༄༅།།རིན་ཆེན་གཡུ་ཡི་རྣམ་བཤད་ཐོར་བུ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་ཉིན་ཚགས། སྤེལ་དུས། 11-11


 

          དམངས་གཞས་ཀྱི་གཞས་ཚིག་ཅིག་གི་ནང་དུ། མི་དམངས་མང་པོའི་དཀྱིལ་ལ། རྡེལ་ཙག་བཀྱོན་པ་མ་གནང་། སེམས་པ་ཤོར་གྱི་འདུག་ན། མགོ་ལ་གཡུ་ཆུང་བཀྱོན་དང་ཞེས་གསལ་བ་ལས། གཙུག་གཡུ་ནི་བདག་པོའི་མཚོན་རྟགས་རེད་ལ། མཛའ་གཅུགས་ཀྱི་མཚོན་རྟགས་ལྟ་བུའང་རེད། འབྲོག་ཁུལ་གྱི་ཁྱོ་བོ་ཡོད་པའི་བུད་མེད་རྣམས་ཀྱིས་གཙུག་གཡུ་ནི་མགོ་བོ་འཁྲུ་སྐབས་ཙམ་མ་གཏོགས་མགོ་ནས་བྲལ་མི་རུང་བར་བརྩི་ཡི་ཡོད་པ་རེད། དེ་བཞིན། གཡུ་ནི་བཀྲ་ཤིས་པའི་རྫས་ལྟ་བུ་ཞིག་ཏུའང་བརྩི་བ་ཡིན་ཏེ། བོད་ཀྱི་གཏམ་དཔེར"གསེར་སེར་པོ་ས་ནས་རྙེད་པ་ལས། གཡུ་གྲོ་དཀར་རྨི་ལམ་རྨིས་པ་དགའ"ཞེས་གསལ་བར། རྨི་ལམ་དུ་གཡུ་རྨིས་པ་དེ་བཀྲ་ཤིས་པའི་རྟགས་སུ་འཛིན་པ་དང་། གནའ་རབས་ཀྱི་བོད་ཀྱི་དཔོན་པོའི་གོ་གནས་མཚོན་བྱེད་ཀྱི་སྐོར་བཤད་པ་ཞིག་ཏུའང་དཔོན་རྟགས་སུ་གཡུ་ཡི་ཡི་གེ་སྔ་ན་མཐོ། གསེར་གྱི་ཡི་གེ་དེ་ལས་དམན། ཕྲ་མེན་དེ་ལས་ཀྱང་དམན། དངུལ་དེ་ལས་ཀྱང་དམན་ཞེས་ཤོད་སྲོལ་འདུག་པས། བོད་རིགས་མི་དམངས་ཀྱིས་གཡུ་ནི་རྒྱན་ཆ་རྩ་ཆེ་ཤོས་སུ་བརྩི་བ་དེ་ནས་མཚོན་གྱི་ཡོད།
           གཞན་ཡང་། གཡུ་ལ་མིའི་བླ་སྲོག་གནས་པའི་ཡིད་ཆེས་ཀྱང་བྱེད་པ་ཡིན་ཏེ། རྒྱལ་པོའི་བླ་གཡུ་དང་བཙུན་མོའི་བླ་གཡུའི་སྐོར་གྱི་སྒྲུང་གཏམ་མང་པོ་ཞིག་ཡོད་པ་ལྟར། དེང་སང་ཡང་སྔགས་པ་རྣམས་ཀྱིས་བླ་འགུགས་ཚེ་འགུགས་བྱེད་སྐབས་གཡུ་ནི་བླ་འགུགས་ཀྱི་དམིགས་རྟེན་དུ་བྱེད་ཀྱི་ཡོད། དེས་ན་བོད་རིགས་རྣམས་ཀྱིས་གཡུ་ལ་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་པ་སྨོས་མེད་རེད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1