ཞི་ཅིན་ཕིང་གིས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམ་སྟོན་ཚོགས་འདུ་སྐབས་གསུམ་པའི་སྟེང་གསུང་བཤད་གནང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། སྤེལ་དུས། 11-09



        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམ་སྟོན་ཚོགས་འདུ་སྐབས་གསུམ་པ་ཚེས་བཞི་ཉིན་གྱི་དགོང་མོར་ཧྲང་ཧེ་ནས་བསྡུས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྙན་རིས་ཀྱི་རྣམ་པ་བརྒྱུད་དེ་བརྗོད་དོན་གསུང་བཤད་གནང་། 
        ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམ་སྟོན་ཚོགས་འདུ་སྐབས་གསུམ་པ་ཚེས་བཞི་ཉིན་གྱི་དགོང་མོར་ཧྲང་ཧེ་རུ་བསྡུས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྙན་རིས་ཀྱི་རྣམ་པ་བརྒྱུད་དེ་བརྗོད་དོན་གསུང་བཤད་གནང་། ཞི་ཅིན་ཕིང་གིས་བསྟན་དོན། པྲོག་གསར་གློ་ཚད་རིམས་ནད་བྱུང་བ་ལས་འཛམ་གླིང་གི་དཔལ་འབྱོར་བརྟན་འཇགས་མིན་པ་དང་གཏན་འཁེལ་མིན་པའི་རྒྱུ་རྐྱེན་ཇེ་མང་དུ་སོང་ནའང་། ཀྲུང་གོས་སྒོ་འབྱེད་རྒྱ་བསྐྱེད་པའི་གོམ་སྟབས་སྔར་བཞིན་ཇེ་མགྱོགས་སུ་གཏོང་བ་དང་། རྒྱལ་ཁབ་སོ་སོ་སྒོ་འབྱེད་ཀྱི་ཕྱོགས་སུ་བསྐྱོད་པ་དང་མཉམ་ལས་ཀྱི་ཕྱོགས་སུ་བསྐྱོད་པའི་གནས་བབ་ཆེན་པོར་འགྱུར་ལྡོག་བྱུང་མེད། རྒྱལ་ཁབ་སོ་སོས་ལག་རྡང་སྦྲེལ་ཏེ་མཉམ་ལས་མཉམ་རྒྱལ་དང་མཉམ་ལས་ཁག་ཁུར། མཉམ་ལས་མཉམ་བཅོས་ཀྱི་ཐུན་མོང་གི་སྒོ་འབྱེད་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོས་སྒོ་འབྱེད་དང་མཉམ་ལས། མཐུན་སྒྲིལ། མཉམ་རྒྱལ་བཅས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་། བློ་བརྟན་འགྱུར་མེད་སྒོས་སྒོ་འབྱེད་ཁྱོན་ཡོངས་ནས་རྒྱ་བསྐྱེད་ནས། ཀྲུང་གོའི་ཚོང་ར་དེ་འཛམ་གླིང་གི་ཚོང་ར་དང་མཉམ་སྤྱོད་ཀྱི་ཚོང་ར། ཚང་མའི་ཚོང་རར་འགྱུར་བར་བྱེད་པ་དང་། འཛམ་གླིང་གི་དཔལ་འབྱོར་སླར་གསོ་བྱེད་པར་སྐུལ་འདེད་བཏང་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དྲང་ཚད་ནུས་ཤུགས་མཐོར་འདེགས་སུ་གཏོང་དགོས་ཟེར།
        ཞི་ཅིན་ཕིང་གིས་བསྟན་དོན། སྐབས་འདིའི་ནང་འདྲེན་དངོས་མང་འགྲེམ་སྟོན་ཚོགས་འདུ་ནི་དམིགས་བསལ་གྱི་དུས་སྐབས་སུ་བསྡུས་ཤིང་། གློ་བུར་དུ་བྱུང་བའི་པྲོག་གསར་གློ་ཚད་རིམས་ནད་ཀྱིས་རྒྱལ་ཁབ་སོ་སོར་གནོད་པ་བཟོས་པ་དང་འཛམ་གླིང་གི་དཔལ་འབྱོར་ལའང་ཤུགས་རྐྱེན་ཐེབས། ཀྲུང་གོས་རིམས་འགོག་བདེ་འཇགས་འགན་སྲུང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་དུས་ལྟར་འཛམ་གླིང་གི་ཉོ་ཚོང་ཚོགས་འདུ་བསྡུས་པ་ལས་ཀྲུང་གོས་འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་མཉམ་དུ་ཚོང་རའི་གོ་སྐབས་ལོངས་སུ་སྤྱོད་པ་དང་འཛམ་གླིང་གི་དཔལ་འབྱོར་སླར་གསོ་བྱེད་པར་སྐུལ་འདེད་གཏོང་བའི་རེ་འདུན་ཆེན་པོ་མཚོན་པར་བྱས་ཡོད་ཟེར།
        ཞི་ཅིན་ཕིང་གིས་བསྟན་དོན། ཉེ་ལམ་གྲོལ་བའི་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་སྟེང་ཀྲུང་གོའི་ལོ་ལྔའི་འཆར་འགོད་བཅུ་བཞི་བའི་དུས་སྐབས་ཀྱི་འཕེལ་རྒྱས་ཐད་ལ་ཁྱོན་ཡོངས་ནས་འཆར་འགོད་བྱས། ཀྲུང་གོས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་དབུལ་ཐར་མཁྲེགས་གཏོར་གྱི་འཐབ་ཇུས་གྲུབ་འབྲས་ཆེན་པོ་ལེན་པའི་དམིགས་འབེན་མངོན་འགྱུར་བྱེད་ལ་ཉེ། སང་ལོ་ནས་བཟུང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་གསར་བར་སྐྱོད་འགོ་རྩོམ་རྒྱུ་དང་ཀྲུང་གོ་འཕེལ་རྒྱས་ཀྱི་དུས་སྐབས་གསར་བར་ཞུགས་ངེས་ཡིན། ང་ཚོས་རྒྱལ་ནང་གི་འཁོར་སྐྱོད་ཆེན་པོ་གཙོ་གཞིར་འཛིན་པ་དང་རྒྱལ་ནང་རྒྱལ་སྤྱིའི་འཁོར་སྐྱོད་ཟུང་གིས་ཕན་ཚུན་ལ་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གསར་སྐྲུན་བྱེད་རྒྱུ་བཏོན་པ་དང་། དེ་ནི་བཀག་སྡོམ་གྱི་རྒྱལ་ནང་འཁོར་སྐྱོད་གཏན་ནས་མིན་པར་སྔར་ལས་སྒོ་འབྱེད་པའི་རྒྱལ་ནང་རྒྱལ་སྤྱི་ཟུང་གི་འཁོར་སྐྱོད་ཡིན་པ་དང་། ཀྲུང་གོ་རང་སྟེང་གི་འཕེལ་རྒྱས་ལ་དགོས་མཁོ་ཆེ་བར་མ་ཟད་རྒྱལ་ཁབ་སོ་སོའི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་ངེས་ཡིན། ཀྲུང་གོ་ནི་འཛམ་གླིང་ཡོངས་སུ་སྦས་ཤུགས་ཆེ་བའི་ཚོང་ར་ཆེན་པོ་ཡིན། ཀྲུང་གོའི་གསར་བཟོ་དེ་འཛམ་གླིང་ཡོངས་ཀྱི་ཐོན་ལས་ཕྲེང་འབྲེལ་དང་འདོན་སྤྲོད་ཕྲེང་འབྲེལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་བ་དང་བྱས་རྗེས་ཆེན་པོ་བཞག ཀྲུང་གོའི་ཡངས་ཤིང་རྒྱ་ཆེ་བའི་ནང་མཁོའི་ཚོང་རས་མུ་མཐུད་དུ་རྒྱུན་མི་ཆད་པའི་གསར་སྐྲུན་སྦས་ནུས་མཐོར་འདེགས་སུ་གཏོང་ངེས་ཡིན། ཀྲུང་གོས་བློ་བརྟན་འགྱུར་མེད་སྒོས་སྒོ་འབྱེད་ཁྱོན་ཡོངས་ནས་རྒྱ་བསྐྱེད་དེ། ཀྲུང་གོའི་ཚོང་ར་དེ་འཛམ་གླིང་གི་ཚོང་ར་དང་མཉམ་སྤྱོད་ཀྱི་ཚོང་ར། ཚང་མའི་ཚོང་རར་འགྱུར་བར་བྱེད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ལ་དྲང་ཚད་ནུས་ཤུགས་རྒྱས་སུ་འཇུག་ངེས་ཡིན། གཅིག སྒོ་འབྱེད་ཀྱི་ས་ཁུལ་གསར་བ་འཛུགས་སྐྲུན་བྱེད་དགོས། གཉིས། ཕྱི་ཚོང་གསར་སྐྲུན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། གསུམ། རྒྱུན་མཐུད་སྒོས་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་དགོས། བཞི། ཕྱོགས་གཉིས་དང་ཕྱོགས་མང་བོ་དང་། ཁུལ་ཁོངས་མཉམ་ལས་གཏིང་ཟབ་ཏུ་སྤེལ་དགོས་ཟེར།
        ཞི་ཅིན་ཕིང་གིས་མཇུག་མཐར་བསྟན་དོན། དེང་སྐབས་འཛམ་གླིང་དཔལ་འབྱོར་འཕེལ་རྒྱས་དེ་ཛ་དྲག་གི་འགྲན་རྩོད་དང་འཕྲད་ཡོད་པས། ང་ཚོས་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་སྤོབས་པ་ཆེར་བསྐྱེད་པ། དཀའ་ཁག་མཉམ་སེལ་བྱེད་དགོས། ཀྲུང་གོས་རྒྱལ་ཁབ་སོ་སོ་དང་མཉམ་དུ་སྒོ་འབྱེད་ཁྲོད་དུ་གོ་སྐབས་གསར་སྐྲུན་བྱེད་པ་དང་། མཉམ་ལས་ཁྲོད་དུ་དཀའ་གནད་ཁྱད་བསལ་བྱེད་པར་མ་ཟད་ལག་རྡང་སྦྲེལ་ཏེ་མིའི་རིགས་ལ་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པ་གསར་སྐྲུན་བྱེད་དགོས་ཟེར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1