གཙོ་ངོས།>> གསར་འགྱུར།>>སི་ཁྲོན་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༡༡ཚེས་༠༩ཉིན།

ཕྱག་ཕྲེང་རྫོང་ལ“ཀྲུང་གོའི་བོད་ཁང་དཀར་པོའི་རིག་གནས་ཀྱིས་ཕྱུག་པའི་ས་ཁུལ”ཞེས་པའི་མིང་བྱང་གསར་པ་ཐོབ་པ།

     དཀར་མཛེས་ཉིན་རེའི་ཚགས་པར་ནས་གནས་འཕྲིན་སྤེལ་གསལ། ཁ་སང་།(ཚེས་5ཉིན།) གསར་འགོད་པས་ཕྱག་ཕྲེང་རྫོང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོ་དམངས་ཁྲོད་རིག་རྩལ་མཁས་ཅན་མཐུན་ཚོགས་ཀྱིས་རྟོག་ཞིབ་དང་རིགས་པས་ཁུངས་སྐྱེལ་བྱས་པ་བརྒྱུད་དངོས་སུ་ཡིག་ཆ་སྤེལ་ནས་དཀར་མཛེས་ཁུལ་ཕྱག་ཕྲེང་རྫོང་ལ“ཀྲུང་གོའི་བོད་ཁང་དཀར་པོའི་རིག་གནས་ཀྱིས་ཕྱུག་པའི་ས་ཁུལ”ཞེས་པའི་མིང་འདོགས་རྒྱུའི་ཐག་བཅད་པ་རེད།

     མིང་འདོགས་རྒྱུའི་ཆོད་དོན་ནང་། ཕྱག་ཕྲེང་རྫོང་ནི་སི་ཁྲོན་དང་། ཡུན་ནན། བོད་ལྗོངས་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་སུ་གནས་པ་དང་། ཇ་རྟ་གནའ་ལམ་ཐོག་གི་ས་ཚིགས་གལ་ཆེན་དང་སེམས་ཀྱི་ཉི་ཟླའི་རིག་གནས་སྣོད་བཅུད་ཁུལ་གྱི་ལྟེ་བའི་ས་ཁོངས་ཤིག་རེད། བོད་ཁང་དཀར་པོ་ནི་ཕྱག་ཕྲེང་གྲོང་གསེབ་རིག་གནས་ཀྱི་མཚོན་རྟགས་གལ་ཆེན་ཞིག་ཡིན་ཞིང་། བོད་རིགས་མི་དམངས་མི་རབས་ནས་མི་རབས་འཚོ་སྡོད་བྱེད་སྟངས་ཀྱི་དཔེ་མཚོན་དུ་མངོན་པ་ཞིག་ཡིན་པ་དང་། ཕྱག་ཕྲེང་གི་དམངས་ཁྲོད་རིག་རྩལ་གྱི་ཐེག་གཟུགས་གལ་ཆེན་དང་སྙིང་བཅུད་གཅིག་སྡུད་བྱུང་བ་ཞིག་རེད་ཅེས་བསྟན་འདུག
     ཉེ་བའི་ལོ་ཤས་རིང་། ཕྱག་ཕྲེང་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་མི་རིགས་དམངས་ཁྲོད་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་སྲུང་སྐྱོང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཐོག དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་རྒྱུ་དེ་ལས་དོན་ཧྲིལ་པོའི་འགོ་འཛུགས་ས་དང་མཇུག་འགྲིལ་སར་བརྩིས་ཏེ“ཞིང་སྡེ་བོད་ཁང་དཀར་པོའི་ཤམ་བྷ་ལ”ཞེས་པའི་རིག་གནས་སྤུས་རྟགས་སྐྱེད་སྲིང་ཞིབ་ཚགས་བྱས་པ་དང་། “བོད་ཁང་དཀར་བསྒྱུར་དུས་ཆེན”སོགས་གསོན་ཉམས་ལྡན་པའི་དམངས་སྲོལ་བྱེད་སྒོ་རབ་དང་རིམ་པ་ཁྲིད་སྟོན་དུ་བྱས་ནས། གྲོང་གསེབ་དར་སྤེལ་དང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་པ་རེད། 
     ཤེས་རྟོགས་བྱུང་བར་གཞིགས་ན།“བོད་ཁང་དཀར་པོ”དེ་ཕྱག་ཕྲེང་གི་སྤྱི་ཚོགས་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི“རྩེ་གྲ་གསུམ”གྱི་གྲས་ཤིག་ཡིན་པའི་ངོས་ནས་རིག་གནས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པ་དང་རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་པོ་ཡོད། བོད་ཁང་དཀར་པོའི་རིག་གནས་ཉིད་ཕྱག་ཕྲེང་མི་དམངས་ཀྱི་འཚོ་བའི་ཕྱོགས་གང་སར་ཁྱབ་ནས། ས་གནས་ཀྱི་ལོ་རྒྱུས་དང་རིག་གནས་ཀྱི་ཉམས་འགྱུར་ཐུན་མོང་མ་ཡིན་པ་ཞིག་དང་། མ་ལག་རང་གྲུབ་ཀྱི་རིག་གནས་སྤུས་རྟགས་ཤིག་ཏུ་གྱུར་ཡོད། དེ་ནི་འཕྲལ་དུ་སྲུང་སྐྱོང་བྱེད་དགོས་པའི་མངོན་མིན་རིག་གནས་ཤུལ་བཞག་གལ་ཆེན་ཞིག་རེད། ཨར་ལས་ཇུས་འགོད་ཀྱི་དཔེ་རིས་གང་ཡང་མེད་པའི་ས་ཤིང་ལས་གྲུབ་པའི་བཟོ་སྐྲུན་དེ་རིགས་འཛམ་གླིང་གི་འཛུགས་སྐྲུན་ལོ་རྒྱུས་ཐོག་ཏུའང་རང་ལུགས་གསར་གཏོད་ཅིག་རེད། དེའི་བཟོ་སྐྲུན་གྱི་རྣམ་པ་གཅིག་གྱུར་དང་། ཁང་པའི་སྤྱི་ཡོངས་ནི་སྐས་དབྱིབས་ཡིན། ཕྱི་གྱང་ནི་སྟེང་ནས་འོག་ཏུ་ནང་དུ་གསེག་ལ། ནང་གྱང་ནི་དྲང་འཕྱང་ཡིན། དཀྱིལ་ནས་གྲུ་བཞི་དབྱིབས་ཀྱི་སྒོ་ར་ཆུང་ཆུང་ཞིག་བསྐོར་ཡོད། བོད་ཁང་ཤིང་གདུང་གིས་འདེགས་སྐྱོར་བྱེད་ཅིང་། ཀ་བའི་མང་ཉུང་དང་བསྟུན་ནས་ཁང་པའི་ཆེ་ཆུང་གྲུབ་པར་བྱེད་དགོས། ཁང་པ་བསྐྲུན་རྗེས་ཕྱིའི་གྱང་ངོས་ཀྱི་དཀར་མདོག་ནི་ཡུལ་དེའི་མི་རྣམས་ཀྱིས་ཕྱག་ཕྲེང་ལ་དམིགས་བསལ་དུ་ཡོད་པའི་ཨར་ཀ་ས་ཆུས་བརྫིས་ནས་ས་ཁུ་དཀར་པོ་བཟོས་ཏེ། ཇ་ལྟིར་སོགས་ཀྱི་ཡོ་བྱད་ནང་དུ་བླུགས་ནས། གྱང་སྟེང་ནས་དལ་མོར་བླུགས་ཏེ་གྱང་ངོས་དཀར་པོར་བསྒྱུར་བ་རེད། དཀར་གཙང་གི་བྱུག་རྫས་འདི་ནི་མཛེས་སྡུག་གི་ཆེད་དུ་ཡིན་པ་མ་ཟད། ད་དུང་ཆར་པ་འགོག་པའི་ནུས་པ་ཡོད། དེ་ནི་དུས་རབས་རིམ་བྱུང་གི་ཕྱག་ཕྲེང་བའི་ས་ཁོངས་དང་དུས་ཚོད་ལས་བརྒལ་བའི་ཕུལ་བྱུང་བརྩམས་ཆོས་ཤིག་རེད། ད་ལྟ། མུ་ཏིག་ལྟ་བུའི་བོད་ཁང་དང་མཛེས་སྡུག་ལྡན་པའི་བོད་ཡུལ་ཞིང་སྡེ་ནི་སྔར་བཞིན་ཕན་ཚུན་སྤེལ་ཟླ་བྱེད་རེས་ཀྱིས་ཐུན་མོང་ཐོག“ཤམ་བྷ་ལ”ཡི་མཛེས་ལྗོངས་ཤིག་གྲུབ་ཡོད་པ་རེད།
     ཕྱག་ཕྲེང་རྫོང་གི་འབྲེལ་ཡོད་འགན་འཁུར་བས། མིང་བྱང་གསར་བ་འདི་བེད་སྤྱོད་གང་ལེགས་བྱས་ནས་དེའི་ཐད་སྔོག་འདོན་དང་། ཟབ་རྨོ། ཁྱབ་གདལ་བཅས་བྱེད་ཤུགས་ཆེ་རུ་བཏང་བ་བརྒྱུད“བོད་ཁང་དཀར་པོའི་རིག་གནས”དེ“ཞི་ལར་བཀུར་བ”དང“དགའ་སྟོན”སོགས་ས་གནས་དེ་གའི་ཁྱད་ལྡན་རིག་གནས་གཞན་དག་དང་ཚད་མཐོའི་མཉམ་འདྲེས་བྱས་ཐོག ཕྱག་ཕྲེང་གི་རིག་གནས་ཡུལ་སྐོར་ཐོན་ལས་དར་རྒྱས་ཡོང་བར་ཟམ་མི་འཆད་པར་ཁྲིད་སྟོན་བྱེད་པ་དང་། “རྒྱལ་སྤྱིའི་སྤྲོ་གསེང་ཡུལ་སྐོར་བྱེད་ཡུལ”དུ་བཏོད་དེ་ཡུལ་སྐོར་ལས་རིགས་དེ་རྫོང་ཁོངས་ཀྱི་འཐབ་ཇུས་རང་བཞིན་ལྡན་པའི་གཙོ་རྟེན་ཐོན་ལས་སུ་སྐྱེད་སྲིང་བྱ་རྒྱུ་ཡིན་ཞེས་བརྗོད། (http://tibet.people.com.cn/15828982.html)

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1