ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་མཐོ་རམས་པ་སྐབས་བཅུ་དྲུག་པར་ཡོན་གནས་སྤྲོད་པའི་མཛད་སྒོ་པེ་ཅིང་དུ་སྤེལ་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 11-09


          ཟླ11པའི་ཚེས4ཉིན།  ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སྐབས་བཅུ་དྲུག་པའི་མཐོ་རམས་པའི་ཡོན་གནས་སྤྲོད་པའི་མཛད་སྒོ་དེ་པེ་ཅིང་གི་དགོན་སེར་ནུབ་མ་རུ་ཆགས་པའི་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་འཚོགས། རྙིང་མ་དང་།  བོན་པོ་དང་། དགེ་ལུགས་བཅས་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་གསུམ་ནས་ཕེབས་པའི་སློབ་མ33གྱིས་ལོ་ངོ3ལ་དཀའ་སྤྱད་སློབ་གཉེར་གནང་བ་བརྒྱུད་སྦྱངས་འབྲས་ལེགས་སྨིན་གྱིས་མཐར་ཕྱིན་ཏེ་ཀྲུང་གོ་མཐོ་རིམ་བོད་བརྒྱུད་ནང་བསྟན་སློབ་གླིང་གི་མཐོ་རིམ་ཡོན་གནས་འཛིན་གྲྭའི་སློབ་ཐོན་དཔང་ཡིག་ཐོབ་པ་དང་། ཐོབ་ཐང་ཞིབ་བཤེར་དང་རྩོད་རྒྱུགས། དཔྱད་རྩོམ་དམ་བཅའ་བཅས་ཀྱི་བརྒྱུད་རིམ་ནན་མོ་བརྒྱུད་མཐར་སློབ་མ32ལ་བོད་བརྒྱུད་ནང་བསྟན་གྱི་མཐོ་རམས་པའི་ཡོན་གནས་ཐོབ། 




 
         ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་ཡཱོན་ཀྲང་ཀུན་མཁྱེན་འཇམ་དབྱངས་བཞད་པ་མཆོག་གིས་མཐར་ཕྱིན་སློབ་མ་རྣམས་ལ་སློབ་ཐོན་དཔང་ཡིག་གནང་བ་དང་། མཐོ་རམས་པའི་ཡོན་གནས་ཐོབ་པའི་སློབ་མ་རྣམས་ལ་ཡོན་གནས་དཔང་ཡིག་གནང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་བློ་འདྲི་ས་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་མཆོག་གིས་ཕུལ་བྱུང་སློབ་མར་གཟི་བརྗིད་དཔང་ཡིག་གནང་བ་རེད། 

          མཐར་ཕྱིན་སློབ་མའི་འཐུས་མིས། མཐོ་རམས་པའི་མཚན་རྟགས་ནི་གཟི་བརྗིད་ཅིག་ཡིན་པ་མ་ཟད་དེ་ལས་ཀྱང་འགན་འཁྲི་དང་ལྕག་སྐུལ་ཞིག་ཀྱང་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་ནན་ཏན་སྒོས་བློ་ལ་བརྟན་པོར་ངེས་ནས། "ཆབ་སྲིད་ལ་བློ་འགེལ་ཆོག་པ།  གཞུང་ལུགས་ལ་ཐོས་བསམ་ཟབ་པ། སྤྱོད་ལམ་ལ་ཀུན་གྱིས་བཀུར་བ། འགག་རྩ་ལ་ནུས་པ་ཐོན་པ"བཅས་ཀྱི་བླང་བྱ་ལྟར། མུ་མཐུད་དུ་ཐོས་བསམ་ཉམས་ལེན་བྱས་ཏེ་རང་འགུལ་ངང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་དང་དར་སྤེལ་བཏང་ནས་རྒྱལ་གཅེས་ཆོས་གཅེས་བྱེད་ཅིང་།  བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་བར་ལག་ལེན་ཧུར་ཐག་གིས་བྱེད་མཁན་ཞིག་དང་། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་ཁ་ཕྲལ་ལ་ངོ་རྒོལ་བྱེད་མཁན་ཞིག་བྱ་རྒྱུ་ཡིན་ཞེས་གསུངས། 

          སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་མཆོག་གིས།  བོད་བརྒྱུད་ནང་བསྟན་པའི་སྡེ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དང་ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་དགོས། ལྷག་པར་དུ་ཏང་གི་ལོ་རྒྱུས་དང་། རྒྱལ་ཁབ་ལྟ་བ་དང་། ལོ་རྒྱུས་ལྟ་བ། མི་རིགས་ལྟ་བ། རིག་གནས་ལྟ་བ། ཆོས་ལུགས་ལྟ་བ་བཅས་ལྟ་བ་ཡང་དག་བཙུགས་ཏེ་རླབས་ཆེན་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་ངོས་འཛིན་གཅིག་མཐུན་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཁོང་གིས་བོད་བརྒྱུད་ནང་བསྟན་པའི་སྡེ་ཡིས་རང་རྟོགས་ངང་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ་ནུས་པ་གལ་ཆེན་འདོན་པའི་མི་དཔེ་རུ་འགྱུར་དགོས། དེ་ཡང"ཚད་གཞི་བཞི"བརྩི་སྲུང་ནན་པོ་ཞུས་ནས་རྒྱལ་གཅེས་ཆོས་གཅེས་དང་དད་ལྡན་མང་ཚོགས་ལ་ཁྲིད་སྟོན་བྱེད་པ་དང་། སྤྱི་ཚོགས་ལ་ཞབས་འདེགས་ཞུ་བའི་སྣེ་ཁྲིད་པ་ཞིག་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་འབུལ་དགོས་ཞེས་ནན་གསུང་གནང་།

          ཡོན་གནས་སྤྲོད་པའི་མཛད་སྒོ་འཚོགས་རྗེས་སུ་བོད་བརྒྱུད་ནང་བསྟན་གྱི་མཐོ་རམས་པའི་ཡོན་གནས་ཐོབ་མཁན་རྣམས་ཀྱིས་མཉམ་གཅིག་ཏུ་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆོས་ཀྱི་རྒྱལ་པོ་མཆོག་ལ་མཇལ་ཁ་ཞུས་པ་རེད། 
          བསྡོམས་རྩིས་བྱས་པར་གཞིགས་ན། མིག་སྔའི་བར་བོད་བརྒྱུད་ནང་བསྟན་གྱི་མཐོ་རམས་པའི་ཡོན་གནས་ཐོབ་མཁན240ཡོད་པ་དེ་དག་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ6དང་།  བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་འབྲེལ་ཁུལ་རྫོང་གི་གྲུབ་མཐའ་སོ་སོའི་དགོན་སྡེ་ཁག་ལ་ཁྱབ་ཡོད་དོ།  །   

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1