ཨར་སེ་ཡིས་དམ་བཅའ་བཞག་སྟེ་པའོ་ལེ་ཝེ་ཡཱའི་ཙུང་ཐུང་གི་འགན་ཁུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 11-10


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  པའོ་ལེ་ཝེ་ཡཱའི་གསར་དུ་བདམས་པའི་ཙུང་ཐུང་ཨར་སེ་ཡིས་ཚེས་བརྒྱད་ཉིན་རྒྱལ་ཁབ་དེའི་སྲིད་འཛིན་རྒྱལ་ས་ལཱ་པཱ་སི་ནས་དམ་བཅའ་བཞག་སྟེ་ལས་འགན་ཁུར་བ་དང་། འགན་ཡུན་ལོ་ལྔ་རེད། 
        ཨར་སེ་ཡིས་ཉིན་དེར་པའོ་ལེ་ཝེ་ཡཱའི་རྒྱལ་ཚོགས་ནས་དམ་བཅའ་བཞག་སྟེ་ལས་འགན་ཁུར་རྗེས་གཏམ་བཤད་སྤེལ། ཁོས་སྐབས་གསར་བའི་སྲིད་གཞུང་གི་སྲིད་འཛིན་རྩ་གནད་རྒྱས་བཤད་བྱས། ཁོས་བཤད་རྒྱུར། འཛམ་གླིང་ཡོངས་ལ་གནོད་པ་ཐེབས་པའི་པྲོག་གསར་གློ་ཚད་རིམས་ནད་དང་གནས་སྐབས་སྲིད་གཞུང་གི་དོ་དམ་ཉམས་དམས་ལས་པའོ་ལེ་ཝེ་ཡཱའི་དཔལ་འབྱོར་དེ་ཉམས་རྒུད་དུ་སོང་བ་ཚབས་ཆེན་ཡིན། སྲིད་གཞུང་གསར་བའི་འགྲན་རྩོད་ཆེན་པོ་ནི་དཔལ་འབྱོར་སླར་གསོ་ལ་སྐུལ་འདེད་གཏོང་བ་དང་། ལས་ཞུགས་གོ་སྐབས་ཇེ་མང་དུ་གཏོང་བ། མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོར་གཏོང་བ་བཅས་ཡིན་ཟེར། 
        ཕྱི་འབྲེལ་ཐད་ནས་ཨར་སེ་ཡིས་བསྟན་དོན། སྲིད་གཞུང་གསར་བས་འཛམ་གླིང་གི་སྣེ་མང་ཅན་ལ་རྒྱབ་སྐྱོར་བྱེད་པ་དང་། ལཱ་ཏེན་མེ་གླིང་དང་ཅཱ་ལེ་པུས་རྒྱལ་ཁབ་ཐུན་མོང་ཚོགས་པ་ནི་ས་ཁུལ་དེར་ཞི་བདེ་དང་འཕེལ་རྒྱས་མངོན་འགྱུར་བྱེད་པའི་གདམ་གསེས་ཆེས་ལེགས་པོ་ཡིན་ཟེར། 
        ཨར་སེ་ཡིས་ཕྱོགས་སོ་སོར་བཟོད་སྒོམ་བྱེད་པའི་སྲིད་གཞུང་ཞིག་འཛུགས་རྒྱུ་ཁས་ལེན་བྱས་ཤིང་། ཕྱོགས་སོ་སོའི་ཐུན་མོང་འབད་བརྩོན་འོག པའོ་ལེ་ཝེ་ཡཱ་རྒྱལ་ཁབ་མིག་སྔའི་དཀའ་ཁག་གི་དུས་སྐབས་ལས་བརྒལ་ཐུབ་པར་ཡིད་ཆེས་བརྟན་པོ་ཡོད་ཟེར། ཁོས་ཞོར་དུ་མང་ཚོགས་ཀྱིས་རྒྱལ་ཁབ་ཉམས་ཉེན་ཚབས་ཆེན་ལ་འཕྲད་པའི་གནས་ཚུལ་འོག་མཐུན་སྒྲིལ་གཅིག་གྱུར་བྱས་ཏེ། ཞི་བདེ་དང་མཛེས་སྡུག་གི་མ་འོངས་གསར་བསྐྲུན་བྱེད་དགོས་པའི་འབོད་སྐུལ་བཏང་། 
        སི་ཕན་རྒྱལ་ཁབ་ཀྱི་རྒྱལ་བོ་ཧྥེ་ལེ་ཕའེ་སྐུ་ཕྲེང་དྲུག་པ་དང་། ཨ་ཀིན་ཐེན་གྱི་ཙུང་ཐུང་ཧྥེ་ཨར་ནན་ཏི་སི། ཁོ་ལོམ་པུ་ཡཱའི་ཙུང་ཐུང་ཏུའུ་ཁི། པཱ་ལཱ་ཀུའེ་ཙུང་ཐུང་པེ་ནེ་ཐི་སི་སོགས་ཕྱི་རྒྱལ་གྱི་ཆབ་སྲིད་མགོ་ཁྲིད་པ་དང་། སྲིད་གཞུང་གི་འཐུས་ཚབ་ཚོགས་པ། པའོ་ལེ་ཝེ་ཡཱ་རུ་སྡོད་པའི་ཕྱི་འབྲེལ་ལས་ཁུངས་སྐོར་ཞིག་གི་དཔོན་རིགས་བཅས་ཉིན་དེའི་ལས་འགན་ཁུར་བའི་མཛད་སྒོར་ཞུགས། 
        ད་ལོར་ལོ་ང་བདུན་ཡིན་པའི་ཨར་སེ་ནི་ལཱ་པཱ་སི་ནས་སྐྱེས་པ་ཡིན་ཞིང་། ཉིས་སྟོང་དྲུག་ལོའི་ཟླ་དང་པོ་ནས་བཟུང་། ཁོས་སྔ་གཞུག་ཏུ་པའོ་ལེ་ཝེ་ཡཱའི་སྔོན་ཆད་ཀྱི་ཙུང་ཐུང་མའོ་ལཱ་ལའེ་སིའི་སྐབས་གསུམ་གྱི་སྲིད་གཞུང་ཁྲོད་དུ་ནོར་སྲིད་དང་དཔལ་འབྱོར་པུའུ་ཀྲང་གི་འགན་ཁུར། ད་ལོའི་ཟླ་བཅུ་བའི་ཚེས་བཅོ་བརྒྱད་ཉིན་སྤེལ་བའི་ཙུང་ཐུང་འདེམ་བསྐོའི་ཁྲོད། ཨར་སེ་སྤྱི་ཚོགས་རིང་ལུགས་བརྩོན་ལེན་ལས་འགུལ་གྱི་འདེམ་སྒུག་མི་སྣའི་ཚུལ་དུ་བརྒྱ་ཆའི་ང་ལྔ་དང་གྲངས་ཆུང་གཅིག་གི་འདེམ་ཤོག་ཐོབ་ནས་འགྲན་ཡ་ལས་རྣམ་པར་རྒྱལ་ཏེ་པའོ་ལེ་ཝེ་ཡཱའི་ཙུང་ཐུང་གསར་བར་བདམས་ཐོན་བྱུང་བ་རེད། 
        པའོ་ལེ་ཝེ་ཡཱའི་འདེམ་བསྐོ་ཆེན་པོ་དེ་ལོ་ལྔའི་ནང་ཐེངས་རེར་སྤེལ་བཞིན་ཡོད། ཉིས་སྟོང་བཅུ་དགུ་ལོའི་ཟླ་བཅུ་གཅིག་པར། སྐབས་དེའི་ཙུང་ཐུང་མའོ་ལཱ་ལའེ་སི་ཡིས་འདེམ་བསྐོའི་ཉམས་ཉེན་དབང་གིས་ལས་ཁུར་དགོངས་ཞུ་མི་བྱེད་ཐབས་མེད་བྱུང་། སྐབས་དེའི་གྲོས་ཞུགས་ཁང་གི་གྲོས་དཔོན་གཞོན་པ་གཉིས་པའི་འགན་ཁུར་བའི་ཨ་ནེ་སི་ཡིས་གནས་སྐབས་ཙུང་ཐུང་གི་འགན་ཁུར་རྒྱུ་ཁྱབ་སྒྲོག་བྱས། གནས་སྐབས་སྲིད་གཞུང་གིས་དེའི་རྗེས་སུ་ཡང་བསྐྱར་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་ཐག་བཅད་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1