གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། ༢༠༢༠ལོའི་ཟླ་བ་༡༡ཚེས་༡༢ཉིན།

མཱ་ཁི་ལུང་སོགས་ཀྱིས་ཡོ་རོབ་གླིང་གིས་བྱེད་ཐབས་སྣ་ཚོགས་སྤྱད་དེ་འཇིགས་སྐུལ་རིང་ལུགས་ཀྱི་འཇིགས་ཉེན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་དང་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་སོགས་ཀྱིས་ཚེས་བཅུ་ཉིན་བརྙན་རིས་གྲོས་མོལ་བྱས། གཙོ་བོ་ཡོ་རོབ་གླིང་གི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་གནས་བབ་དང་ཐག་གཅོད་བྱེད་ཐབས་ལ་གྲོས་བསྡུར་བྱས། གྲོས་མོལ་ལ་ཞུགས་མཁན་དག་གིས་ཧྲིན་ཀིན་ས་ཁུལ་གྱི་མཐའ་མཚམས་སྲིད་ཇུས་བཅོས་བསྒྱུར་དང་དྲ་རྒྱའི་འཇིགས་སྐུལ་ནང་དོན་ལ་ཆམ་ཕབ་གཏོང་བ། ཆོས་ལུགས་ཐལ་སྤྱོད་ཉེས་ཅན་གྱི་ལྟ་རྟོག་ལ་ཤུགས་སྣོན་པ་སོགས་ལས་ཡོ་རོབ་གླིང་གི་མདུན་དུ་ལྷགས་པའི་འཇིགས་སྐུལ་རིང་ལུགས་ཀྱི་འཇིགས་ཉེན་ཐག་གཅོད་བྱེད་དགོས་པའི་རེ་བ་བཏོན། 
        མཱ་ཁི་ལུང་གིས་ཉིན་དེར་ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་ཨེ་ལོས་ཧྲི་ཕོ་བྲང་ནས་འཚམས་འདྲིར་ཡོང་བའི་ཨོ་སི་ཁྲུ་རི་ཡཱའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་བྱས། དེའི་རྗེས་སུ་ཁོ་གཉིས་ཀྱིས་མའོ་ཁི་ཨར་དང་ཧི་ལན་གྱི་དབུ་བཞུགས་བློན་ཆེན་ལོས་ཐི། ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་མུས་ཞེ་ཨར། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན་བཅས་དང་བརྙན་རིས་གྲོས་མོལ་བྱས། 
        མཱ་ཁི་ལུང་གིས་གྲོས་མོལ་བྱས་རྗེས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། འཇིགས་སྐུལ་རིང་ལུགས་ནི་ཡོ་རོབ་གླིང་དུ་མདུན་དུ་ལྷགས་པའི་དོན་དངོས་ཀྱི་འཇིགས་ཉེན་ཡིན་པ་དང་། ཡོ་རོབ་གླིང་གིས་ངེས་པར་དུ་མྱུར་མོར་གཅིག་གྱུར་གྱི་ཐག་གཅོད་བྱེད་ཐབས་འདོན་དགོས། དེའི་ནང་འབྲེལ་ཡོད་ཀྱི་གཞི་གྲངས་མཛོད་གསར་སྤེལ་བྱེད་པ་དང་། བརྡ་འཕྲིན་བརྗེ་རེས་ལ་ཤུགས་སྣོན་པ་སོགས་འདུས། ཞོར་དུ་ཕྱོགས་ཡོངས་ནས་ཡོ་རོབ་གླིང་གི་ད་ཡོད་ཀྱི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་བྱེད་ཐབས་ནན་ཏན་གྱིས་དངོས་འབེབ་བྱེད་དགོས་ཟེར། 
        མཱ་ཁི་ལུང་གིས་བཤད་རྒྱུར། ཡོ་རོབ་གླིང་གིས་ངེས་པར་དུ་ནང་ཁུལ་གྱི་མཐའ་མཚམས་སྒོ་འབྱེད་བྱས་ཡོད་པའི་ཧྲིན་ཀིན་ས་ཁུལ་ལ་ཡང་བསྐྱར་ལྟ་ཞིབ་བྱེད་དགོས་པ་དང་། དེར་བཅོས་བསྒྱུར་བྱས་ཏེ་བདེ་འཇགས་ལ་འགན་སྲུང་བྱེད་པའི་དགོས་པ་ཡོད་ཟེར། ཁོས་ཡོ་རོབ་གླིང་ནང་ཁུལ་གྱི་བདེ་འཇགས་ཨུ་ཡོན་ལྷན་ཁང་འཛུགས་པར་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན་པ་དང་། ཡོ་རོབ་གླིང་གི་རྒྱལ་ཁབ་མང་བོའི་འགེབས་སྲུང་དབང་ཆ་གང་འདོད་དུ་སྤྱོད་པའི་སྣང་ཚུལ་ཡོད་པར་འདོད། མཱ་ཁི་ལུང་གིས་བལྟས་ན། མཉམ་འབྲེལ་དྲ་བ་དང་སྤྱི་ཚོགས་འབྲེལ་བའི་སྨྱན་བྱད་ནི་རང་དབང་གི་བར་སྟོང་ཞིག་ཡིན་ཡང་། བདེ་འཇགས་ནི་རང་དབང་གི་སྔོན་འགྲོའི་ཆ་རྐྱེན་ཡིན་པས། ངེས་པར་དུ་དྲ་རྒྱའི་སྟེང་གི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ནང་དོན་དང་འཁོན་འཛིན་ལ་ངན་སྐུལ་བྱེད་པའི་གཏམ་བརྗོད་ལ་ཆམ་ཕབ་གཏོང་དགོས་པར་འདོད། 
        ཁུའུ་ཨར་ཚི་ཡིས་བསྟན་དོན། མི་སྟོང་ཕྲག་མང་བོ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་ཆོས་ལུགས་ཐལ་སྤྱོད་ཉེས་ཅན་ནང་ཞུགས་པ་དེས་ཡོ་རོབ་གླིང་ལ་འཇིགས་ཉེན་ཚབས་ཆེན་བཟོས་ཡོད་པ་དང་། ཡོ་རོ་བགླིང་གིས་འཇིགས་ཉེན་དེ་གདོང་གིས་བསུས་ནས་བྱེད་ཐབས་སྤྱོད་དགོས་ཟེར། 
        གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་མའོ་ཁི་ཨར་གྱིས་བརྙན་རིས་གཏམ་བཤད་སྤེལ་ཏེ། རྒྱལ་ཁབ་དང་ཡོ་རོབ་གླིང་རིམ་པ་ནས་བྱེད་ཐབས་གང་རུང་སྤྱད་དེ་འཇིགས་སྐུལ་རིང་ལུགས་ཀྱི་འཇིགས་ཉེན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་། ཁོ་མོས་བཤད་རྒྱུར། ཉེ་སྔོན་བྱུང་བའི་འཇིགས་སྐུལ་དོན་རྐྱེན་ལ་གཞིགས་ན། ཡོ་རོབ་གླིང་གིས་ནང་ཁུལ་གྱི་མཐའ་མཚམས་སྒོ་འབྱེད་བྱས་པའི་ཧྲིན་ཀིན་ས་ཁུལ་དུ་བཅོས་བསྒྱུར་བྱེད་པར་དགོས་གལ་ཧ་ཅང་ཆེ་ཟེར། 
        མུས་ཞེ་ཨར་གྱིས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་ནང་སྲིད་པུའུ་ཀྲང་གིས་ཉེ་སྔོན་གྲོས་ཚོགས་བསྡུས་ཏེ། ཉེ་བའི་ལོ་འགའི་རིང་གི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་བྱེད་ཐབས་ལ་དཔྱད་འཇོག་དང་འཐུས་ཚང་དུ་བཏང་། དེ་ལས་གཞན་ཡོ་རོབ་གླིང་མ་གཏོགས་པའི་རྒྱལ་སྤྱིའི་གྲོས་མོལ་གཞན་པ་སྤེལ་ནས་ཡོ་རོབ་གླིང་གི་འཇིགས་སྐུལ་ངོ་རྒོལ་གྱི་ཆོད་སེམས་རྒྱས་བཤད་བྱེད་དགོས་ཟེར། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1