོད་བྱེད་དགོས་པར་བསྟན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 11-06


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་གསུམ་ཉིན་བསྟན་དོན། ནཱ་ཀི་ཨར་ནོའུ་དང་ཁཱ་ལཱ་པཱ་ཧི་ས་ཁུལ་གྱི་གནད་དོན་དེ་ཆབ་སྲིད་དང་ཕྱི་འབྲེལ་ཁོ་ནའི་ཐབས་ལ་བརྟེན་ནས་ཐག་གཅོད་བྱེད་དགོས་ཟེར། 
        ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་གསུམ་ཉིན་ཨུ་རུ་སིའི་ཚོང་བའི་ཚགས་པར་གྱི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཨུ་རུ་སི་ཡིས་ཐོག་མཐའ་བར་གསུམ་དུ་ནཱ་ཁཱའི་གནད་དོན་དེ་ཆབ་སྲིད་དང་ཕྱི་འབྲེལ་ཁོ་ནའི་ཐབས་ལ་བརྟེན་ནས་ཐག་གཅོད་བྱེད་དགོས་པར་བསམ་ཡོད་ཟེར། ནཱ་ཁཱའི་འཁྲུག་རྩོད་ཀྱི་འདུམ་སྒྲིག་ཕྱོགས་ཁག་གཙོ་བོ་ཡིན་པའི་ཆ་ནས། ཨུ་རུ་སིའི་ལས་འགན་ནི་ཨེ་མེ་ནི་ཡཱ་དང་ཨ་སེ་པེད་ཅང་གིས་འཁྲུག་རྩོད་མཚམས་འཇོག་པར་རོགས་རམ་བྱེད་པ་དང་། ཞི་བའི་སྒོ་ནས་ནཱ་ཁཱའི་གནད་དོན་ཐག་གཅོད་བྱེད་པའི་ཐབས་ལམ་འཚོལ་ཞིབ་བྱེད་རྒྱུ་དེ་ཡིན་ཟེར། 
        ཁོས་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་ནཱ་ཁཱའི་འཁྲུག་རྩོད་ལ་བར་འདུམ་བྱེད་པར་འབད་འབུངས་ཆེན་པོ་བྱས། ཨུ་རུ་སི་ཡིས་ཨ་མེ་རི་ཁ་དང་ཧྥ་རན་སི་སོགས་ཡོ་རོབ་གླིང་གི་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་མེན་སི་ཁི་ཚན་ཆུང་གི་ཐུན་མོང་ཀྲུའུ་ཞིའི་རྒྱལ་ཁབ་གཞན་དག་དང་མཉམ་དུ་འབད་བརྩོན་བྱས་ཏེ། ནཱ་ཁཱ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པར་འགན་སྲུང་བྱེད་བཞིན་ཡོད་ཟེར། 
        ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བཤད་རྒྱུར། ནཱ་ཁཱའི་འཁྲུག་རྩོད་རྒྱལ་སྤྱི་ཅན་དུ་བསྒྱུར་བ་དང་དྲག་ཆས་ཉེས་ཅན་མང་བོ་འཁྲུག་རྩོད་དེར་ཞུགས་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད། ཨུ་རུ་སི་ཡིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ནུས་པ་འདོན་སྤེལ་བྱས་ནས། དྲག་ཆས་ཉེས་ཅན་དག་ནཱ་ཁཱ་ས་ཁུལ་དུ་འགྲོ་བར་བཀག་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1