གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། ༢༠༢༠ལོའི་ཟླ་བ་༡༡ཚེས་༡༠ཉིན།

ཞི་ཅིན་ཕིང་གིས་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་ལས་འགོ་བཙུགས་པར་གལ་ཆེའི་མཛུབ་སྟོན་གནང་བ།

        ཞི་ཅིན་ཕིང་གིས་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་ལས་འགོ་བཙུགས་པར་གལ་ཆེའི་མཛུབ་སྟོན་གནང་བ་སྟེ། ལམ་གཉིས་ཀྱི་སྙིང་སྟོབས་དང་མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། སྤུས་ཚད་མཐོ་པོའི་སྒོ་ནས་ལས་གྲྭའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་བ་དང་། ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་བ།
        འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉི་དུས། ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་ལས་འགོ་བཙུགས་པར་མཛུབ་སྟོན་གལ་ཆེན་གནང་ནས། ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་བྱེད་པ་ནི་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་ཞིང་། དེས་རྒྱལ་ཁབ་ཀྱི་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད། མཐའ་མཚམས་བརྟན་ལྷིང་སྲ་བརྟན་དུ་གཏོང་བ། ནུབ་རྒྱུད་ས་ཁུལ་དང་ལྷག་པར་དུ་སི་ཁྲོན་དང་བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གསུངས་གནང་ཡོད།
        ཞི་ཅིན་ཕིང་གིས། ཁྲོན་བོད་ལྕགས་ལམ་འགྲམ་རྒྱུད་ཀྱི་ས་བབ་ས་གཤིས་དང་གནམ་གཤིས་ཆ་རྐྱེན་རྙོག་འཛིང་ཆེ་བ་དང་། འབྱུང་ཁམས་ཁོར་ཡུག་ཉམས་ཞན་ཡིན་པས། དེའི་འཛུགས་སྐྲུན་གྱི་དཀའ་ཚེགས་འཛམ་གླིང་ཐོག་མཐོང་དཀོན་པ་ཞིག་རེད། དེས་ན་རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་དོན་ཆེན་སྒྲུབ་པའི་བཟང་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། གཟི་བརྗིད་ལྡན་ཞིང་དཀའ་ཚེགས་ཆེ་བའི་ལོ་རྒྱུས་ཀྱི་ལས་འགན་འདི་ལེགས་སྒྲུབ་ཡག་པོ་བྱེད་དགོས། རྒྱལ་ཁབ་ལྕགས་ལམ་ཚོགས་པས་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་པ་དང་། འབྲེལ་ཡོད་ཚན་པ་དང་ཁྲོན་བོད་ཞིང་ལྗོངས་གཉིས་ཀྱིས་མཐུན་སྦྱོར་རོགས་ལས་ཤུགས་ཆེན་བྱེད་པ། ལག་བསྟར་ཞིབ་ཚགས་བྱ་རྒྱུ་བཀོད་སྒྲིག་བྱེད་པ། རྒྱ་ཆེའི་ལྕགས་ལམ་འཛུགས་སྐྲུན་པ་ཚོས་ལམ་གཉིས་ཀྱི་སྙིང་སྟོབས་དང་མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་དར་སྤེལ་གཏོང་བ། ཚན་རིག་དང་མཐུན་པའི་ངང་ཨར་སྐྲུན་བྱེད་པ་དང་། བདེ་འཇགས་ལྡན་པའི་ངང་ཨར་སྐྲུན་བྱེད་པ། སྦགས་མེད་ཀྱི་སྒོ་ནས་ཨར་སྐྲུན་བཅས་བྱས་ཐོག སྤུས་ཚད་མཐོ་པོས་ལས་གྲྭའི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་ནན་སྟོན་གནང་ཡོད།
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེང་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་ནས། ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་བྱེད་པ་ནི་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གནས་བབ་ཧྲིལ་པོར་གཞི་རྐང་ཚུགས་པ་དང་། ཕུགས་རྒྱང་རིང་པོར་དམིགས་ནས་བཟོས་པའི་གལ་ཆེའི་འཐབ་ཇུས་བཀོད་སྒྲིག་ཅིག་ཡིན། འབྲེལ་ཡོད་ཕྱོགས་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱེད་པ་དང་། ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱེད་པ། གོང་འཕེལ་གྱི་འདུ་ཤེས་གསར་པ་དོན་འཁྱོལ་བྱེད་པ། བདེ་འཇགས་དང་། བློས་འགེལ་ཆོག་པ། སྔོན་ལ་འཇོག་པ་བཅས་དང་། དེ་བཞིན་དུས་ཚོད་ཀྱིས་སྤུས་ཚད་ལ་བསྟུན་པའི་རྩ་དོན་ལ་གཞིགས་པ། ལས་གྲྭའི་ཇུས་གཞི་ལེགས་སྒྱུར་དང་འཐུས་སྒོ་ཚང་དུ་གཏོང་བ། ལག་རྩལ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ། ཚན་རིག་དང་མཐུན་པའི་སྒོ་ནས་ཨར་སྐྲུན་བཀོད་སྒྲིག་བྱེད་པ། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དམ་འཛིན་ཤུགས་ཆེན་བྱེད་པ། འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་པ། རིམས་ནད་སྔོན་འགོག་ཚོད་འཛིན་དང་། མང་ཚོགས་ཀྱི་དམངས་འཚོ་སོགས་ཀྱི་ལས་དོན་ལ་གཅིག་གྱུར་འཆར་འགོད་ཡག་པོ་བྱེད་པ། འགོ་འཛུགས་ས་མཐོ་བ་དང་། ཚད་གཞི་མཐོ་བ། སྤུས་ཚད་ལེགས་པོ་བཅས་ཀྱི་སྒོ་ནས་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་ལས་གྲྭར་སྐུལ་འདེད་བཏང་སྟེ། བོད་ཁུལ་མང་ཚོགས་ཀྱི་བདེ་སྐྱིད་ཆེ་རུ་གཏོང་ཆེད་དང་། ས་ཁོངས་མཐུན་སྦྱོར་གོང་འཕེལ་དང་སྒོ་ཀུན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་བསྟན་གནང་ཡོད།
        ཁྲོན་བོད་ལྕགས་ལམ་གྱི་གཡག་རྔ་ནས་ཉིང་ཁྲི་བར་གྱི་ལས་གྲྭ་འགོ་འཛུགས་པའི་སྐུལ་སློང་ཚོགས་ཆེན་སྤྱི་ཟླ11པའི་ཚེས8ཉིན། པེ་ཅིང་དང་། ཁྲོན་བོད་ལྕགས་ལམ་གྱི་ཚོད་འཛིན་རང་བཞིན་གྱི་ལས་གྲྭའི་གསེར་སྐྱེམ་ལའི་ཕུག་ལམ་དང་། རྒྱལ་མོ་རྔུལ་ཆུའི་དམིགས་བསལ་ཟམ་ཆེན་བཅས་ས་གནས་གསུམ་དུ། བརྙན་མཐོང་སྦྲེལ་མཐུད་རྣམ་པའི་ཐོག་ནས་དུས་མཉམ་དུ་སྐོང་འཚོགས་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཧེ་ཡིས་ཚོགས་ཆེན་ཐོག་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་གནང་བ་མ་ཟད། ཁྲོན་བོད་ལྕགས་ལམ་ལས་གྲྭའི་འཛུགས་སྐྲུན་བཀོད་འདོམས་པུའུ་ཡི་ཚབ་ཞུས་ནས་ལས་གྲྭ་འགོ་ཚུགས་པའི་ཡོལ་བ་ཕྱེ་གནང་ནས། ཁྲོན་བོད་ལྕགས་ལམ་གྱི་གཡག་རྔ་ནས་ཉིང་ཁྲི་བར་གྱི་ལས་གྲྭ་འཛུགས་སྐྲུན་བྱེད་འགོ་བརྩམས་པ་ཁྱབ་བསྒྲགས་གནང་ཡོད།
        ཁྲོན་བོད་ལྕགས་ལམ་གྱི་ཁྲེན་ཏུའུ་ནས་གཡག་རྔའི་དུམ་མཚམས་དེ་སྤྱི་ལོ2018ལོའི་ཟླ12པ་ནས་བཟུང་ལས་གཉེར་བྱེད་འགོ་བརྩམས་པ་དང་། ལྷ་ས་ནས་ཉིང་ཁྲི་བར་གྱི་དུམ་མཚམས་དེ་སྤྱི་ལོ2015ལོའི་ཟླ་6པ་ནས་བཟུང་འཛུགས་སྐྲུན་བྱེད་འགོ་བརྩམས་ནས། མིག་སྔར་ལས་གྲྭའི་འཕེལ་རིམ་བདེ་བླག་ཡིན་པ་རེད། ད་ཐེངས་ལས་འགོ་བརྩམས་པའི་གཡག་རྔ་ནས་ཉིང་བར་གྱི་དུམ་མཚམས་དེ་སི་ཁྲོན་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་ཀྱི་མངའ་ཁོངས་སུ་གནས་ཤིང་། དེའི་ལམ་ཐིག་ཀྱང་སི་ཁྲོན་གཡག་རྔ་ནས་འགོ་བརྩམས་ཏེ། བོད་ལྗོངས་ཉིང་ཁྲིར་མཇུག་བསྡུས་པ་དང་། དེ་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་མཉམ་གཤིབ་ལྕགས་ལམ་ཡིན་ཞིང་། གསར་དུ་འཛུགས་སྐྲུན་བྱ་རྒྱུའི་ལམ་ཐིག་དངོས་ཀྱི་རིང་ཚད་ལ་སྤྱི་ལེ1011ཡོད་པ་དང་། མེ་འཁོར་གྱི་མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ120ནས200བར་ཟིན་རྒྱུ་འཆར་བཀོད་བྱས་ཡོད། རྣམ་གྲངས་དེ་རྒྱལ་ཁབ་ལྕགས་ལམ་ཚོགས་པས་སྒྲིག་འཛུགས་དང་ལག་བསྟར་བྱེད་འགན་ཁུར་རྒྱུ་ཡིན་པ་རེད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1