ཏང་སྲིད་བཟང་བོའི་དྲོད་ཁོལ་ལས།། བདེ་སྐྱིད་འཚོ་བའི་དཔལ་ལ་རོལ།།

འོད་གསལ་མཚོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བ་བོད་ཡིག་གསར་འགྱུར། སྤེལ་དུས། 11-06


འཛམ་ཐང་རྫོང་རྡོ་སྟོད་ཡུལ་ཚོ་བུ་རྒྱས་གྲོང་སྡེའི་གྲོང་མི་དཔལ་མགོན་གྱི་དབུལ་བྲལ་གནས་ཚུལ་བཀོད་པ།

ཧྲུའུ་ཅི་དང་བོ་ཞའོ་མེ་ཡིས་དཔལ་མགོན་ཚང་ལ་འཚམས་འདྲི་བྱེད་བཞིན་པ།

     གལ་ཏེ་ཏང་དང་སྲིད་གཞུང་གི་རོགས་རམ་མེད་ན་ང་ལ་ད་ལྟའི་བདེ་སྐྱིད་ཀྱི་འཚོ་བ་ག་ལ་ཡོད། ཅེས་འཛམ་ཐང་རྫོང་རྡོ་སྟོད་ཡུལ་ཚོའི་བུ་རྒྱས་གྲོང་སྡེའི་གྲོང་མི་དཔལ་མགོན་གྱིས་ཚོང་ཟོག་ལ་ཐུམ་རྒྱག་ཞོར་དུ་གསར་འགོད་པར་དེ་ལྟར་བཤད།

     2015ལོའི་སྔོན་དུ། ཁོང་བཟའ་ཟླ་གཉིས་ཀྱིས་ཕྱུགས་འཚོ་བ་དང་། སྨན་རྐོ་བ།ཞོར་ལས་བྱེད་པ་བཅས་ལ་བརྟེན་ནས་འཚོ་བ་སྐྱེལ་གྱིན་ཡོད།

     མི་ཚེ་ནི་འགྱུར་བ་མང་བ་ཞིག་རེད་ཡིན་ནའང་། 2015ལོའི་ལོ་མཇུག་ཏུ་བསམ་ཡུལ་ལས་འདས་པའི་དོན་རྐྱེན་ཞིག་གིས་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་དེ་ལ་འགྱུར་ལྡོག་ཆེན་པོ་བྱུང་། སྐབས་དེར་དཔལ་མགོན་གྱིས་ནགས་ཚལ་དུ་བུད་ཤིང་འཐུ་བཞིན་པའི་སྐབས་སུ་གཞའ་ཁོམ་མ་བྱུང་བར་ཤིང་རུལ་ཆེན་པོ་ཞིག་ཁོའི་རྐང་བ་གཡོན་པའི་སྟེང་དུ་ལྷུང་ནས་རྐང་བའི་རུས་པ་ཆག་སོང་། ཟླ་འགའ་ལ་སྨན་བཅོས་བྱས་པ་བརྒྱུད། ཁྱིམ་གྱི་གསོག་དངུལ་ཡོད་ཚད་བཀོལ་ཚར་བར་མ་ཟད། ད་དུང་བུ་ལོན་མི་ཉུང་བ་ཞིག་གཡར་དགོས་བྱུང་། འོན་ཀྱང་ནད་གཞི་མངོན་གསལ་དོད་པོས་དྲག་མ་ཐུབ་པར་སྨན་བཅོས་བྱེད་མཚམས་བཞག་ནས་ཕྱིར་ཁྱིམ་དུ་ལོག་ནས་ངལ་གསོ་བྱེད་དགོས་བྱུང་།

     དཔལ་མགོན་གྱི་ཆུང་མས་ཁྱིམ་ཚང་སྐྱོང་ཆེད་རི་མགོར་སོང་ནས་སྨན་རྐོ་བ་དང་ཕྱུགས་འཚོ་དགོས་བྱུང་། དེའི་ཕྱིར་དཔལ་མགོན་ལ་ལྟ་རྟོག་བྱེད་མཁན་མེད་པས་རྨ་ཁ་ཉིན་རེར་བཞིན་ཇེ་སྡུག་ཏུ་སོང་། འཛམ་ཐང་རྫོང་འཕེལ་སྒྱུར་ཅུས་ཀྱིས་མངགས་པའི་ཧྲུའུ་ཅི་དང་བོ་ཞའོ་མེ་ཡིས་དཔལ་མགོན་ཚང་གི་གནས་ཚུལ་ཤེས་རྗེས། ཁོང་ཚང་ལ་འབྲེལ་ཡོད་རོགས་སྐྱོར་སྲིད་ཇུས་བརྩོན་ལེན་ཧུར་ཐག་བྱས་ཏེ་དཀའ་གནད་སྒྲོལ་རོགས་བྱས།

     དབུལ་བྲལ་གནད་སྒྲོལ་གྱི་འབྲེལ་ཡོད་སྲིད་ཇུས་གཞིར་བཟུང་དཔལ་མགོན་ཚང་ཡིག་ཚགས་བཀོད་ཅིང་བྱང་བུ་བཟོས་པའི་དབུལ་ཁྱིམ་དུ་བཀོད་པ་དང་། ཞའོ་མེ་ཡིས་ཁོང་ཚང་དབུལ་བྲལ་ཐུབ་དགོས་ཚེ་ངེས་པར་དུ་དཔལ་མགོན་ཡང་བསྐྱར་ཡར་ལངས་སུ་འཇུག་དགོས་སྙམ་སྟེ། ཞའོ་མེ་ཡིས་འཛམ་ཐང་རྫོང་དམངས་སྲིད་དང་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས།རྒྱ་གྲམ་དམར་པོའི་ཚོགས་པ་སོགས་འབྲེལ་ཡོད་སྡེ་ཁག་ནས་རོགས་སྐྱོར་སྲིད་ཇུས་བརྩོན་ལེན་བྱས་ཤིང་། རྫོང་དང་ཡུལ་ཚོ།གྲོང་སྡེ་བཅས་ཀྱི་ལས་བྱེད་པ་དང་མང་ཚོགས་རྩ་འཛུགས་བྱས་ནས་སྒོར་ཁྲི་5ལྷག་གྲབས་གསོག་བྱས།

     དཔལ་མགོན་ལ་སྨན་བཅོས་ནུས་ལྡན་བྱེད་ཆེད། ཞའོ་མེ་ཡིས་དཔལ་མགོན་བཟའ་ཟླ་གཉིས་ཁྲིད་དེ་སི་ཁྲོན་ཞིང་ཆེན་རུས་ནད་ཚན་ཁག་གི་སྨན་ཁང་དུ་སྨན་བཅོས་བྱེད་པར་སོང་སྟེ། ཞིང་ཆེན་རུས་ནད་ཆེད་ཚན་སྨན་ཁང་གི་ཆེད་མཁས་པས་དཔལ་མགོན་གྱི་རྐང་བར་གཤག་བཅོས་བྱས། ཟླ་གསུམ་རིང་སྨན་བཅོས་བྱས་པ་བརྒྱུད། ནད་ཉིན་བཞིན་ཇེ་བཟང་དུ་ཕྱིན་པ་དང་བསྟུན་དཔལ་མགོན་གྱིས་གྲོང་སྡེའི་ཁོར་ཡུག་གཙང་སྦྲའི་ལས་དོན་འགན་ཁུར་བ་མ་ཟད། ད་དུང་གྲོང་སྡེའི་ནང་དུ་ཚོང་ཁང་ཆུང་ཆུང་ཞིག་ཀྱང་སྒོ་ཕྱེས།

དཔལ་མགོན་བཟའ་ཟླ་གཉིས་ཀྱིས་སི་ཁྲོན་ཞིང་ཆེན་རུས་ནད་ཚན་ཁག་གི་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་པའི་སྐབས།

     སྨན་རིན་རྩིས་ཞུ་བྱས་རྗེས་དཔལ་མགོན་གྱིས་དེ་སྔོན་ལས་བྱེད་པ་དང་མང་ཚོགས་ཀྱིས་ཁོ་ལ་ཞལ་འདེབས་བྱས་པའི་མ་དངུལ་ཕྱིར་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མིའི་ལག་ཏུ་སྤྲད། ལས་དོན་ཚན་ཆུང་དང་གྲོང་མི་ཚོས་གྲོས་བསྡུར་བྱས་རྗེས། མ་དངུལ་དེས་སྨན་བཅོས་ཀྱི་གནས་སྐབས་རོགས་སྐྱོབ་ཐེབས་རྩ་འཛུགས་རྒྱུ་གཏན་འབེབས་བྱས་པ་དང་། ཕྱིས་སུ་གལ་ཏེ་གྲོང་མིར་ནད་གཞི་ལྕི་མོ་ཕོག་ཚེ་མ་དངུལ་འདི་བེད་སྤྱོད་ཆོག་པ་དང་། ནད་ཀྱི་དབང་གིས་དབུལ་ཕོངས་དུ་འགྱུར་བའི་གནས་ཚུལ་གཏན་འགོག་བྱ་རྒྱུ་བྱས།

        ད་ལྟ། དཔལ་མགོན་ཚང་གིས་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་སྲིད་ཇུས་ལ་བརྟེན་ནས་ཁང་བ་རྩེག་གཉིས་ཅན་གྱི་བོད་ལུགས་སྡོད་ཁང་གསར་བ་ཞིག་ཏུ་གནས་སྤར་ཡོད། ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུས། ངེད་ཁྱིམ་མི་ཚང་མས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་ནི་ཏང་ཨུ་དང་སྲིད་གཞུང་གིས་རོགས་རམ་དང་ཐུགས་ཁུར་བྱས་པས་བཀའ་དྲིན་ཡིན་ཞེས་དཔལ་མགོན་གྱིས་དེ་ལྟར་བཤད་བྱུང་ངོ་།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1