༄༅།།ལོ་ངོ་བདུན་ཅུར་ཉེ་བའི་རིང་གི་བོད་ཀྱི་སྐད་ཡིག་ཞིབ་འཇུག་གི་སྤྱི་ཁོག་མདོ་ཙམ་གླེང་བ།

རྡོ་རྗེ་དོན་གྲུབ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། 11-12



རྡོ་རྗེ་དོན་གྲུབ།
[ནང་དོན་གནད་བསྡུས།]དཔྱད་རྩོམ་འདིར་ཉེ་བའི་ལོ་ངོ་70ལྷག་གི་རིང་བོད་ཡིག་གི་ལམ་ནས་བརྩམས་ཡོད་པའི་བརྡ་སྤྲོད་སྐོར་གྱི་བསྟན་བཅོས་དང་དཔྱད་རྩོམ་གཞིར་བཟུང་ནས་བོད་སྐད་ཀྱི་སྐད་གདངས་དང་། ཐ་སྙད། བརྡ་སྤྲོད། ཡིག་གཟུགས། ཡུལ་སྐད་དང་སྤྱི་སྐད་བཅས་ཀྱི་སྐོར་ནས་ཞིབ་འཇུག་གང་དང་ཅི་བྱས་ཡོད་པ་དང་། ཞིབ་འཇུག་གི་ཁྱད་ཆོས་དང་། ཞིབ་འཇུག་གི་ཁ་ཕྱོགས་ཇི་ལྟ་བུ་ཞིག་ཏུ་འགྱུར་བཞིན་ཡོད་པ་བཅས་ཀྱི་སྐོར་ནས་རགས་ཙམ་བརྗོད་ཡོད། དེ་ཡང་དུས་རབས་ཉི་ཤུའི་ལོ་རབས་ལྔ་བཅུ་པ་ནས་ལོ་རབས་བརྒྱད་ཅུ་པའི་བར་(1950-1980)གྱི་བོད་སྐད་ཡིག་ཞིབ་འཇུག་གི་གནས་ཚུལ་དང་། དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པ་ནས་དུས་རབས་ཉེར་གཅིག་པའི་བར་(1980-2015)གྱི་བོད་སྐད་ཡིག་ཞིབ་འཇུག་གི་གནས་ཚུལ་བཅས་དུས་རིམ་ཆེན་པོ་གཉིས་སུ་དབྱེ་སྟེ་བརྗོད་ཡོད།
[བརྡ་ཆད་གཙོ་བོ།] བོད་ཀྱི་སྐད་ཡིག་ཞིབ་འཇུག ཉེ་བའི་ལོ་ངོ་བདུན་ཅུ   སྤྱི་ཁོག
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] H214
[ཡིག་ཚང་མཚོན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2019-03-0047-15
       དེ་ཡང་ཉེ་བའི་ལོ་ངོ་70ལྷག་གི་བོད་ཀྱི་སྐད་དང་ཡི་གེའི་ཞིབ་འཇུག་དེ་དུས་རིམ་གཉིས་སུ་དབྱེ་ཆོག་སྟེ། གཅིག་ནི་དུས་རབས་ཉི་ཤུའི་ལོ་རབས་ལྔ་བཅུ་པ་ནས་ལོ་རབས་བརྒྱད་ཅུ་པའི་བར་(1950-1980)དང་། གཉིས་ནི་དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུ་པ་ནས་དུས་རབས་ཉེར་གཅིག་པའི་ལོ་རབས་བཅུ་པའི་བར་(1980-2015)ཡིན།《ཐོན་མིའི་ཞལ་ལུང་》དང་། 《ཐོན་མིའི་དགོངས་རྒྱན》《ཐོན་མིའི་མཛུབ་རིས》 《བོད་ཀྱི་ཡི་གེའི་སྤྱི་རྣམ་བློ་གསལ་འཇུག་ངོགས》 《བརྡ་སྤྲོད་བློ་གསལ་དགའ་སྟོན》 《རྟགས་འཇུག་དཀའ་གནད་གསལ་བའི་སྒྲོན་མེ》 《སུམ་རྟགས་ལས་ལ་དོན་གྱི་གནད་དོན་ཁ་ཤས་》ལ་སོགས་ནི་དུས་རིམ་དང་པོའི་ཁོངས་སུ་གཏོགས་ཤིང་། 《བརྡ་སྤྲོད་གསལ་བྱེད་ངག་སྒྲོན་》དང་། 《བརྡ་སྤྲོད་དོན་འགྲེལ་ཕྱོགས་བསྒྲིགས》《བརྡ་སྤྲོད་རྣམ་བཤད》 《བོད་ཀྱི་བརྡ་སྤྲོད་སྤྱི་རྣམ་རིག་འཕྲུལ་སྣང་མཛོད》 《བོད་ཀྱི་བརྡ་སྤྲོད་རིག་པའི་རྣམ་བཤད་སྔོན་མེད་རིག་པའི་འཕྲུལ་ཤེལ་》སོགས་ནི་དུས་རིམ་གཉིས་པའི་ཁོངས་སུ་གཏོགས། དུས་རིམ་དང་པོའི་སྐབས་ཀྱི་ཞིབ་འཇུག་གི་ཁྱད་ཆོས་གཙོ་བོ་ཞིག་ནི་བོད་ཀྱི་སྲོལ་རྒྱུན་བརྡ་སྤྲོད་རིག་པ་《སུམ་ཅུ་པ་》དང་《རྟགས་ཀྱི་འཇུག་པ་》ཡི་གཞུང་གི་ཁྱད་ཆོས་གཞིར་བཟུང་ནས་བོད་ཀྱི་སྐད་དང་ཡི་གེའི་སྐོར་ལ་ཞིབ་འཇུག་བགྱིས་ཡོད་པ་དང་། དུས་རིམ་གཉིས་པའི་སྐབས་ཀྱི་ཞིབ་འཇུག་གི་ཁྱད་ཆོས་གཙོ་བོ་ཞིག་ནི་དེང་རབས་ནུབ་ཕྱོགས་སྐད་བརྡ་རིག་པའི་གཞུང་ལུགས་དང་ཞིབ་འཇུག་དཔྱད་ཐབས་བོད་ཀྱི་སྲོལ་རྒྱུན་བརྡ་སྤྲོད་རིག་པའི་གཞུང་《སུམ་ཅུ་པ་》དང་《རྟགས་ཀྱི་འཇུག་པ་》ཡི་གཞུང་དང་བསྲེས་ནས་བོད་ཀྱི་སྐད་དང་ཡི་གེའི་སྐོར་ལ་ཞིབ་འཇུག་བགྱིས་ཡོད་པ་ཞིག་ཡིན། ཉེ་བའི་ལོ་ངོ་70ལྷག་གི་རིང་བོད་ཀྱི་སྐད་དང་ཡི་གེའི་ཞིབ་འཇུག་གི་ནང་དོན་དང་། ཁ་ཕྱོགས། དམིགས་ཡུལ། རྣམ་གྲངས་བཅས་ལ་སྔོན་ཆད་དང་མི་འདྲ་བའི་འགྱུར་བ་གསར་པ་འགའ་ཞིག་བྱུང་དང་འབྱུང་བཞིན་མཆིས་ཀྱང་། དེ་དག་དཔྱད་པའི་ཡུལ་དུ་བཟུང་ནས་ཆེད་དུ་ཞིབ་འཇུག་བགྱིས་ཡོད་པ་ཤིན་ཏུ་དཀོན། རྒྱ་ཡིག་གི་ངོས་ནས་《བོད་ལྗོངས་ཀྱི་བོད་སྐད་ཡིག་གི་ལས་དོན་》ཞེས་པ་དང་། 《བོད་ཀྱི་སྐད་དང་ཡི་གེའི་ཞིབ་འཇུག་གི་ལོ་རྒྱུས》 《སྐད་བརྡ་རིག་པ་》ཞེས་པ་ལ་སོགས་པར་རེ་གཉིས་ཙམ་གླེངས་ཡོད་ཀྱང་ཞིབ་རྒྱས་སུ་བཀོད་མེད། འདིར་ཉེ་བའི་ལོ་ངོ་70རིང་བོད་ཡིག་གི་ངོས་ནས་བརྩམས་པའི་བོད་ཀྱི་སྐད་དང་ཡི་གེའི་ཞིབ་འཇུག་གི་གནས་ཚུལ་རྒྱུས་ལོན་ཡོང་བའི་ཆེད་དུ་རེ་རེ་བཞིན་ཅུང་ཙམ་ཞིབ་རྒྱས་སུ་བརྗོད་པར་བྱ་བ་ལ།
དང་པོ། དུས་རབས་ཉི་ཤུའི་ལོ་རབས་ལྔ་བཅུ་པ་ནས་ལོ་རབས་བརྒྱད་ཅུ་པའི་བར་གྱི་(1951-1980)བོད་ཀྱི་སྐད་དང་ཡི་གེའི་ཞིབ་འཇུག་གི་གནས་ཚུལ།
       གཅིག དུས་རིམ་འདིའི་བོད་ཀྱི་སྐད་དང་ཡི་གེའི་ཞིབ་འཇུག་གི་ཁྱབ་ཁོངས། དུས་རབས་ཉི་ཤུའི་ལོ་རབས་ལྔ་བཅུ་པ་ནས་བཟུང་། “རང་རྒྱལ་དུ་ཏང་གི་མི་རིགས་འདྲ་མཉམ་དང་སྐད་ཆ་འདྲ་མཉམ་གྱི་སྲིད་བྱུས་མཐའ་འཁྱོལ་བ་ཞིག་ལག་བསྟར་དང་། གྲངས་ཉུང་མི་རིགས་ས་ཁུལ་གྱི་རིག་གནས་སློབ་གསོའི་ལས་དོན་དར་སྤེལ་གཏོང་བ། གྲངས་ཉུང་མི་རིགས་ས་ཁུལ་གྱི་སྐད་དང་ཡི་གེའི་གནས་ཚུལ་རྒྱུས་ལོན་ཡོང་བ་བཅས་ཀྱི་ཆེད་དུ། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་དང་ཀྲུང་གོའི་མི་རིགས་སྲིད་ཇུས་ལས་དོན་ཨུ་ཡོན་ཚོགས་པ་གཉིས་མཉམ་འབྲེལ་གྱིས་སྐད་བརྡ་རིག་པའི་ཆེད་མཁས་ཀྱི་མི་100ལྷག་བསྡུས་ཏེ་སྤྱི་ལོ་1956ལོ་ནས་1958ལོའི་བར་བོད་ལྗོངས་དང་། མཚོ་སྔོན། ཀན་སུའུ། སི་ཁྲོན། ཡུན་ནན་བཅས་བོད་ཀྱི་ཡུལ་ཁམས་ཀུན་ཏུ་ཡུལ་སྐད་ཅུང་མི་འདྲ་བའི་ས་གནས་90ལྷག་བདམས་ཤིང་བོད་ཀྱི་སྐད་དང་ཡི་གེའི་གནས་སྟངས་ལ་གཞི་ཁྱོན་ཆེ་བའི་འཚོལ་སྡུད་སྔ་གཞུག་ཐེངས་གཉིས་བྱས།”①ཞེས་གསུངས་པ་ལྟར། བོད་ཀྱི་སྐད་དང་ཡི་གེའི་ཞིབ་འཇུག་གི་བཤུལ་ལམ་རིང་མོ་འདིའི་ནང་དུ་བོད་ཀྱི་སྐད་དང་ཡི་གེར་ཞིབ་འཇུག་མཁན་ཅིན་ཕེང་(金鹏)དང་། ཧུའུ་ཐན། (胡坦) དཔའ་མཁར་(华侃)ལ་སོགས་པའི་རྒྱ་རིགས་ཀྱི་སྐད་བརྡ་རིག་པའི་ཆེད་མཁས་མང་པོ་བྱུང་ཡོད། བོད་ལ་མཚོན་ནའང་དགེ་བཤེས་ཤེས་རབ་རྒྱ་མཚོ་(1884-1968)དང་། ཚེ་ཏན་ཞབས་དྲུང་།(1910-1985) རྡོ་རྗེ་རྒྱལ་པོ། (1913-1992) དམུ་དགེ་བསམ་གཏན།(1913-1993)མཁྱེན་རབ་འོད་གསལ། (1925-1998) བསྟན་པ་རྒྱ་མཚོ་(1907-1972)ལ་སོགས་པའི་མཁས་པ་མང་པོ་ཞིག་ཀྱང་བོད་ཀྱི་སྐད་དང་ཡི་གེའི་ཞིབ་འཇུག་གི་ལམ་དུ་ཞུགས་ནས་བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་《སུམ་ཅུ་པ་》དང་། 《རྟགས་ཀྱི་འཇུག་པ》 《གནས་བརྒྱད་ཆེན་མོའི་རྩ་འགྲེལ》 《སྨྲ་བའི་སྒོ་མཚོན་ཆ》 《ཡི་གེའི་བཀླག་ཐབས་བྱིས་པ་བདེ་བླག་ཏུ་འཇུག་པ》 《ཡི་གེའི་སྦྱོར་བ》 《ཚོགས་གསུམ་གསལ་བ》 《མུ་ཏིག་ཕྲེང་མཛེས》 《སུམ་རྟགས་འགྲེལ་པ་ལེགས་བཤད་སྣང་བྱེད་ནོར་བུ》 《སུམ་ཅུ་པའི་འགྲེལ་པ་ཀུན་ཏུ་བཟང་པོའི་དགོངས་རྒྱན་》ལ་སོགས་པའི་རྗེས་སུ་འབྲངས་ཤིང་། 《སུམ་རྟགས་》ཀྱི་གཞུང་ལུགས་ཉིད་བོད་སྐད་ཡིག་གི་ཁྱད་ཆོས་དངོས་དང་སྦྱར་ཏེ་བརྡ་སྤྲོད་པའི་བརྩམས་ཆོས་མང་པོ་ཞིག་བརྩམས། དགེ་བཤེས་ཤེས་རབ་རྒྱ་མཚོས་བརྡ་སྤྲོད་པའི་བསྟན་བཅོས་ཆེད་དུ་བརྩམས་ཡོད་པ་ཞིག་ད་སྔ་མ་མཐོང་ཡང་《དག་ཡིག་ཤེས་བྱ་རབ་གསལ་ལ་ཞུ་དག་གནང་བའི་སྐབས་ཀྱི་དཔྱད་གཏམ་》དང་། 《དུས་གསུམ་གྱི་རྣམ་གཞག་བློ་མུན་སེལ་བའི་འོད་སྣང་ལ་ཞུ་དག་གནང་བའི་སྐབས་ཀྱི་དཔྱད་གཏམ་》ཞེས་པ་གཉིས་ཡོད་པ་དང་། དཔྱད་གཏམ་འདི་གཉིས་ནི་བོད་ཀྱི་སྐད་དང་ཡི་གེར་ཞིབ་འཇུག་བྱེད་སྐབས་བརྡ་སྤྲོད་པའི་གཞུང་གང་གི་རྗེས་སུ་འབྲང་དགོས་པ་དང་དཔྱད་ཐབས་གང་ཞིག་ཚད་མར་འཛིན་དགོས་པ་ལ་ནུས་པ་གལ་ཆེན་ཐོན། 
       དུས་རིམ་འདིའི་བོད་ཀྱི་སྐད་དང་ཡི་གེའི་ཞིབ་འཇུག་གི་ཁྱབ་ཁོངས་ལ་སྐད་གདངས་དང་བརྡ་སྤྲོད་ཀྱི་ཆ་ནས། བོད་ཀྱི་ཡིག་སྐད་དང་ཁ་སྐད་ཀྱི་ཆ་འདུས་ཡོད་ཀྱང་གཙོ་བོ་ནི་ཡིག་སྐད་ཀྱི་ཆ་སྟེ། སུམ་རྟགས་ཀྱི་རྗེས་སུ་འབྲངས་པ་ཤུགས་ཆེ་བར་སྣང་། དེ་ཡང་དཔེར་ན། 《ཐོན་མིའི་ཞལ་ལུང་》དང་། 《བོད་ཀྱི་ཡི་གེའི་སྤྱི་རྣམ་བློ་གསལ་འཇུག་ངོགས》 《བརྡ་སྤྲོད་བློ་གསལ་དགའ་སྟོན》 《རྟགས་འཇུག་དཀའ་གནད་གསལ་བའི་སྒྲོན་མེ》 《ལ་དོན་གྱི་གནད་དོན་ཁ་ཤས་》ལ་སོགས་པ་ལྟ་བུ་ཡིན། བརྡ་སྤྲོད་པའི་བརྩམས་ཆོས་འདི་དག་གི་བརྗོད་བྱ་ནི་མཐར་གཏུགས་ན་བོད་ཀྱི་ཡིག་སྐད་ཀྱི་ཁྱད་ཆོས་གནད་དུ་བཟུང་བའམ་མཆོག་ཏུ་བཟུང་ནས་བོད་སྐད་ཀྱི་རྣམ་དབྱེ་དང་ཚིག་ཕྲད། དབྱངས་གསལ་ཡི་གེའི་སྐྱེ་གནས་དང་འབྱིན་ཐབས། ཡི་གེའི་བཀླག་ཐབས། སྔོན་འཇུག་དང་རྗེས་འཇུག་གི་རྟགས་ཀྱི་དབྱེ་བ། བྱ་བྱེད་ལས་གསུམ། བདག་གཞན་དུས་གསུམ་སྐུལ་ཚིག་བཅས་བརྗོད་བྱའི་དོན་དུ་བྱས་ཏེ་《སུམ་རྟགས་》དང་། 《སྨྲ་སྒོ་མཚོན་ཆ་》དང་། 《ཚོགས་གསུམ་གསལ་བ་》བཅས་ཀྱི་འགྲེལ་ཚུལ་དང་ཞིབ་འཇུག་གི་སྒྲོམ་གཞི་ལས་འདས་མེད།《ཐོན་མིའི་ཞལ་ལུང་》ལས། “གང་གི་མཁྱེན་རབ་རྒྱ་མཚོའི་ཀླུང་ཡངས་ལས། ། ཉེ་བར་ཐོན་པའི་སུམ་རྟགས་ཡིད་བཞིན་ནོར། །རིས་མེད་སྐྱེ་འགྲོ་ཡོངས་ཀྱི་དགའ་སྟོན་སླད། །གོ་སླའི་ངག་གིས་རྒྱ་ཆེར་དབྱེ་བར་བྱ། །”②ཞེས་སུམ་རྟགས་ཀྱི་དོན་རྣམས་གོ་སླ་བར་དབྱེ་ཞིབ་བགྱི་རྒྱུ་ཡིན་ཚུལ་གསུངས་ཡོད་པ་ལྟར་རོ། །
       མིང་ངམ་ཐ་སྙད་ཞིབ་འཇུག་གི་ཆ་ནས། དོན་གྱི་ངོ་བོ་ཙམ་སྟོན་པ་མིང་གི་མཚན་ཉིད་དུ་བྱས་ནས་བཀའ་འགྱུར་དང་བསྟན་འགྱུར་ལས་བྱུང་བའི་སྒྲ་འདྲ་བའི་མིང་དང་དོན་འདྲ་བའི་མིང་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ་གསལ་བྱེད་ཀྱི་ཡི་གེ་དང་དབྱངས་ཀྱི་ཡི་གེའི་གོ་རིམ་ལྟར་ཚིགས་བཅད་ཀྱི་ལམ་ནས་སམ་གྲངས་འདྲེན་གྱི་ལམ་ནས་བསྒྲིགས་པའི་དག་ཡིག་མང་དག་ཅིག་བྱུང་ཡོད་པ་《སྒྲ་བྱེ་བྲག་ཏུ་རྟོགས་བྱེད་ཆེ་འབྲིང་》དང་། 《དག་ཡིག་བསྡུས་པ》 《སྒྲའི་བསྟན་བཅོས་སྨྲ་བ་རྒྱན་གྱི་མེ་ཏོག་ངག་གི་དབང་ཕྱུག་གྲུབ་པ》《དག་ཡིག་ཉེ་མཁོ་བསྡུས་པ》 《དག་ཡིག་གངྒཱ》 《དག་ཡིག་བདུད་རྩིའི་ཆུ་རྒྱུན》 《དག་ཡིག་སྨྲ་བ་རྒྱན་གྱི་མེ་ཏོག》 《དག་ཡིག་ཟ་མ་ཏོག》 《དག་ཡིག་ལི་ཤིའི་གུར་ཁང》 《དག་ཡིག་ངག་གི་སྒྲོན་མ》 《དག་ཡིག་མཁས་པའི་འབྱུང་གནས་》ལ་སོགས་པའི་རྗེས་སུ་འབྲངས་ནས་དག་ཡིག་གསར་པ་སྐོར་ཞིག་ཐོན་ཡོད་པ་ནི་དགེ་བཤེས་ཆོས་ཀྱི་གྲགས་པས་བརྩམས་པའི་《བརྡ་དག་མིང་ཚིག་གསལ་བ་》དང་། ཚེ་ཏན་ཞབས་དྲུང་གིས་བསྒྲིགས་པའི་《དག་ཡིག་ཐོན་མིའི་དགོངས་རྒྱན་》ཀྲུང་དབྱང་མི་རིགས་སློབ་ཆེན་བོད་ཡིག་སློབ་དཔྱོད་ཁང་གིས་བསྒྲིགས་པའི་《བོད་ཡིག་དུས་གསུམ་ཕྱོགས་བསྒྲིགས》《དུས་གསུམ་རྣམ་གཞག་བློ་མུན་སེལ་བའི་འོད་སྣང་》ལ་སོགས་པ་ལྟ་བུ་ཡིན། བོད་སྐད་གསར་དུ་སྦྱོང་བའི་རྒྱ་རིགས་བློ་མཐུན་རྣམས་ཀྱི་དགོས་མཁོའམ་རྒྱ་སྐད་བོད་སྐད་དུ་བསྒྱུར་བའི་ལོ་ཙཱའི་དགོས་མཁོ་ལ་དམིགས་ཏེ་དེང་རབས་ཁྱད་ཆོས་ལྡན་པའི་མིང་མཛོད་དམ་ཚིག་མཛོད་སྐོར་ཞིག་ཀྱང་བྱུང་ཡོད་དེ། དཔེར་ན། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་སློབ་དཔྱོད་ཙུའུ་ནས་རྩོམ་སྒྲིག་བྱས་པའི་《རྒྱ་བོད་མིང་མཛོད་》ཅེས་པ་དང་། བོད་ཡིག་རྩོམ་སྒྱུར་བ་འགའ་ཞིག་གིས་བསྒྲིགས་པའི་《ཐ་སྙད་གསར་བསྒྲིགས》(དེབ་1-3པ) ཀྲུང་དབྱང་མི་རིགས་སློབ་གྲྭའི་སྐད་ཡིག་ཚན་ཁག་གིས་བསྒྲིགས་པའི་《རྒྱ་བོད་ཤན་སྦྱར་གྱི་ཁ་སྐད་ཚིག་མཛོད》 བསམ་གཏན་སོགས་ཀྱིས་བསྒྲིགས་པའི་《དག་ཡིག་གསར་བསྒྲིགས་》ལ་སོགས་པ་ལྟ་བུ་ཡིན། གཞན་ཡང་།《བོད་རྒྱ་ཤན་སྦྱར་རྒྱུན་མཁོའི་ཚིག་མཛོད་》དང་། 《རྒྱ་བོད་ཤན་སྦྱར་གྱི་ཚིག་མཛོད》 《བོད་རྒྱ་སངས་རྒྱས་ཆོས་གཞུང་གི་ཚིག་མཛོད》 《ཨ་མདོའི་ཁ་སྐད་ཚིག་མཛོད》 《ལྷ་སའི་ཁ་སྐད་ཚིག་མཛོད་》སོགས་དེང་རབས་མིང་མཛོད་རིག་པའི་ཁྱད་ཆོས་ལྡན་པའི་ཁ་སྐད་ཀྱི་ཚིག་མཛོད་དང་རྒྱ་བོད་ཤན་སྦྱར་དང་བོད་རྒྱ་ཤན་སྦྱར་གྱི་ཚིག་མཛོད་མང་པོ་ཞིག་བྱུང་། 
       ཡིག་གཟུགས་ཀྱི་ཆ་ནས་ཚེ་ཏན་ཞབས་དྲུང་གིས་བརྩམས་པའི་《ཐོན་མིའི་མཛུབ་རིས་》དང་། 《བྱིས་པ་ཀློག་ལ་འཇུག་པའི་ཀ་དཔེ་ཐོན་མི་བཞད་སྒྲ》 《ཝརྟུའི་མ་ཕྱི》སྨོན་ལམ་རྒྱ་མཚོས་མཛད་པའི་《ཡིག་གཟུགས་བློ་གསལ་སྤྱི་ནོར》 དམུ་དགེ་བསམ་གཏན་གྱིས་བརྩམས་པའི་《བརྡ་སྤྲོད་བློ་གསལ་དགའ་སྟོན་》ལས་“ཡི་གེ་བཏགས་པ་བ་བཤད་པ་”③ཞེས་པའི་ལས་ཚན་སོགས་བྱུང་ཡོད། དེ་ལྟར་དུས་རབས་ཉི་ཤུའི་ལོ་རབས་ལྔ་བཅུ་པ་ནས་བཟུང་། བོད་ཀྱི་སྐད་དང་ཡི་གེའི་ཞིབ་འཇུག་གི་ཁྱབ་ཁོངས་ལ་བོད་ཀྱི་ཡིག་སྐད་དང་སུམ་རྟགས་དག་གསུམ་དང་ཡིག་གཟུགས་རྣམས་མཆོག་ཏུའམ་གཙོ་བོར་བཟུང་ཞིང་། བོད་ཀྱི་ཁ་སྐད་དང་ཡུལ་སྐད་ཀྱི་ཁྱད་པར་ནི་ཕལ་པར་བཟུང་བ་དང་། དེང་རབས་སྐད་བརྡ་རིག་པའི་གཞུང་ལུགས་ནི་མངོན་ཆུང་ནུས་ཞན་གྱི་ཚུལ་དུ་ཡོད་པའི་རྣམ་པ་ཞིག་ཆགས་ཡོད།
       གཉིས། དུས་རིམ་འདིའི་བོད་ཀྱི་སྐད་དང་ཡི་གེའི་ཞིབ་འཇུག་གི་ཁྱད་ཆོས།
       1. བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་《སུམ་ཅུ་པ་》དང་《རྟགས་ཀྱི་འཇུག་པ་》དང་། སྔོན་གྱི་དག་ཡིག་དང་ཡིག་གཟུགས་བཅས་ཀྱི་སྲོལ་རྒྱུན་ལེགས་པར་བསྐྱངས་ཤིང་། སྔོན་བྱུང་མཁས་པའི་རྗེས་སུ་འབྲངས་ཏེ་བོད་ཀྱི་ཡིག་སྐད་དང་ཡི་གེ་ལ་ཞིབ་འཇུག་བྱེད་པའི་ལུགས་སྲོལ་ཤུགས་ཆེ་བར་གནས་ཡོད་པ་དང་། དེང་རབས་སྐད་བརྡ་རིག་པའི་གཞུང་ལུགས་ཡིག་སྐད་དང་ཁ་སྐད་གང་རུང་ཞིག་གི་ཁྱད་ཆོས་དངོས་དང་སྦྱར་ནས་ཞིབ་འཇུག་བྱེད་པའི་ལུགས་སྲོལ་གསར་དུ་འབྱུང་བཞིན་པའམ་འགོ་ཚུགས་པ་ནི་དུས་རིམ་འདིའི་བོད་ཀྱི་སྐད་དང་ཡི་གེའི་ཞིབ་འཇུག་གི་ཁྱད་ཆོས་སུ་མངོན་ཡོད། 《ཐོན་མིའི་ཞལ་ལུང་》དང་། 《བོད་ཀྱི་ཡི་གེའི་སྤྱི་རྣམ་བློ་གསལ་འཇུག་ངོགས》 《བརྡ་སྤྲོད་བློ་གསལ་དགའ་སྟོན》 《རྟགས་འཇུག་དཀའ་གནད་གསལ་བའི་སྒྲོན་མེ་》སོགས་ནི་ཡོངས་གྲགས་ལྟར་དང་། དེ་དག་ལས་《སུམ་རྟགས་ལས་ལ་དོན་གྱི་གནད་དོན་ཁ་ཤས་》ཞེས་པ་ནི་དུས་རིམ་འདིའི་ནང་དུ་ལྟ་བའི་ཆ་ནས་དེ་བས་ཀྱང་སྐད་གྲགས་ཆེ་ཤོས་སུ་གྱུར་པའི་བརྡ་སྤྲོད་ཞིབ་འཇུག་གི་བསྟན་བཅོས་སུ་ཆགས་ཡོད་པ་དང་། རྒྱ་བོད་བོད་ཡིག་གསར་སློབ་པ་རྣམས་ལ་བསླབ་དེབ་ཏུ་བརྩམས་པའི་བརྡ་སྤྲོད་པའི་བསྟན་བཅོས་ཤིག་ཀྱང་ཡིན། 《སུམ་རྟགས་ལས་ལ་དོན་གྱི་གནད་དོན་ཁ་ཤས་》ཞེས་པར་རྣམ་དབྱེའི་གོ་དོན་དང་རིགས་དབྱེ་བཤད་པའི་སྐབས་སུ་སྔོན་གྱི་བཤད་སྲོལ་གྱི་རྗེས་སུ་འབྲངས་པ་ཙམ་མ་ཡིན་པར་བོད་སྐད་ཀྱི་ཁྱད་ཆོས་དངོས་དང་གོམས་སྲོལ་གྱི་སྐད་ཆ་དང་བོད་སྐད་ལས་ཆ་འཇོག་ཡོད་པའི་སྐད་ཆར་སྒོ་བསྟུན་ནས་བོད་ཀྱི་སྐད་ལ་རྣམ་དབྱེ་དངོས་སུ་སྦྱར་རུང་བ་གསུམ་ཙམ་ལས་མེད་པར་བཞེད་ཡོད་པ་དང་། ལས་སུ་བྱ་བའི་གནད་དོན། དགོས་ཆེད་ཀྱི་གནད་དོན། དེ་ཉིད་ཀྱི་གནད་དོན། གནས་གཞིའི་གནད་དོན། ཞར་བྱུང་ལའི་ཕྲད་ཀྱི་གནད་དོན་བཅས་དཔེར་བརྗོད་གནད་ལ་ཕོག་ཐུབ་ཐུབ་རེ་བཀོད་དེ་བོད་སྐད་ཀྱི་ཡིག་སྐད་གཙོ་བོར་བཟུང་ཞིང་ཁ་སྐད་ཀྱི་དངོས་ཡོད་གནས་ཚུལ་ཀྱང་ཡལ་བར་མ་དོར་བར་ཟུང་དུ་འབྲེལ་ཏེ་བརྡ་སྤྲོད་ཀྱི་གཞུང་ལུགས་དང་སྐད་ཆའི་ལག་ལེན་གཉིས་གཅིག་གྲོགས་གཅིག་གི་ཚུལ་དུ་ལ་དོན་གྱི་སྐོར་ཞིབ་རྒྱས་སུ་གླེངས་ཤིང་གནད་དོན་མཐའ་འཁྱོལ་བར་བཀྲལ་ཡོད། དེ་ཉིད་ལས། “འདིར་རྣམ་དབྱེ་ཞེས་པ་མིང་ཞིག་གི་མཐར་སྦྱར་བ་ན་ཚིག་ཏུ་འགྲུབ་བྱེད་ཀྱི་རྐྱེན་ཞིག་ཡིན་ལ། སྒྲ་བཤད་ནི་མིང་གཉིས་ཀྱི་རྣམ་པ་མ་འདྲེས་པར་དབྱེ་བ་ཡོད་པར་བྱས་པས་རྣམ་དབྱེ་ཟེར། བོད་ཡིག་འདིར་རྣམ་དབྱེ་བདུན་ཡོད་པ་ལས་དངོས་སུ་སྦྱར་དུ་ཡོད་པའི་རྣམ་དབྱེ་ནི་ངོ་བོ་གསུམ་ཏུ་ངེས་ཏེ། ལ་དོན་དང་། འབྲེལ་སྒྲ་བྱེད་སྒྲ་གསུམ་དུ་ངེས་”④ཞེས་པ་དང་།“བརྡ་སྤྲོད་ཀྱིས་མ་ལྡང་བའི་སྐབས་སུ་བརྗོད་འདོད་ཀྱིས་ཁ་གསབ་མི་བྱེད་ཐུ་མེད་བྱུང་བ་ལ་གོམས་སྲོལ་གྱི་སྐད་ཆའང་ཟེར། དེ་ཡང་རུང་སྟེ་མིས་མི་ལ་བརྡ་སྤྲོད་པའི་ཚེ། བརྡ་སྤྲོད་མཁན་གྱི་ཀུན་སློང་གི་རྣམ་འགྱུར་ཕྱིར་ཤར་བའི་ངག་གི་རྣམ་པར་རིག་བྱེད་ལ་བརྟོན་དགོས་ཀྱི། ཉན་མཁན་རང་གི་འདོད་པ་ལྟར་གོ་ན་མི་དེས་བརྡ་སྤྲད་པ་མ་ཡིན་པ་དང་མ་འཕྲོད་པ་ཡིན་ལ།”⑤ ཞེས་པ། “མིའི་བརྗོད་འདོད་དང་མ་འབྲེལ་བའི་ཤིང་ལོའི་རི་མོ་ལྟ་བུའི་སྒྲ་རིག་པ་ཞིག་མི་སྲིད་དོ། །”⑥ཞེས་སོགས་གསུངས་ཡོད་པ་ནི་བརྡ་སྤྲོད་ཤོད་དགོས་ན་ཡིག་སྐད་དང་ཁ་སྐད་ཟུང་དུ་འབྲེལ་དགོས་པ་དང་གཞུང་ལུགས་དང་ལག་ལེན་གཅིག་ལ་གཅིག་བརྟེན་ཡིན་དགོས་པ་བསྟན་ཡོད། འདི་ནི་དེང་རབས་སྐད་བརྡ་རིག་པའི་གཞུང་ལུགས་བོད་ཀྱི་ཡུལ་འདིར་འདྲེན་པར་བྱེད་པའི་དུང་བརྡ་ཐོག་མ་ཡིན་པར་ངེས་ཤེས་ཀྱང་འདྲོངས།
       2. དུས་རིམ་འདིའི་བོད་ཀྱི་སྐད་དང་ཡི་གེའི་ཞིབ་འཇུག་ལ་དམིགས་བསལ་གྱི་ཁྱད་ཆོས་གཞན་ཞིག་ཡོད་པ་ནི་བོད་ཡིག་བཅོས་བསྒྱུར་གྱི་ལས་འགུལ་ཁྱད་པར་ཅན་ཞིག་བྱུང་ཡོད་དེ། དུས་སྐབས་འདིར་《བརྡ་སྤྲོད་གསར་པ་》དང་། 《གནད་བསྡུས་》ཞེས་པ་ལ་སོགས་པའི་བོད་ཀྱི་སྐད་དང་ཡི་གེ་བཅོས་བསྒྱུར་བྱེད་དགོས་པའི་སྐོར་གྱི་དཔེ་ཆ་འགའ་བྱུང་ཡོད་པ་དང་། ཡི་གེ་བཅོས་བསྒྱུར་བྱེད་མཁན་རྣམས་ཀྱིས་བོད་སྐད་ལ་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། མི་དམངས་མང་ཚོགས་ཀྱི་ཁ་སྐད་ནང་ཚིག་ཕྲད་མི་ཉུང་བ་ཞིག་རིམ་བཞིན་མེད་པར་གྱུར་པ་དང་། ཡང་ན་རྙོག་རྫོབ་ཆེ་བ་ནས་སྟབས་བདེ་པོར་སོང་བ། བྱ་ཚིག་གི་དུས་འགྱུར་རྣམས་ལའང་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པའི་རྒྱུ་མཚན་གནད་དུ་བཟུང་ཞིང་མཚན་མར་བྱས་ཏེ། སྔར་སྲོལ་གྱི་བོད་ཀྱི་སྐད་དང་བརྡ་སྤྲོད་པའི་གཞུང་། རྣམ་དབྱེ་ཚིག་ཕྲད་སོགས་ལ་བཅོས་བསྒྱུར་འགའ་རེ་བྱས། དཔེར་ན། དྲི་ཚིག་དང་། རྒྱན་སྡུད། འབྱེད་སྡུད། དགར་སྡུད། ལྷག་བཅས། རྫོགས་ཚིག་སོགས་ཡོད་པ་ཕལ་ཆེར་དོར་ནས་གཟུགས་ཙམ་ལས་སྒྲ་མེད་པའི་བཤད་རྟགས། དྲི་རྟགས། ཚིག་རྟགས། མཚམས་རྟགས། འབྱེད་རྟགས། ཚིགས་རྟགས། རྫོགས་རྟགས་རྣམས་བཀོད་པ་དང་། གི་གྱི་ཀྱི་འི་ཡི་ལྔའི་འབྲེལ་སྒྲ་ལ་གི་སྒྲ་གཅིག་པུས་ཆོག་པར་བྱས་པ་སོགས་བྱུང་ཡོད་པ་ནི་དུས་རིམ་འདིའི་བོད་ཀྱི་སྐད་དང་ཡི་གེའི་ཞིབ་འཇུག་གི་གནས་ཚུལ་ཁྱད་པར་བ་ཞིག་ཏུ་བགྲངས་ཆོག དེ་ལྟ་ན་ཡང་། མཁས་དབང་དམུ་དགེ་བསམ་གཏན་དང་ཚེ་ཏན་ཞབས་དྲུང་སོགས་ཀྱིས་ཡི་གེ་བཅོས་བསྒྱུར་ལས་བྱུང་བའི་གསུང་རྩོམ་དང་འགྱུར་ཡིག་བཅས་ཀྱི་ཚིག་སྦྱོར་དང་བརྡ་སྤྲོད་ལུགས་བཅས་ལ་ལེགས་པར་དཔྱད་དེ། གི་ཀྱི་གྱི་འི་ཡི་སྒྲ་རྣམས་གི་སྒྲ་གཅིག་པུར་ཆོག་པར་བྱས་པ་ལྟ་བུའི་ཚིག་ནི་བརྗོད་མི་བདེ་ཞིང་ཚིག་དོན་གོ་ལོག་ཏུ་འགྱུར་བ་དང་། གཟུགས་ཙམ་ལས་སྒྲ་མེད་པའི་བཤད་རྟགས། དྲི་རྟགས། ཚིག་རྟགས། མཚམས་རྟགས། འབྱེད་རྟགས། ཚིགས་རྟགས། རྫོགས་རྟགས་རྣམས་བཀོད་པ་ནི་བོད་ཡིག་གི་ཡིག་གཟུགས་ཀྱི་ཆོས་ཉིད་གཏོར་ཅིང་། བོད་སྐད་ཡིག་གི་གཤིས་ལུགས་དང་བརྗོད་ལུགས་ཀྱི་དངོས་ཡོད་གནས་ཚུལ་དང་ཡང་ཤིན་ཏུ་མི་འཚམ་པར་མ་ཟད། བོད་སྐད་ཡིག་གི་ཆོས་ཉིད་དང་རྒྱབ་འགལ་ཏུ་སོང་བའམ་མི་འཚམ་པའི་ལས་ཀ་ཞིག་ཏུ་སྡོམ་ཚིག་བཀོད། དེ་ལྟར་བོད་ཀྱི་ཡི་གེའི་བཅོས་བསྒྱུར་གྱི་སྐྱོན་ཆ་ཐེར་འདོན་གྱིས་ཡི་གེའི་བཅོས་བསྒྱུར་གྱི་རྒྱུན་འཆད་དུ་བཅུག་ཅིང་། བོད་ཀྱི་སྐད་དང་ཡི་གེ་སླར་ཡང་སྔར་སྲོལ་ལྟར་བྱུང་། ཕྱིས་བྱུང་བོད་སྐད་ཡིག་ཞིབ་འཇུག་གི་ཆེད་མཁས་པ་མང་པོས་བོད་ཡིག་བཅོས་བསྒྱུར་གྱི་ལས་འགུལ་ཕམ་པ་ནི་ལོ་བཅུའི་རིག་གནས་གོད་ཆག་ཆེན་པོའི་ཤན་ཤུགས་དང་“གཡོན་”གྱི་ལྟ་བའི་ནོར་འཁྲུལ་གྱི་དབང་གིས་བྱུང་བར་ངོས་འཛིན་བྱེད་ཀྱིན་ཡོད། 《བོད་ལྗོངས་ཀྱི་བོད་སྐད་ཡིག་གི་ལས་དོན་》ཏུ།“ཡིན་ན་ཡང་། 1958ལོའི་མཇུག་ནས་གཡོན་ཕྱོགས་ཀྱི་ནོར་འཁྲུལ་ཅན་གྱི་ཤན་ཞུགས་དང་ལོ་བཅུའི་གོད་ཆག་ཆེན་མོའི་རྐྱེན་གྱིས་གསར་འཛུགས་དང་བཅོས་བསྒྱུར་བྱེད་བཞིན་པའི་གྲངས་ཉུང་མི་རིགས་ཡི་གེའི་ལས་དོན་མཚམས་བཅད་པ་དང་། བཀོལ་སྤྱོད་བྱེད་བཞིན་པའི་གྲངས་ཉུང་མི་རིགས་ཀྱི་ཡི་གེའི་བཀོལ་སྤྱོད་ལ་ཡང་ཤུགས་རྐྱེན་ཆེན་པོ་ཐེབས་”⑦ཞེས་པ་དང་། 《བོད་ཀྱི་ཡི་གེའི་སྤྱི་རྣམ་བློ་གསལ་འཇུག་ངོགས་》སུ། “མི་བཞི་ཤོག་ཁག་གི་འདྲེ་ལག་རྐྱོང་བའི་སྐབས་སུ། བོད་ཡིག་ལའང་གནོད་སྐྱོན་དང་ཤུགས་རྐྱེན་ངན་པ་ཕོག་མོད། འོན་ཀྱང་རྒྱ་ཆེའི་རིག་གནས་ལས་བྱེད་པ་རྣམས་ཀྱིས་མུ་མཐུད་ནས་རྩོམ་བསྒྱུར་སོགས་ཀྱི་བྱ་བ་བྱས་ཏེ། རིག་གནས་མི་ཉམས་པའི་ལག་རྗེས་བཞག་ཡོད་ལ་”⑧ཞེས་གསུངས་ཡོད་པ་བཞིན་ནོ། །དེ་ལྟར། དུས་རབས་ཉི་ཤུའི་ལོ་རབས་ལྔ་བཅུ་པ་ནས་ལོ་རབས་བརྒྱད་ཅུ་པའི་བར་གྱི་ལོ་ངོ་30ལྷག་གི་རིང་ལ་བོད་ཀྱི་སྐད་དང་ཡི་གེའི་ཞིབ་འཇུག་ལ་རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ་དང་། ཚེ་ཏན་ཞབས་དྲུང་། དམུ་དགེ་བསམ་གཏན་རྒྱ་མཚོ། བསྟན་པ་རྒྱ་མཚོ་སོགས་སྲོལ་རྒྱུན་རིག་གནས་ཀྱི་ཁོ་ལག་ཡོངས་སུ་རྫོགས་ཤིང་མཁས་བཙུན་བཟང་གསུམ་དང་འཆད་རྩོད་རྩོམ་གསུམ་གྱི་ཆ་ལ་གཞན་དྲིང་མི་འཇོག་པའི་མཁས་པ་རྣམས་ཀྱི་འབད་པ་ལ་བརྟེན་ནས་བོད་སྐད་ཡིག་གི་ཞིབ་འཇུག་གི་ཁ་ཕྱོགས་ནི་སྔར་སྲོལ་རྒྱུན་འཛིན་མཆོག་ཏུ་བཟུང་ཞིང་གསར་དར་ཕལ་པའི་ཚུལ་དུ་ཡོད་པའི་ཞིབ་འཇུག་གི་ལམ་ཁ་ཞིག་གསར་དུ་གཏོད་ཡོད་དོ། །
གཉིས་པ། དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུ་པ་ནས་དུས་རབས་ཉེར་གཅིག་པའི་བར་གྱི་(1980-2015)བོད་ཀྱི་སྐད་དང་ཡི་གེའི་ཞིབ་འཇུག་གི་གནས་ཚུལ།
       གཅིག དུས་རིམ་འདིའི་བོད་ཀྱི་སྐད་དང་ཡི་གེའི་ཞིབ་འཇུག་གི་ཁྱབ་ཁོངས། དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུ་པ་ནས་བཟུང་། 《ཐོན་མིའི་ཞལ་ལུང་》དང་།《བོད་ཀྱི་ཡི་གེ་སྤྱི་རྣམ་བློ་གསལ་འཇུག་ངོགས》 《བརྡ་སྤྲོད་བློ་གསལ་དགའ་སྟོན་》གྱིས་མཚོན་པའི་སྲོལ་རྒྱུན་བརྡ་སྤྲོད་རིག་པའི་རྒྱུན་མུ་མཐུད་དུ་སྐྱོང་བ་ལས། གཞན་ད་དུང་《བརྡ་སྤྲོད་གསལ་བྱེད་ངག་སྒྲོན་》དང་། 《བརྡ་སྤྲོད་དོན་འགྲེལ་ཕྱོགས་བསྒྲིགས》 《བོད་ཀྱི་ཡུལ་སྐད་ལ་དཔྱད་པའི་གཏམ་མུ་ཏིག་ཕྲེང་བ་》ལ་སོགས་པས་མཚོན་པའི་དེང་རབས་སྐད་བརྡ་རིག་པའི་དཔྱད་ཐབས་ཀྱིས་ཕྱུག་པའི་སྲོལ་རྒྱུན་བརྡ་སྤྲོད་རིག་པའི་བསྟན་བཅོས་མང་པོ་ཞིག་ཀྱང་དར་ནས་བོད་ཀྱི་སྐད་དང་ཡི་གེའི་ཞིབ་འཇུག་གི་ཁྱབ་ཁོངས་དང་དམིགས་ཡུལ། རྣམ་གྲངས་སོགས་གང་ཅིའི་ཐད་ནས་རྒྱ་ཆེ་ནས་ཆེ་རུ་འགྲོ་བའི་དུས་རིམ་ཞིག་ལ་སླེབས་ཡོད། དཔེར་ན། དཔྱད་བྱ་ཡུལ་གྱི་སྒོ་ནས་རྣམ་དབྱེ་བརྒྱད་དང་ཚིག་ཕྲད། མིང་གཞིའི་རྟགས་ཀྱི་དབྱེ་བ། སྔོན་འཇུག་གི་རྟགས་ཀྱི་དབྱེ་བ། བདག་གཞན་དུས་གསུམ་དང་སྐུལ་ཚིག བྱ་བྱེད་ལས་གསུམ། བྱ་བྱེད་ཐ་དད་མིན། བྱེད་འབྲེལ་ལས་ཚིག་དང་བྱེད་མེད་ལས་ཚིག བྱ་ལས་དང་བྱེད་ལས། རྗེས་འཇུག་གི་རྟགས་ཀྱི་དབྱེ་བའི་ཁྱབ་ཁོངས་བཅས་ལས་འདས་ཏེ་བོད་སྐད་སྤྱིའི་སྐད་ཡིག་གཅིག་གྱུར་རམ་ཚད་ལྡན་སྐད་ཀྱི་འབྱུང་ཐབས་ནས་ཡུལ་སོ་སོའི་ཡུལ་སྐད་ཀྱི་ཁྱད་ཆོས་བར་ཞིབ་འཇུག་བགྱིས་ཡོད་དེ། དབུས་གཙང་གི་སྐད་དང་ཁམས་པའི་སྐད། ཨ་མདོའི་སྐད་དང་འབྲུག་ཆུའི་སྐད། ཐེ་བོའི་སྐད་དང་ཡུལ་ཤུལ་སྐད། རྒྱལ་རོང་གི་སྐད་དང་སྦལ་ཏིའི་སྐད། མི་ཉག་གི་སྐད་དང་རྫོང་ཁའི་སྐད་སོགས་ཡུལ་སྐད་བྱེ་བྲག་པ་རྣམས་ལ་ཡང་ཞིབ་འཇུག་རྒྱ་ཆེར་བྱས་ཡོད། དེ་མིན་ད་དུང་བོད་སྐད་ཁྲོད་ཀྱི་གཡར་ཚིག་དང་། བོད་སྐད་ཀྱི་དུས་མཚམས་དབྱེ་སྟངས། དུས་མཚམས་སོ་སོའི་སྐད་གདངས་ཀྱི་ཁྱད་ཆོས། མིང་གི་འཕེལ་རིམ་ལས་རིག་གནས་ཀྱི་འཕེལ་རིམ། གནའ་བོའི་བོད་དང་ལི་ཡུལ་གྱི་ཡི་གེའི་སྐོར། བོད་ཀྱི་བརྡ་རྙིང་ཡིག་ཆ་དང་སུམ་རྟགས་ཀྱི་རྩ་བ་གཉིས་ཀྱི་ཞིབ་བསྡུར། བོད་སྐད་ཀྱི་ཚིག་གི་རྣམ་གྲངས་དང་སྦྱོར་ཚུལ་ལ་སོགས་མཐའ་ཡས་པ་ཞིག་བྱུང་ཡོད། ནུབ་ཕྱོགས་རྒྱལ་ཁབ་དག་ཏུ་དར་བའི་དེང་རབས་སྐད་བརྡ་རིག་པའི་གཞུང་ལུགས་རྐྱང་པ་སྟོན་པའི་དེང་རབས་སྐད་བརྡ་རིག་པའི་བསྟན་བཅོས་《སྤྱི་ཚོགས་སྐད་བརྡ་རིག་པ་》དང་། 《སྐད་བརྡ་རིག་པའི་སྤྱི་བཤད》 《དམངས་སྲོལ་བརྡ་སྤྲོད་རིག་པ་》སོགས་ཀྱང་བྱུང་དང་འབྱུང་བཞིན་ཡོད་པ་དང་། གནའ་རབས་བོད་སྐད་དང་དེང་རབས་བོད་སྐད་ཀྱི་ཁྱད་པར་འབྱེད་པའི་སྒོ་ནས་བོད་ཀྱི་སྐད་ལ་ཞིབ་འཇུག་དང་། ཡུལ་སྐད་དང་སྤྱི་སྐད་ཀྱི་ཁྱད་པར་འབྱེད་པ། རྒྱ་སྐད་དང་བོད་སྐད་གཉིས་ཤན་སྦྱར་བྱེད་ཚུལ་སོགས་ཀྱང་བྱུང་ཡོད། དུས་རིམ་འདིའི་ནང་དུ་བོད་ཀྱི་སྐད་དང་ཡི་གེའི་དཔྱད་འབྲས་མཚོན་པའི་བརྩམས་ཆོས་ཀྱི་རྣམ་གྲངས་འབོར་ཆེན་བྱུང་ཡོད་པར་མ་ཟད། དཔྱད་འབྲས་མངོན་པར་བྱེད་པའི་རིག་གཞུང་དུས་དེབ་ཀྱང་ཇེ་མང་དུ་འགྲོ་བཞིན་ཡོད་པ་ནི་དཔེར་ན། “《ཀྲུང་གོའི་བོད་ཀྱི་ཤེས་རིག》 (《ཀྲུང་གོའི་བོད་རིག་པ་》ཞེས་མིང་བསྒྱུར་ཡོད།)དང་། 《བོད་ལྗོངས་ཞིབ་འཇུག》《བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་དེབ》 《ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ》 《 མཚོ་སྔོན་མི་རིགས་སློབ་ཆེན་རིག་དེབ》 《མཚོ་སྔོན་དགེ་འོས་སློབ་ཆེན་རིག་གཞུང་དུས་དེབ》 《བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག》 《རྩེར་སྙེག》 《བོད་སྨན་སློབ་གསོ་དང་ཞིབ་འཇུག》《མཚོ་སྔོན་སློབ་གསོ་》(ད་ལྟ་《བོད་ཀྱི་སློབ་གསོ་》ཞེས་མིང་བསྒྱུར་ཡོད།) 《བོད་ལྗོངས་སློབ་གསོ》 《མདོ་སྨད་ཞིབ་འཇུག》 《གངས་ལྗོངས་སྨན་རྩིས》 《ཀྲུང་གོའི་བོད་ལྗོངས》《སྦྲང་ཆར》 《གངས་ལྗོངས་རིག་གནས》 《ཀྲུང་གོའི་བོད་ལྗོངས》 《བོད་ལྗོངས་ནང་བསྟན》 《སྤང་རྒྱན་མེ་ཏོག》 《མང་ཚོགས་སྒྱུ་རྩལ》(ད་ལྟ་《བོད་ཀྱི་དམངས་སྲོལ་རིག་གནས་》ཞེས་མིང་བསྒྱུར་ཡོད།) 《ལྷོ་ཁའི་རྩོམ་རིག་སྒྱུ་རྩལ》 《བོད་ཀྱི་རྩོམ་རིག་སྒྱུ་རྩལ》 《ཟླ་ཟེར》 《བདག་པོ》 《གངས་རྒྱན་མེ་ཏོག》 《བདེན་འཚོལ》 《གངས་དཀར་རི་བོ》 《བོད་ལྗོངས་གསར་པ་》 《རྒྱལ་གྱི་ཐེམ་སྐས་》སོགས་ཚད་ལྡན་གྱི་བོད་ཡིག་དུས་དེབ་མང་པོ་ཞིག་བྱུང་ཡོད། དེ་བཞིན་《ཀན་སུའུ་དགེ་འོས་སློབ་ཆེན་གྱི་རིག་དེབ》 《བོད་སྐད་ཡིག་ལས་དོན》 《རྔ་བའི་བོད་རིག་པ》 《ཞང་ཞུང་རིག་གནས》《གངས་དཀར་ཏི་སེ》 《ལྷ་སའི་སློབ་གསོ་》སོགས་ནང་ཁུལ་འགྲེམ་སྤེལ་གྱི་བོད་ཡིག་དུས་དེབ་”⑨སྐོར་ཞིག་ཀྱང་བྱུང་ཡོད། གཞན་ཡང་《བོད་རྒྱ་གཏམ་དཔེ་རྣམ་དབྱེའི་མདོར་འགྲེལ་རྣ་བའི་བདུད་རྩི་》དང་། 《བོད་ཀྱི་སྤྱི་སྐད་གཏན་འབེབས་བྱེད་ཐབས་སྐོར་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས》《བོད་རིག་པའི་གྲོས་མོལ་ཚོགས་འདུའི་ཆེད་རྩོམ་འདེམས་བསྒྲིགས》 《གེ་སར་རིག་པའི་སྐོར་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས་》སོགས་གཏམ་དཔེ་ཕྱོགས་བསྒྲིགས་དང་དཔྱད་རྩོམ་ཕྱོགས་བསྒྲིགས་ཀྱང་མང་དུ་ཐོན་ཡོད་པ་དང་རགས་བརྩིས་བགྱིས་པ་ལྟར་ན་དཔྱད་རྩོམ་500ལྷག་སྤེལ་ཡོད། འདིར་དེ་དག་ལས་《ཀྲུང་གོའི་བོད་རིག་པ་》དང་《བོད་ལྗོངས་ཞིབ་འཇུག》 《ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ》 《བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་དེབ་》སོགས་བོད་ཡིག་གི་རིག་གཞུང་དུས་དེབ་ཁག་བརྒྱད་ཀྱི་སྟེང་དུ་1979ལོ་ནས་2015ལོའི་བར་དུ་འཁོད་པའི་བོད་ཀྱི་སྐད་དང་ཡི་གེའི་སྐོར་གྱི་དཔྱད་རྩོམ་སྤྱི་བསྡོམས་བྱས་ནས་རེའུ་མིག་ཏུ་བཀོད་པ་གཤམ་གསལ་ལྟར།
 
       གོང་གསལ་གྱི་རེའུ་མིག་ལས། དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུ་ནས་དུས་རབས་ཉེར་གཅིག་གི་ལོ་རབས་བཅུ་པའི་བར་གྱི་ལོ་ངོ་30རིང་ལ་《ཀྲུང་གོའི་བོད་རིག་པ་》རུ་དཔྱད་རྩོམ་48སྤེལ་ཡོད་པ་དང་། 《བོད་ལྗོངས་ཞིབ་འཇུག་》ཏུ་དཔྱད་རྩོམ་54 《ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ་》ཏུ་དཔྱད་རྩོམ་33 《རྩེར་སྙེག་》ཏུ་དཔྱད་རྩོམ་37བཅས་སྤེལ་ཡོད་པ་ལས་རྒྱལ་ཡོངས་ཀྱི་བོད་ཀྱི་དཔྱད་རྩོམ་གྱི་སྤུས་ཀ་མཐོན་པོར་ཁས་འཆེ་བའི་རིག་དེབ་བརྒྱད་ཀྱི་སྟེང་སྤྱི་ལོ་1980ལོ་ནས་2015ལོའི་བར་གྱི་ལོ་ངོ་30ལྷག་རིང་དུ་བོད་ཀྱི་སྐད་དང་ཡི་གེའི་སྐོར་གྱི་དཔྱད་རྩོམ་མང་པོ་ཞིག་སྤེལ་ཡོད་པ་མཚོན་ཐུབ། གཞན་ཡང་། དུས་རིམ་འདིའི་ནང་དུ་བོད་ཀྱི་སྐད་དང་ཡི་གེའི་སྐོར་གྱི་གནའ་རྩོམ་གྲགས་ཅན་ནམ་དཔེ་རྒྱུན་དཀོན་པོ་འཚོལ་སྡུད་ཀྱིས་མི་རིགས་དཔེ་སྐྲུན་ཁང་དང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་སོགས་བོད་ཀྱི་དཔེ་སྐྲུན་ཁང་མང་པོས་བསྐྱར་དཔར་དུ་བཏབ་ཡོད་པ་ནི་《དག་ཡིག་ཤེས་བྱ་རབ་གསལ་》དང་།《གནས་བརྒྱད་ཆེན་མོ་རྩ་འགྲེལ》 《སྨྲ་བའི་སྒོ་མཚོན་ཆ》《དཔལ་ལྡན་ས་སྐྱ་པའི་གསུང་པོད་གཉིས་པ》 《བོད་ཀྱི་བརྡའི་བསྟན་བཅོས་སུམ་ཅུ་པ་ཞེས་བྱ་བའི་རྣམ་བཤད་ཀུན་ཏུ་བཟང་པོའི་དགོངས་པ་རབ་ཏུ་གསལ་བར་བྱེད་པའི་རྒྱན》《བོད་ཀྱི་བརྡའ་སྤྲོད་པ་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་མཆན་འགྲེལ་མདོར་བསྡུས་ཏེ་བརྗོད་པ་ངོ་མཚར་འཕྲུལ་གྱི་ལྡེ་མིག》《དཀར་ལེབས་སུམ་རྟགས་དཀའ་འགྲེལ》 《དག་ཡིག་སྐོར་གྱི་དཔེ་རྒྱུན་དཀོན་པོ་འགའ་ཕྱོགས་གཅིག་ཏུ་བསྒྲིགས་པ་མུ་ཏིག་ཕྲེང་བ》 《ཚོགས་གསུམ་གསལ་བ》 《མུ་ཏིག་ཕྲེང་མཛེས》 《བརྡ་སྤྲོད་ཉི་ཤུ་བདུན་པ་》སོགས་མང་པོ་ཞིག་པར་དུ་བསྐྲུན་ཡོད། དེ་མིན་ད་དུང་ཀློག་རྡུལ་དང་སྒྲ་སྡུད་ཀྱི་རྣམ་པ་སྟེ། དེང་རབས་དཔྱད་ཆས་ལ་བརྟེན་ནས་བོད་ཀྱི་སྐད་དང་ཡི་གེ་མཚོན་པའི་བསྟན་བཅོས་དང་དཔྱད་རྩོམ་ཤིན་ཏུ་མང་པོ་ཞིག་ཀྱང་གསར་དུ་བྱུང་།
       གཉིས། དུས་རིམ་འདིའི་བོད་ཀྱི་སྐད་དང་ཡི་གེའི་ཞིབ་འཇུག་གི་ཁྱད་ཆོས།
       1.དུས་རིམ་འདིའི་ཞིབ་འཇུག་གི་ཁྱད་ཆོས་གཙོ་བོ་ཞིག་ནི་བོད་སྐད་ཀྱི་ཡིག་སྐད་ཁོ་ནར་ཞིབ་འཇུག་བྱེད་པ་ལས་འདས་ཏེ་རྒྱལ་རོང་གི་སྐད་དང་། འབྲུག་ཆུའི་སྐད། ཐེ་བོའི་སྐད། ཡུལ་ཤུལ་གྱི་སྐད། གཞིས་ཀ་རྩེའི་སྐད་སོགས་ཡུལ་སྐད་ཁག་ལ་ཞིབ་འཇུག་བགྱིས་ཡོད་པར་མ་ཟད། བོད་ཀྱི་སྤྱི་སྐད་སྐོར་དང་། བོད་སྐད་དང་འབྱུང་ཁམས། གནའ་བོའི་བོད་སྐད་དང་སྐད་གཉིས་ཤན་སྦྱར་སོགས་ཞིབ་འཇུག་བྱ་ཡུལ་གྱི་ཁྱབ་ཁོངས་རྒྱ་ཆེ་རུ་སོང་ཡོད། དེ་དག་གཙོ་བོར་སྐད་གདངས་དང་མིང་ཚིག་དག་ཡིག་དང་ཡིག་གཟུགས་བཅས་སུ་འདུས་ཡོད་དེ། 
       (1) སྐད་གདངས་ཀྱི་སྐོར། 《ཀྲུང་གོའི་བོད་རིག་པ་》དང་《བོད་ལྗོངས་ཞིབ་འཇུག་》ལ་སོགས་པའི་རིག་གཞུང་དུས་དེབ་ཁག་ཏུ་བོད་སྐད་ཀྱི་སྐད་གདངས་སྐོར་ལ་ཞིབ་འཇུག་བགྱིས་ཡོད་པའི་དཔྱད་རྩོམ་གྱི་རིགས་ནི་ཤིན་ཏུ་མང་སྟེ། 《ཀྲུང་གོའི་བོད་རིག་པ་》ལ་མཚོན་ན། སྤྱི་ལོ་1988ལོ་ནས་2015ལོའི་བར་གྱི་ལོ་ངོ་20ལྷག་གི་རིང་བོད་ཀྱི་སྐད་དང་ཡི་གེའི་སྐོར་གྱི་དཔྱད་རྩོམ་48་སྤེལ་ཡོད་པ་ལས་བོད་ཀྱི་སྐད་གདངས་ཀྱི་སྐོར་ནས་དཔྱད་རྩོམ་8བྱུང་ཡོད་པ་དང་། བྱང་ངོས་པ་རྡོ་རྗེ་དངོས་གྲུབ་ཀྱིས་བརྩམས་པའི་《བོད་ཡིག་གི་སྒྲའི་སྐྱེ་གནས་དང་། ང་རོ་འདྲེན་ཚུལ། སྐད་ཡིག་གི་འགྱུར་བ་》ཞེས་པ་དང་། བློ་བཟང་བློ་གྲོས་ཀྱིས་བརྩམས་པའི་《འབྲུ་དྲུག་སྣོན་ཚུལ་ལ་དཔྱད་པ་》ལ་སོགས་པ་ལྟ་བུ་ཡིན། 《བོད་ལྗོངས་ཞིབ་འཇུག་》ལ་མཚོན་ན་ཡང་སྤྱི་ལོ་1983ལོ་ནས་2013ལོའི་བར་གྱི་ལོ་ངོ་30རིང་ལ་བོད་ཀྱི་སྐད་དང་ཡི་གེའི་སྐོར་གྱི་དཔྱད་རྩོམ་54ལྷག་སྤེལ་ཡོད་པ་དང་། དེ་དག་ལས་སྐད་གདངས་ཀྱི་སྐོར་ནས་དཔྱད་རྩོམ་18ལྷག་སྤེལ་་ཡོད་དེ། བསོད་ནམས་རྒྱ་མཚོས་བརྩམས་པའི་《ཨ་ཡིག་དབྱངས་ཡིན་མིན་ལ་དཔྱད་པ་》ཞེས་པ་དང་། སྡིངས་ཆེན་ཚེ་རིང་དངོས་གྲུབ་ཀྱིས་བརྩམས་པའི་《བོད་ཀྱི་དབྱངས་ཡིག་གི་གྲངས་ངེས་སྐོར་བཤད་པ་》ཞེས་པ། རྡོ་དགོན་གསང་བདག་རྡོ་རྗེ་ཡིས་བརྩམས་པའི་《བོད་ཀྱི་ཡི་གེའི་འཇམ་རྩུབ་དང་། ལྕི་ཡང་། མཐོ་དམའ་བཅས་ཀྱི་སྐོར》 སྟོབས་ལྡན་གྱིས་བརྩམས་པའི་《བོད་ཀྱི་ཡི་གེའི་སྦྱོར་བ་འགའ་ལ་རགས་ཙམ་དཔྱད་པ་》ཞེས་པ་ལ་སོགས་པ་ལྟ་བུ། གཞན་ཡང་།《ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ་》དང་《བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ་》ལ་སོགས་སུའང་བོད་སྐད་ཀྱི་སྐད་གདངས་སྐོར་གྱི་དཔྱད་རྩོམ་མང་དུ་སྤེལ་ཡོད་དེ། བོད་སྐད་ཀྱི་སྐད་གདངས་ཀྱི་སྐོར་ནི་སྒྲའི་ཁྱད་ཆོས་ལ་དབྱངས་གསལ་ཡི་གེའི་མང་ཉུང་དང་སྐྱེ་གནས་དང་བརྗོད་ཐབས་བཅས་འདུས་ཡོད་པ་དང་། མགོ་འདོགས་འཕུལ་གསུམ་དང་། རྐྱེན་དང་སྲོག་གི་ཡི་གེ་སོགས་ཀྱང་འདུས། རྣམ་དབྱེའི་རྐྱེན་དང་། ཕྲད་ཀྱི་སྦྱོར་སྟངས་སོགས་ཀྱང་ཡི་གེའི་རྣམ་འགྱུར་ལ་བརྟེན་ཡོད་པའི་ཕྱིར་ན་《སུམ་ཅུ་པ་》དང་《རྟགས་ཀྱི་འཇུག་པ་》ཡང་མཐར་གཏུགས་ན་ཡི་གེའི་རྣམ་འགྱུར་གྱི་ཆོས་ཉིད་ཕྱོགས་བསྡུས་བྱས་ནས་སྟོན་པའི་བརྡ་སྤྲོད་པའི་བསྟན་བཅོས་ཤིག་ཏུ་བརྩིས་ཆོག བོད་སྐད་ཀྱི་སྒྲ་གདངས་ནི་རྟག་བརྟན་མི་འགྱུར་བ་ཞིག་མ་ཡིན་པར་དེ་ནི་དུས་དང་ཡུལ་མི་འདྲ་བ་ལ་བརྟེན་ནས་དབྱངས་གསལ་གྱི་ཀློག་སྟངས་དང་སྐྱེ་གནས། ཡི་གེའི་སྦྱོར་ལུགས་སོགས་སྐད་ཅིག་སྐད་ཅིག་ལ་འགྱུར་བཞིན་ཡོད་པས་དུས་རབས་བདུན་པའི་བོད་སྐད་ཀྱི་ཡི་གེའམ་སྐད་སྒྲའི་ཁྱད་ཆོས་དེ་དུས་རབས་ཉེར་གཅིག་གི་བོད་སྐད་ཀྱི་ཡི་གེའམ་སྐད་སྒྲའི་ཁྱད་ཆོས་དང་འདྲ་བར་མི་འགྱུར་བ་དང་། དབུས་གཙང་སྐད་ཀྱི་ཡི་གེའམ་སྐད་སྒྲའི་ཁྱད་ཆོས་དེ་ཨ་མདོ་ཡུལ་སྐད་ཀྱི་སྐད་སྒྲའི་ཁྱད་ཆོས་དང་ཡང་འདྲ་བར་མི་འགྱུར་བས་བོད་ཀྱི་སྐད་སྒྲའི་ཁྱད་ཆོས་ལ་ཡུལ་དུས་ཀྱི་ཁྱད་པར་ཕྱེ་ནས་ཞིབ་འཇུག་བགྱིས་ཡོད་པའི་དཔྱད་རྩོམ་ཀྱང་མང་དུ་སྤེལ་ཡོད། དཔེར་ན། དུད་བླ་བུ་ཆུང་དང་ཚེ་རིང་བུ་ཁྲིད་ཀྱིས་བརྩམས་པའི《གནའ་ཡིག་ལས་འ་ཡིག་གི་སྐོར་ལ་དཔྱད་པ་》ཞེས་པ་དང་། སྤེན་པ་རྒྱ་མཚོས་བརྩམས་པའི་《དབྱངས་གསལ་གཉིས་ཀྱི་ཁྱད་པར་ཐོག་ནས་ཨ་ཡིག་དབྱངས་སུ་འདོད་ཚུལ་བཤད་པ་》ཞེས་པ་ལྟ་བུའོ། ། བོད་སྐད་ཀྱི་མིང་གི་མིང་མཐའ་འདྲེན་ཚུལ། རྣམ་དབྱེའི་འདྲེན་ཚུལ་སོགས་ཀྱང་སྐད་གདངས་ཀྱི་ཁྱད་ཆོས་ཤིག་ཏུ་བལྟས་ཆོག་པས་དཔའ་རིས་སངས་རྒྱས་ཀྱི་《བོད་སྐད་ཀྱི་སྡེབ་སྦྱོར་རིག་པའི་སྲོལ་འབྱེད་》དང་། ཚེ་དབང་ལྷ་མོའི་《བོད་ཀྱི་བརྡ་སྤྲོད་རིག་པའི་རྣམ་བཤད་སྔོན་མེད་རིག་པའི་འཕྲུལ་ཤེལ》 ཡེ་ཤེས་ཀྱི་《བོད་པའི་སྐད་ཀྱི་དུས་མཚམས་དབྱེ་སྟངས་དང་དུས་མཚམས་སོ་སོའི་སྐད་ཀྱི་གཞི་གདངས་ཁྱད་ཆོས》 སྤེན་པ་རྒྱ་མཚོའི་《བོད་ཡིག་གི་གནས་དང་བྱེད་པའི་ཐོག་ནས་བོད་སྐད་ཚད་ལྡན་དང་གཅིག་གྱུར་སྐོར་གླེང་བ》 སུམ་པ་དོན་གྲུབ་ཚེ་རིང་གི་《བརྡ་རྙིང་མའི་ཀློག་ཚུལ་དང་དེའི་འཕེལ་འགྱུར་སྐོར་ཆེ་ལོང་ཙམ་བརྗོད་པ》 《བོད་པའི་ཡུལ་སྐད་ཀྱི་གཞི་གདངས་འཕེལ་འགྱུར་མི་འདྲ་བ་བྱུང་བའི་ཁྱད་ཆོས་ཆེ་ལོང་ཙམ་བརྗོད་པ》དཀོན་མཆོག་རྒྱ་མཚོའི་《བོད་སྐད་ཀྱི་སྐད་གདངས་འགྱུར་རིམ་གྱི་ལོ་རྒྱུས་གླེང་བ་》ཞེས་པ་ལ་སོགས་པ་ཡང་བོད་སྐད་ཀྱི་སྐད་གདངས་སྐོར་གྱི་ཞིབ་འཇུག་ཏུ་བགྲངས་ཆོག
       (2) ཐ་སྙད་ཀྱི་སྐོར། 《སྐད་བརྡ་རིག་པ་སྤྱི་བཤད་》ཀྱིས་མཚོན་པའི་དེང་རབས་སྐད་བརྡ་རིག་པ་བོད་དུ་དར་ཁྱབ་བྱུང་བས་《སུམ་ཅུ་པ་》དང་《རྟགས་ཀྱི་འཇུག་པ་》ཡི་གཞུང་དང་དེའི་འགྲེལ་པ་འགྲེལ་བཤད་རྣམས་སུ་བྱུང་བའི་མིང་གི་མཚན་ཉིད་དང་དབྱེ་བ་བཅས་ཀྱི་འགྲེལ་སྟངས་ལ་ཡང་འགྱུར་བ་བྱུང་། དེར་མ་ཟད། དོན་གྱི་ངོ་བོ་ཙམ་བརྗོད་པ་མིང་གི་མཚན་ཉིད་དང་དེ་ལ་འདོད་རྒྱལ་གྱི་མིང་དང་རྗེས་གྲུབ་ཀྱི་མིང་གཉིས་སུ་དབྱེ་བ་དང་རེ་རེ་ལ་ཡང་དངོས་མིང་དང་བཏགས་མིང་གཉིས་སུ་ཕྱེས་ནས་བརྗོད་པའི་ཚུལ་ལས་འདས་ཏེ། མིང་གི་བྱུང་ཚུལ་དང་། མིང་གི་འཕེལ་ཚུལ། མིང་གི་རིགས་ཀྱི་དབྱེ་བ། མིང་གི་སྦྱོར་ཚུལ་སོགས་རིགས་དུ་མའི་སྒོ་ནས་རྒྱ་ཆེར་འགྲེལ་བའི་སྲོལ་ལུགས་ཤིག་ཆགས་ཡོད་དེ། དཔེར་ན། 《བརྡ་སྤྲོད་གསལ་བྱེད་ངག་སྒྲོན་》ལས། “མིང་གི་རིགས་ཀྱི་དབྱེ་བ། དབང་བོ་དྲུག་གི་སྤྱོད་ཡུལ་གཟུགས་སྒྲ་དྲི་རོ་རེག་བྱ་འདུ་ཤེས་སོགས་མཚོན་བྱེད་ཀྱི་ཐ་སྙད་ཇི་སྙེད་པ་ལ་མིང་ཞེས་བྱ་ལ། མིང་གི་རིགས་ལ། དངོས་པོའི་མིང་དང་། ཁྱད་ཆོས་ཀྱི་མིང་དང་།བྱ་བའི་མིང་དང་། གྲངས་ཀའི་མིང་བཅས་རྣམ་པ་བཞི་ཡོད་དོ། །”⑩ཞེས་གསུངས་པ་དང་། 《བོད་ཀྱི་བརྡ་སྤྲོད་སྤྱི་རྣམ་རིག་འཕྲུལ་སྣང་མཛོད་》ལས། “བརྡ་སྤྲོད་རིག་པའི་སྐབས་འདིར་ཚད་མ་རིག་པའི་མིང་ཚིག་ཡི་གེ་གསུམ་གྱི་མཚན་ཉིད་ཀྱི་ཁྱད་ཆོས་མངོན་པར་སྟོན་མི་ཐུབ་པའི་རྐྱེན་གྱིས། བོད་སྐད་ཀྱི་བརྡ་སྤྲོད་པའི་ཆོས་ཉིད་དང་མཐུན་པའི་མིང་གི་མཚན་ཉིད་འཇོག་ལུགས་ཤིག་ཡོད་དགོས་སྙམ་མོ་”⑾ཞེས་དང་། “མིང་རྣམས་ཚིག་སྦྱོར་དུ་ཞུགས་པའི་ཚེ། བརྗོད་དོན་ཅི་ཞིག་སྟོན་པའི་བྱེད་ལས་དང་། ཚིག་གྲོགས་གང་དང་ལྷན་དུ་སྦྲེལ་བ། ཚིག་གི་གྲུབ་ཆ་གང་བྱེད་པ་དང་། མིང་རང་གི་སྒྲ་དེ་ཟློས་འཕྲལ་བྱེད་རུང་མིན་སོགས་ཀྱི་སྒོ་ནས་མིང་གི་དབྱེ་བ་འབྱེད་པ་ནི་ཐབས་གལ་ཆེན་ཞིག་ཡིན་ཡང་། ད་ཕན་མཁས་པ་སུས་ཀྱང་ལྗགས་གཡོས་པ་མ་མཐོང་བས། འདིར་མིང་སོ་སོའི་བྱེད་ལས་དང་དབྱེ་བ་གང་དུ་སྡུད་བྱེད་ཀྱི་ཐབས་དང་བཅས་ཏེ་ཅུང་ཙམ་ཞུ་བར་བྱའོ། །”⑿ཞེས་མིང་ལ་ཁྱད་གཞི་བརྗོད་པའི་མིང་དང་ཁྱད་ཆོས་བརྗོད་པའི་མིང་། བྱ་བ་བརྗོད་པའི་མིང་། གྲངས་ཀ་བརྗོད་པའི་མིང་། འཇལ་བྱེད་ཀྱི་མིང་། ཤུགས་འདོན་པའི་མིང་། ངེས་གཟུང་གི་མིང་། གསལ་བྱེད་ཀྱི་མིང་སོགས་ཕྱེ་ནས་བརྗོད་ཡོད་པ་བཞིན་དུ་བོད་སྐད་ཀྱི་མིང་གི་སྐོར་གྱི་ཞིབ་འཇུག་ལ་མིང་གི་མཚན་ཉིད་དང་དབྱེ་བ། མིང་གི་གྲུབ་ཚུལ། མིང་དོན་གྱི་འགྱུར་ཚུལ་སོགས་ནས་དངོས་པོའི་མིང་། བྱ་བ་བརྗོད་པའི་མིང་། གྲངས་ཀ་བརྗོད་པའི་མིང་། འཇལ་མིང་བཅས་སུ་རིགས་བཀར་ཏེ་རྒྱ་ཆེར་གླེངས་ཡོད་པ་དང་། ཡང་མིང་དང་མིང་རྐྱང་། བྱེད་ལས་དང་བྱ་ལས། བདག་གཞན་དུས་གསུམ་སོགས་ཀྱང་རྒྱ་ཆེར་འགྲེལ་ཡོད། མིང་མཛོད་སྒྲིག་ཚུལ་གྱི་ཆ་ནས་ཀྱང་སྔོན་གྱི་དག་ཡིག་སྒྲིག་སྟངས་ལས་འདས་ཏེ་དེང་རབས་སྐད་བརྡ་རིག་པའི་མིང་མཛོད་སྒྲིག་སྟངས་ཀྱི་ཁྱད་ཆོས་ལྡན་པའི་མིང་མཛོད་སྒྲིག་ཚུལ་དང་དེང་རབས་སྐད་བརྡ་རིག་པའི་ཁྱད་ཆོས་ལྡན་པའི་བོད་སྐད་ཀྱི་མིང་མཛོད་ཀྱང་མང་པོ་ཞིག་པར་དུ་བསྐྲུན་ཡོད། དཔེར་ན། ཝང་དབྱི་ནོན་གྱིས་གཙོ་འགན་བཞེས་ནས་གཙོ་སྒྲིག་བྱས་པའི་《སངས་རྒྱས་ཆོས་གཞུང་གི་ཚིག་མཛོད་》དང་། མཁའ་འགྲོ་སྐྱབས་སོགས་ཀྱིས་བསྒྲིགས་པའི་《རྒྱ་བོད་ཤན་སྦྱར་སངས་རྒྱས་ཆོས་གཞུང་གི་ཚིག་མཛོད》ཀྲང་དབྱི་སུན་གྱིས་གཙོ་འགན་བཞེས་ནས་རྩོམ་སྒྲིག་བྱས་པའི་《བོད་རྒྱ་ཚིག་མཛོད་ཆེན་མོ་》སོགས་མང་པོ་ཞིག་བྱུང་འདུག གཞན་ཡང་། བསོད་ནམས་རྒྱལ་མཚན་གྱིས་བསྒྲིགས་པའི་《ཚིག་མཛོད་བརྡ་དག་ཀུན་གསལ་མེ་ལོང་》དང་། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་སློབ་དཔྱོད་ཙུའུ་ནས་རྩོམ་སྒྲིག་བྱས་པའི་《རྒྱ་བོད་མིང་མཛོད》 དེ་བཞིན་《རྒྱ་བོད་ཤན་སྦྱར་གྱི་གཏམ་དཔེ་》དང་། 《སྐད་གསུམ་ཚིག་མཛོད་གསར་བ》 《སམ་བོད་རྒྱ་གསུམ་ཤན་སྦྱར་གྱི་ཚིག་མཛོད》 《བོད་རྒྱ་དབྱིན་གསུམ་ཤན་སྦྱར་གྱི་ཚིག་མཛོད》《དབྱིན་བོད་རྒྱ་ཤན་སྦྱར་ཚིག་མཛོད》 《བོད་སོག་རྒྱ་གསུམ་གྱི་ཤན་སྦྱར་ཚིག་མཛོད་ཆེན་མོ》 《རྒྱ་བོད་ཤན་སྦྱར་ལུས་རྩལ་མིང་ཚིག་ཚིག་མཛོད》 《རྒྱ་བོད་བརྡ་ཆད་གསར་པ》《རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་རིས་འགྲེལ་མིང་མཛོད》 《བོད་རྒྱ་དབྱིན་གསུམ་ཆ་འཕྲིན་ལག་རྩལ་ཚིག་མཛོད》 《ཆོས་རྣམ་ཀུན་བཏུས》 《བོད་རྒྱ་ཤན་སྦྱར་རྒྱུན་མཁོའི་ཚིག་མཛོད》 《དཔེ་ཆོས་ཚིག་མཛོད》 《དཔེ་ཆོས་རྣ་བའི་བདུད་རྩི》 《བོད་རྒྱ་སངས་རྒྱས་ཆོས་གཞུང་གི་ཚིག་མཛོད》 《རྒྱ་བོད་དབྱིན་གསུམ་ཤན་སྦྱར་གྱི་རྒྱུན་སྤྱོད་ཐ་སྙད》 《ཨ་མདོ་ཁ་སྐད་ཚིག་མཛོད》 《ཞེ་སའི་ཚིག་མཛོད་རབ་གསལ་མེ་ལོང》 《རྒྱ་བོད་ཤན་སྦྱར་ཉེར་མཁོའི་ཐ་སྙད》《དམངས་ཁྲོད་རྒྱུན་བཀོལ་ཐ་སྙད་ཕྱོགས་བསྒྲིགས》 《གསར་བྱུང་རྒྱུན་བཀོལ་ཐ་སྙད་ཕྱོགས་བསྒྲིགས》 《གངས་ཅན་པའི་ཟློས་སྒྲའི་ཚིག་ཚོགས་རྣམ་པར་བརྒྱན་པ་དབྱིག་གི་མཛོད》《བོད་རྒྱ་མིང་མཛོད》 《དག་ཡིག་མ་ནོར་ལམ་བཟང》《ཆོས་ཀྱི་རྣམ་གྲངས་མཐོང་བ་ཀུན་བསྡུས》 《བོད་རྒྱ་ཤན་སྦྱར་གྱི་ལྷ་སའི་ཁ་སྐད་ཚིག་མཛོད》 《རྒྱ་བོད་དབྱིན་གསུམ་ཤན་སྦྱར་དེང་རབས་གསོ་རིག་མིང་མཛོད》 《བོད་ཡིག་ཚིག་གཏེར་རྒྱ་མཚོ》 《དེང་རབས་བོད་ཡིག་བསྐྱར་ཚད་ཀྱི་མིང་མཛོད》 《གསོ་བ་རིག་པའི་ཚིག་མཛོད་གཡུ་ཐོག་དགོངས་རྒྱན》 《བོད་ཀྱི་གསོ་རིག་ཚིག་མཛོད་རབ་གསལ་མེ་ལོང》《བོད་རྒྱ་ཤན་སྦྱར་གྱི་རྒྱུན་སྤྱོད་བོད་སྨན་ལག་དེབ》 《རྒྱ་བོད་ཤན་སྦྱར་ཕྱུགས་ལས་སྨན་བཅོས་ཚིག་མཛོད》 《བོད་རྒྱ་དབྱིན་སྐད་ཀྱི་རྩིས་འཁོར་ཚིག་མཛོད》 《བྱ་ཚིག་ཚིག་མཛོད》《ཆོས་ཀྱི་རྣམ་གྲངས་ཤེས་བྱའི་ནོར་གླིང་འཇུག་པའི་གྲུ་གཟིངས》 《རྒྱ་བོད་ཤན་སྦྱར་ཚིག་མཛོད་》ལ་སོགས་ཤིན་ཏུ་མང་པོ་པར་དུ་བསྐྲུན་ཡོད་པ་ལྟ་བུ་ཡིན་ལ། ཚིག་མཛོད་འདི་དག་ནི་དུས་རིམ་འདིའི་ནང་དངོས་སུ་དཔར་སྐྲུན་བྱས་པའི་བོད་སྐད་ཀྱི་ཐ་སྙད་སྐོར་གྱི་དཔྱད་འབྲས་ཀྱང་ཡིན།
       (3) བརྡ་སྤྲོད་ཀྱི་སྐོར། ཕྲད་དང་རྣམ་དབྱེ་ནི་བོད་སྐད་ཀྱི་ཚིག་གི་བརྡ་སྤྲོད་པའི་ཁྱད་ཆོས་གཙོ་བོ་ཞིག་ཏུ་གྲུབ་ཡོད་ཅིང་། 《སུམ་ཅུ་པ་》དང་《རྟགས་ཀྱི་འཇུག་པ་》དང་།《གནས་བརྒྱད་ཆེན་མོ་རྩ་འགྲེལ》 《སྨྲ་བའི་སྒོ་མཚོན་ཆ》《ཚོགས་གསུམ་གསལ་བ་》རྣམས་སུ་ཡང་རྒྱ་ཆེར་འགྲེལ་ཡོད་ཅིང་། དེང་རབས་སྐད་བརྡ་རིག་པ་དང་རྒྱ་སྐད་ཀྱི་བརྡ་སྤྲོད་རིག་པ་བོད་དུ་དར་བས་བོད་སྐད་ཀྱི་ཚིག་གི་བརྡ་སྤྲོད་ཞིབ་འཇུག་ཀྱང་ཕྲད་དང་རྣམ་དབྱེའི་ཁྱབ་ཁོངས་ལས་བརྒལ་ཏེ། ཚིག་གི་སྒྲིག་གཞི། ཚིག་གི་མཚན་ཉིད། ཚིག་དང་མིང་གི་ཁྱད་པར། ཚིག་སྦྲགས་མ། ཚིག་རྐྱང་པ་སོགས་རྒྱ་ཆེར་ཕྱེ་སྟེ་བརྗོད་ཡོད་དེ། 《བོད་ཀྱི་བརྡ་སྤྲོད་རིག་པའི་ཁྲིད་རྒྱུན་རབ་གསལ་མེ་ལོང་》དང་། 《བདག་གཞན་གྱི་རྣམ་གཞག》 《བརྡ་སྤྲོད་དོན་འགྲེལ་ཕྱོགས་བསྒྲིགས》《བོད་སྐད་ཀྱི་ཚིག་གི་རྣམ་གཞག་ཤིན་ཏུ་གསལ་བར་བཤད་པ་རིག་འཕྲུལ་རྒྱན་ཕྲེང》 《བརྡ་སྤྲོད་གསལ་བྱེད་ངག་སྒྲོན་》ལྟ་བུའོ། །ཡང་སྐལ་བཟང་འགྱུར་མེད་ཀྱིས་བརྩམས་པའི་《བོད་ཀྱི་བརྡ་སྤྲོད་རིག་པའི་ཁྲིད་རྒྱུན་རབ་གསལ་མེ་ལོང་》དུ་བོད་སྐད་ཀྱི་ཚིག་གི་བརྡ་སྤྲོད་པའི་ཁྱད་ཆོས་ཞིབ་ཏུ་བརྗོད་ཡོད་པ་ནི་རྣམ་དབྱེར་གཏོགས་པའི་ཕྲད། ཕྲད་གཞན་དབང་ཅན། ཕྲད་རང་དབང་ཅན། ཚིག་ཕྲད་གཞན་དག བྱ་ཚིག་སྤྱིའི་རྣམ་བཤད་བཅས་ལེའུ་བཞི་དང་། ལེའུ་དང་པོ་ལ་འབྲེལ་སྒྲ། བྱེད་སྒྲ། ལ་དོན་གྱི་སྒྲ། འབྱུང་ཁུངས་ཀྱི་སྒྲ། འབོད་སྒྲ་བཅས་ས་བཅད་བཞི་དང་། ལེའུ་གཉིས་པ་ལ། རྒྱན་སྡུད་ཀྱི་སྒྲ། ལྷག་བཅས་ཀྱི་སྒྲ། འབྱེད་སྡུད་ཀྱི་སྒྲ། རྫོགས་ཚིག་གི་སྒྲ། ཚིག་ཕྲད་གིན་སོགས་དང་། ལེའུ་གསུམ་པར་ཕྲད་རང་དབང་ཅན་ལ། ནི་སྒྲ་དང་། དང་སྒྲ། དེ་སྒྲ། སྤྱི་སྒྲ། དགག་སྒྲ། བདག་སྒྲ་བཅས་དང། ལེའུ་བཞི་པ་ཚིག་ཕྲད་གཞན་དག་ལ་མིང་མཐའ། མ་རངས་པའི་ཚིག ངོ་མཚར་སོགས་ཀྱི་བརྡ། ལོས་སྒྲ།ཐོག་སྒྲ། ཚིག་ཕྲད་མ་ཟད་སོགས། རུང་སྒྲ་དང་མོད་སྒྲ། གཤིས་སྒྲ། ཕྱིན་སྒྲ་བཅས་དང། ལེའུ་ལྔ་པ། བྱ་ཚིག་སྤྱིའི་རྣམ་བཤད་ལ་བྱ་ཚིག་གྲུབ་ཚུལ། བྱ་ཚིག་གི་དབྱེ་བ། དངོས་པོ་བདག་གཞན་དང་བྱ་ཚིག་གི་གཟུགས་འགྱུར། དུས་དང་སྐུལ་ཚིག་སྦྱོར་ཚུལ་བཅས་འདུས་པར་བྱས་ནས་བརྗོད་ཡོད་པ་ལྟར་རོ། །འཕྲིན་ལས་རྒྱ་མཚོས་མཛད་པའི་《བདག་གཞན་གྱི་རྣམ་གཞག་》ཏུ་“སྤྱིར་བརྡ་སྤྲོད་རིག་པ་ཞེས་པ་ནི། བརྡ་ཇི་ལྟར་སྤྲོད་པའི་ངེས་སྲོལ་ཏེ་མིང་ཇི་ལྟར་གྲུབ་པ་དང་ཚིག་ཇི་ལྟར་གྲུབ་པའི་གྲུབ་ལུགས་ལ་ཞིབ་འཇུག་བྱེད་པའི་རིག་པ་དེ་ལ་ཟེར། བདག་གཞན་གྱི་རྣམ་གཞག་ནི་གནའ་སྔ་མོ་ནས་དུས་ད་ལྟའི་བར་དུ་བོད་ཀྱི་བརྡ་སྐད་ལ་རང་ཆས་སུ་ཡོད་པའི་མིང་ཚིག་གི་གྲུབ་ལུགས་ཤིག་ཡིན་པ་མ་གཏོགས། གློ་བུར་དུ་བློ་བཟོ་བྱས་པ་ཞིག་གཏན་ནས་མིན་”⒀ཞེས་པ་གཞིར་བཟུང་ནས་བདག་གཞན་གྱི་རྣམ་གཞག ཕྲད་རང་དབང་ཅན་ནི་སྒྲ་གང་ལ་འཇུག་པའི་དོན་རགས་ཙམ་བཤད་པ། རྣམ་དབྱེ་གཉིས་པ་ལས་སུ་བྱ་བའི་ཁོངས་གཏོགས་དེ་ཉིད་ཀྱི་དོན་ཕྱོགས་ཙམ་བཤད་པ་ཞེས་པ་དོན་ཚན་ཆེན་པོ་གསུམ་དང་། དོན་ཚན་དང་པོ་ལ་ནང་གསེས་སུ་བདག་གཞན་དང་འབྲེལ་ཡོད་ཀྱི་གནད་དོན་སྐོར་ཞེས་པ་དང་། དུས་ཀྱི་དུས་གསུམ། བྱ་བའི་དུས་གསུམ། བྱ་ཚིག་རྣམ་བཞི་བཅས་ཀྱི་དབྱེ་བ་དང་འབྲེལ་བའི་སྐོར་ཞེས་པ་དང་བདག་གཞན་གྱི་དབྱེ་བའི་སྐོར། བྱ་ཚིག་རྣམ་བཞི་དང་བྱ་བའི་དུས་གསུམ། བདག་གཞན་བཅས་ཀྱི་འབྲེལ་བའི་སྐོར་ཞེས་པ་ཞེས་ནང་གསེས་སུ་དོན་དུ་མར་བགོས་ཏེ་བོད་སྐད་ཀྱི་ཚིག་གི་ཁྱད་ཆོས་ཞིབ་རྒྱས་སུ་གླེངས་ཡོད། དོར་ཞི་གདོང་དྲུག་སྙེམས་བློས་བརྩམས་པའི་《བོད་ཀྱི་བརྡ་སྤྲོད་རིག་པའི་དོན་འགྲེལ་ཕྱོགས་བསྒྲིགས་》སུ་ཞེས་པར་“སྤྱིར་རྣམ་དབྱེ་ཟེར་བ་ནི། སྐད་རིགས་ཀྱི་བརྡ་སྤྲོད་པའི་ཁྱད་ཆོས་ཤིག་ལ་ཟེར་བ་ཡིན། ཁྱད་ཆོས་དེ་ཡང་མིང་མཐའ་བསྒྱུར་པའི་རྐྱེན་སྦྱོར་ཚུལ་ཁོ་ནས་མཚོན་པ་ཡིན་པ་བརྡ་སྤྲོད་སྤྱི་རྣམ་ཟེར་བའི་གཞུང་དུ་གསལ། སྐད་རིགས་ཀྱི་བརྡ་སྤྲོད་པའི་ཁྱད་ཆོས་ནི། སྐད་རིགས་རང་རང་གི་གོམས་གཤིས་ལས་བྱུང་བ་ཡིན་པས། སྐད་རིགས་སོ་སོ་མི་འདྲ།”⒁ ཞེས་དང་།“བོད་སྐད་ལ་རྣམ་དབྱེ་བརྒྱད་དུ་ཕྱེས་པ་དེ། རྒྱ་གར་སྐད་ལ་དཔེ་བླངས་པ་ཡིན་ཀྱང་། དཔེ་དེ་དོན་ལ་མི་འབྱོར་ས་མི་ཉུང་བ་ཞིག་ཡོད་པ་ནི། སྒྲ་ལ་གཟིགས་རྟོགས་གནང་བའི་མཁས་པ་སུས་ཀྱང་ཤེས་”⒂ ཞེས་གསུངས་ཏེ། བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལས་རྣམ་དབྱེ་བཤད་པ་བློ་སྒོ་འབྱེད་པའི་ལྡེ་མིག བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལས་ཚིག་ཕྲད་ཀྱི་རྣམ་གཞག་བཤད་པ་གསར་སློབ་བདེ་ལམ། བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལས་བྱ་ཚིག་གི་རྣམ་གཞག་བཤད་པ་ཤེས་བྱའི་ནམ་འཕང་གཅོད་པའི་རིག་པའི་གྲུ་གཟིངས། བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལས་བྱ་ཚིག་གི་འཇུག་ཚུལ་སྡོམ་ཚིག་ཏུ་བཀོད་པ་ལག་ལེན་གནད་བསྡུས། རྟགས་འཇུག་གི་གནད་དོན་འགའ་ལ་རགས་ཙམ་དཔྱད་པ་ནོར་བུ་བགྲུང་བྱེད་ཅེས་དོན་ཚན་ཆེན་པོ་ལྔའི་སྒོ་ནས་བོད་སྐད་ཀྱི་རྣམ་དབྱེ་དང་ཚིག་ཕྲད། བྱ་ཚིག་བཅས་བརྗོད་ཡོད་པ་དང་། ལྷག་པར་དུ་བྱ་ཚིག་གི་རང་བཞིན་དང་བྱ་བྱེད་ལས་གསུམ། དུས་གསུམ་གྱི་རྣམ་གཞག་བྱ་བ་སྟོན་མི་སྟོན་གྱི་ཁྱད་པར་སོགས་གསར་བཤད་ཀྱིས་ཀུན་ནས་ཕྱུག་པས། བོད་སྐད་ཀྱི་བྱ་ཚིག་གི་བརྡ་སྤྲོད་པའི་ཞིབ་འཇུག་ལ་ལྟ་ཚུལ་གསར་པ་མང་པོ་བཏོན་ཡོད། དཔའ་རིས་སངས་རྒྱས་ཀྱིས་བརྩམས་པའི་《བརྡ་སྤྲོད་གསལ་བྱེད་ངག་སྒྲོན་》དང་དེའི་ནང་དོན་ཁ་གསབ་ཀྱིས་གྲུབ་པའི་《བརྡ་སྤྲོད་སྦྱོར་བ་རྣམ་བཞི་རབ་གསལ་》བཅས་ཀྱི་ནང་དུ་ཡི་གེའི་སྦྱོར་བ། མིང་གི་སྦྱོར་བ། ཕྲད་ཀྱི་སྦྱོར་བ། ཚིག་གི་སྦྱོར་བ་ཞེས་ལེའུ་ཆེན་པོ་བཞི་དང་རེ་རེ་ལ་ཡང་བོད་ཡིག་གི་ལོ་རྒྱུས། རྟགས་ཀྱི་འཇུག་པ། མིང་གི་སྤྱི་ཁོག་བསྟན་པ། མིང་གི་རིགས་ཀྱི་དབྱེ་བ། མིང་གི་རིགས་རྟེན་ཅིང་འབྲེལ་བའི་བྱུང་ཚུལ། ཞེ་ཚིག་གི་འཇུག་པ། སྒྲ་གདངས་མཐུན་པར་འགྱུར་ཚུལ། མངོན་བརྗོད་ཀྱི་ཕན་ཡོན། མིང་གི་སྡེབ་སྦྱོར། རྣམ་དབྱེ་དང་ཕྲད། ཚིག་ཐུང་ངུའི་རིགས། ཚིག་གི་གྲུབ་ཆ་དྲུག་གི་སྦྱོར་བ། ཚིག་སྦྲགས་མའི་སྦྱོར་བ་ལ་སོགས་པའི་ནང་གསེས་ཀྱི་དབྱེ་བ་མང་དུ་ཕྱེ་ནས་བོད་ཀྱི་བརྡ་སྤྲོད་ལུགས་ཞིབ་རྒྱས་སུ་དབྱེ་ཞིབ་མཛད་ཡོད། ལྕགས་ཐར་རྒྱལ་གྱིས་བརྩམས་པའི་《བོད་ཀྱི་བརྡ་སྤྲོད་སྤྱི་རྣམ་རིག་འཕྲུལ་སྣང་མཛོད་》དང་། 《བོད་སྐད་ཀྱི་ཚིག་གི་རྣམ་གཞག་ཤིན་ཏུ་གསལ་བར་བཤད་པ་རིག་འཕྲུལ་རྒྱན་ཕྲེང་》གཉིས་ལས་《རིག་འཕྲུལ་སྣང་མཛོད་》དུ་ལོ་རྒྱུས་དང་འབྲེལ་བའི་གཏམ། བོད་ཀྱི་སྐད་ཆ་བསྟན་པ། ཡི་གེའི་རྣམ་གཞག་བསྟན་པ། མིང་གི་རྣམ་གཞག་བསྟན་པ། ཚིག་གི་རྣམ་གཞག་བསྟན་པ། ཚིག་སྦྲགས་མ་བསྟན་པ། ཚིག་ཕྲད་ཀྱི་རྣམ་གཞག་བསྟན་པ། ཚིག་རྟགས་ཀྱི་རྣམ་གཞག་བསྟན་པ་བཅས་སྐབས་བརྒྱད་དང་། རེ་རེ་ལ་ཡང་བོད་ཀྱི་བརྡ་སྤྲོད་རིག་པའི་ལོ་རྒྱུས་མདོར་བསྟན་པ། བོད་ཀྱི་སྐད་ཆ་བསྟན་པ། མིང་གི་ངོ་བོ་བཤད་པ། ཤད་དང་ཚིག་རྟགས་ཀྱི་ཁྱད་པར་བཤད་པ་སོགས་ནང་གསེས་ཀྱི་དབྱེ་བ་མང་དུ་ཕྱེ་ཡོད་པ་དང་། 《རིག་འཕྲུལ་རྒྱན་ཕྲེང་》དུ་བོད་སྐད་ཀྱི་ཚིག་གི་གནད་དོན་གྱི་བྱུང་བ་ཐོག་མར་བསྟན་པ། ཚིག་ལ་ཞིབ་འཇུག་བྱེད་པའི་ཐབས་ལམ་འགའ་ཞིག་བཤད་པ། བོད་སྐད་ཀྱི་ཚིག་གི་སྦྱོར་བ་བཤད་པ། ཚིག་གི་སྒྲིག་གཞི་བཤད་པ། ཚིག་གི་སྒྲིག་གཞི་དང་བྱ་བ་བརྗོད་པའི་མིང་གི་འབྲེལ་བ་བྱེ་བྲག་ཏུ་བཤད་པ། ཚིག་གི་གྲུབ་ཚུལ་བཤད་པ། ཚིག་གི་སྐྱེད་སྒྲུབ་བཤད་པ། ཚིག་གི་གཏན་ཚིགས་ཀྱི་ཁྱད་ཆོས་བཤད་པ། ཚིག་གི་བསྟན་དོན་དང་དེའི་གོལ་ས་བཤད་པ། འདྲི་ཚིག་གི་སྦྱོར་བ་བྱེ་བྲག་ཏུ་བཤད་པ། ནི་སྒྲ་སྦྱར་བའི་ཚིག་སྦྱོར་བྱེ་བྲག་ཏུ་བཤད་པ་བཅས་ལེའུ་བཅུ་གཅིག་ཏུ་བཀར་ཏེ་བོད་སྐད་ཀྱི་ཚིག་གི་བརྡ་སྤྲོད་ལུགས་རྒྱ་ཆེར་བཀྲལ་ཡོད། ད་དུང་ཚེ་དབང་ལྷ་མོས་བརྩམས་པའི་《བོད་ཀྱི་བརྡ་སྤྲོད་རིག་པའི་རྣམ་བཤད་སྔོན་མེད་རིག་པའི་འཕྲུལ་ཤེལ་》དང་། བཀྲ་ཤིས་ཟླ་བས་རྩོམ་སྒྲིག་མཛད་པའི་《བརྡ་སྤྲོད་བློ་གསར་འཇུག་སྒོ》 ཚེ་རྡོར་གྱིས་བརྩམས་པའི་《བརྡ་སྤྲོད་རྣམ་བཤད་》སོགས་ཀྱང་དུས་རིམ་འདིའི་ནང་དུ་གསར་དུ་བྱུང་བའི་བརྡ་སྤྲོད་པའི་བསྟན་བཅོས་ཡིན།
       (4) ཡིག་གཟུགས་ཀྱི་སྐོར། བོད་ཀྱི་ཡིག་གཟུགས་ལ་དབུ་ཅན་དབུ་མེད་དང་། དབུ་མེད་ལ་ཡང་སུག་རིང་སུག་ཐུང་། འབྲུ་ཚ། དཔེ་ཚུགས། འཁྱུགས་བྲིས་སོགས་ཡོད་པ་དང་། དེ་མིན་ཧོར་ཡིག་དང་ལཉྪ་དང་ཝརྟུ་སོགས་ཀྱི་བྲིས་གཟུགས་ཀྱི་སྐོར་ལ་ཡང་ཞིབ་འཇུག་བྱས་ཡོད། དཔེར་ན། ཚེ་རིང་ཐར་གྱིས་བརྩམས་པའི་《བོད་ཡིག་གི་འབྱུང་གཞིར་གསར་དུ་དཔྱད་པ་》ཞེས་པ་དང་། ལྕགས་ཐར་རྒྱལ་གྱིས་བརྩམས་པའི་《བོད་གངས་ཅན་གྱི་ཡུལ་དུ་ཡི་གེ་བྱུང་འཕེལ་གྱི་རིམ་པ་བརྗོད་པ》 ཁ་སྒང་དཔལ་ཆེན་ཐར་གྱིས་བརྩམས་པའི་《འབྲུག་ཆུ་བཞུར་རྒྱུན་དུ་རྙེད་པའི་བོན་གྱི་ཡིག་ཆ་ལས་འབྱུང་བའི་འདྲ་གཟུགས་ཡི་གེ་ལ་དཔྱད་པ་》ཞེས་པ་སོགས་མང་དུ་བྱུང་ཡོད་པ་དང། 《བོད་ཀྱི་བརྡ་སྤྲོད་རིག་པའི་རྣམ་བཤད་སྔོན་མེད་རིག་པའི་འཕྲུལ་ཤེལ་》ལས།“ཡི་གེ་ཐོག་མར་དར་ཚུལ་སྐོར་ལ་དཔྱད་གཞི་མང་པོ་ཡོད་ཀྱང་དཔྱད་གཞི་ཁུངས་བཙན་ཞིང་། དཔྱོད་པའི་ཐབས་མཁས་པ། རིགས་པའི་རྣམ་དཔྱོད་ཆེ་བ་སོགས་ཀྱི་ཁྱད་ཆོས་དང་ལྡན་པ་ནི་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་བྲིས་པའི་ཡུལ་སོ་སོའི་ཡིག་རིགས་སྐོར་བཤད་པ་དེ་ཡིན་སྟབས་”⒃ཞེས་དང་། “དེ་ནས་བོད་ཀྱི་ཡི་གེ་འབྱུང་ཁུངས་སྐོར་ལ་དེང་དུས་གསར་ཐོབ་ཀྱི་དཔྱད་གཞི་རྣམས་དང་བསྡུར་ནས་བརྟག་དཔྱད་ཅིག་བྱས་ན་”⒄ཞེས་དགེ་འདུན་ཆོས་འཕེལ་གྱི་རྗེས་སུ་འབྲངས་ཏེ་ཡུལ་སོ་སོའི་ཡིག་རིགས་རྙིང་པའི་སྐོར། བོད་ཡིག་འབྱུང་ཁུངས་དང་ཡིག་གཟུགས་ཀྱི་འཕེལ་རིམ་སྐོར། བོད་ཡིག་སྒྲ་སྦྱོར་སྐོར་བཅས་ས་བཅད་གསུམ་དང་རེ་རེ་ལ་ཡང་ནང་གསེས་སུ་གནའ་བོའི་ཡིག་རིགས་རྙིང་པ་ཁག་གཅིག་དང་། གུཔྟའི་ཡི་གེ་དང་བོད་ཡིག་ཕན་ཚུན་གོ་བསྡུར་བ། བོད་ཡིག་གི་ཕྱི་མོ་ལཉྪ་དང་ཝརྟུ་མིན་ཚུལ། རྒྱ་གར་སྐད་དུ་ཙ་ཚ་ཛའི་སྒྲ་མེད་པའི་ཚུལ། བོད་ཀྱི་ཡིག་རྙིང་གི་ཁྱད་ཆོས་འགའ་ཞིག བོད་ཡིག་གི་བྱུང་ཁུངས་ལ་དཔྱད་པ། ཐུ་མིའི་གོང་དུ་བོད་ལ་ཡི་གེ་མེད་ཅེས་པ་དེ་ཡོངས་གྲགས་ཀྱི་ལུགས་ཡིན་ཟེར་བ་དེར་མི་འཐད་པ། བསྟན་པ་སྔ་དར་སྐབས་ཀྱི་ཡིག་གཟུགས་ཀྱི་འགྱུར་བ། བསྟན་པ་ཕྱི་དར་ནས་དེང་དུས་བར་གྱི་འགྱུར་བ་ཞེས་ལེ་ཚན་དུ་མར་ཕྱེས་ཏེ་བོད་ཀྱི་ཡིག་གཟུགས་ཀྱི་སྐོར་ལ་ལྟ་ཚུལ་གསར་པ་མང་པོ་བཏོན་ཡོད་པ་ལྟར་དང་། གཞན་ཡང་དཔེར་ན། གོ་བ་དབྱིག་དང་ཧྲི་ཞུའོ་ལིས་ནས་ཕྱོགས་བསྒྲིགས་བྱས་པའི་《གངས་ཅན་མཁས་པའི་ཕྱག་བྲིས་སྣ་ཚོགས་ཕྱོགས་བསྡུས་རིན་ཆེན་ཕྲེང་བ་》དང་། ཨོ་རྒྱན་བསྟན་འཛིན་གྱིས་བྲིས་པའི་《བོད་ཀྱི་དབུ་མེད་ཡི་གེའི་གཟུགས་ཆེ་ཆུང་གི་མ་ཕྱི་བློ་གསལ་འཇུག་ངོགས》 དཀོན་མཆོག་རྒྱ་མཚོས་བྲིས་པའི་《ལན་ཛ་དང་ཝརྟུའི་ཕྱི་མོ་ཨུཏྤལའི་འཕྲེང་རྒྱན》 དཔའ་རིས་སངས་རྒྱས་ཀྱིས་བརྩམས་པའི་《བོད་ཡིག་འབྲི་ཚུལ་མཐོང་བ་ཀུན་སྨོན་》སོགས་བྱུང་ཡོད། ད་དུང་པ་སྣམ་རྡོ་རྗེ་ཚེ་རིང་གིས་བྲིས་པའི་《ཡིག་གཟུགས་ལེགས་བཤད་ཕྲེང་བ》 འཇང་ཤེས་རབ་རྣམ་དག་གིས་བྲིས་པའི་《ཡིག་གཟུགས་སྣ་བརྒྱའི་ཕྱི་མོ་ཞལ་བསྡུས་མ》 ཟླ་བ་ཚེ་རིང་གིས་བྲིས་པའི་《རྣམ་དག་ཡིག་གཟུགས》 བསོད་ནམས་ཚེ་རིང་གིས་བརྩམས་པའི་《བོད་ཡིག་གཟུགས་རིས་ཀྱི་མཛེས་རྩལ》 འགྱུར་མེད་ཚུལ་ཁྲིམས་ཀྱིས་བྲིས་པའི་《གངས་ལྗོངས་མེས་པོའི་ཕྱག་རྒྱུན་བློ་གསལ་བུང་བའི་དགའ་ཚལ》 རིག་བསྟན་གྱིས་བརྩམས་པའི་《ཡིག་གཟུགས་ཀྱི་རྣམ་བཤད་དུང་གི་ཟླ་བ》 དཔལ་བསྡུས་ཀྱིས་བྲིས་པའི་《ཐོན་མིའི་རྗེས་དྲན་ཡིག་གཟུགས་ཀྱི་མ་ཕྱི་ཀུན་འཛོམས》 པད་མ་ནོར་བུས་བསྒྲིགས་པའི་《ཐུ་མིའི་མཛུབ་བྲིས》 བསོད་ནམས་རྒྱ་མཚོས་བྲིས་པའི་《གངས་ཅན་བྷོ་ཊའི་ཡིག་གཟུགས་སྣ་ཚོགས་ཀྱི་མ་ཕྱི་གཡུ་ཁྲིའི་ཕྱག་བྲིས》 གཙང་པ་སྐལ་བཟང་ཡེ་ཤེས་ཀྱིས་བརྩམས་པའི་《མགོ་ལོག་སྡེར་ནང་ས་བྲིས》 མགོན་པོ་རྣམ་རྒྱལ་གྱིས་བྲིས་པའི་《གཞོན་ནུའི་ཡིག་རྩལ་སྦྱོང་དེབ་》སོགས་ཡིག་གཟུགས་ཀྱི་མཛེས་རྩལ་མངོན་པའི་གསར་བྱུང་གི་ཡིག་གཟུགས་ཀྱི་དཔེ་ཆ་ཡང་ཤིན་ཏུ་མང་པོ་ཞིག་དར་ཡོད་པ་བཞིན་ནོ། །
       2.བོད་ཀྱི་སྐད་དང་ཡི་གེ་ཞིབ་འཇུག་བྱེད་མཁན་གྱི་དཔུང་སྡེ་སྟོབས་ཆེན་དུ་གྱུར་པ། དུས་རིམ་འདིའི་ནང་དུ་བོད་ཀྱི་སྐད་དང་ཡི་གེ་ལ་ཞིབ་འཇུག་བྱེད་མཁན་གྱི་མི་སྣ་ཇེ་མང་དུ་སོང་ཡོད་པར་མ་ཟད། སྐད་རིགས་ཞིབ་འཇུག་གི་དཔྱད་ཐབས་ཀྱང་སུམ་རྟགས་དག་གསུམ་ལས་བརྒལ་ཏེ་དེང་རབས་སྐད་བརྡ་རིག་པའི་གཞུང་ལུགས་ཀྱི་ལྟ་གྲུབ་ཀྱིས་བརྒྱན་པའི་སྲོལ་རྒྱུན་དང་དེང་རབས་གཉིས་འཛོམས་ཅན་གྱི་བོད་སྐད་ཡིག་ཞིབ་འཇུག་བྱེད་མཁན་གྱི་དཔུང་སྡེ་ཞིག་བྱུང་ཡོད་པ་ནི་སྐལ་བཟང་འགྱུར་མེད་(1927-2012)དང་། དཔའ་མཁར།(1934-) འཕྲིན་ལས་རྒྱ་མཚོ་(1931-)དཔའ་རིས་སངས་རྒྱས། (1931-) དོར་ཞི་གདོང་དྲུག་སྙེམས་བློ།(1936-) ཚེ་རྡོར། བདེ་མཆོག(1941-) ལྕགས་ཐར་རྒྱལ།(1963-) བཀྲ་ཤིས་ཟླ་བ། དུད་བླ་བུ་ཆུང་དང་ཚེ་དབང་ལྷ་མོ་སོགས་ལྟ་བུ་དང་། དེང་རབས་སྐད་བརྡ་རིག་པའི་གཞུང་ལེགས་པར་སྦྱངས་ཏེ་བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་གཞུང་ཡང་མ་དོར་བར་བོད་ཀྱི་སྐད་དང་ཡི་གེ་ལ་ཞིབ་འཇུག་མཁན་གྱི་གཞོན་སྐྱེས་ཀྱང་མང་པོ་ཞིག་བྱུང་ཡོད་པ་ནི་དེང་རབས་སྐད་བརྡ་རིག་པའི་དཔྱད་ཐབས་ཀྱི་སྒོ་ནས་བོད་ཀྱི་སྐད་དང་ཡི་གེ་ལ་ཞིབ་འཇུག་བྱེད་མཁན་སུམ་པ་དོན་གྲུབ་ཚེ་རིང་དང་། ཆམ་ཚང་པད་མ་ལྷུན་གྲུབ། དཀོན་མཆོག་རྒྱ་མཚོ། ཚེ་དབང་རྡོ་རྗེ། བསྟན་གོ། རྡོ་ལྷ། དཔའ་ཆེན་རྒྱལ། སངས་རྒྱས་ཚེ་རིང་། སངས་རྒྱས་བསོད་ནམས། ཚེ་རིང་དོན་གྲུབ་ལ་སོགས་གཞོན་སྐྱེས་ཀྱི་སྐད་བརྡ་རིག་པ་བ་དང་བརྡ་སྤྲོད་སྨྲ་བ་མང་པོ་བྱུང་ཡོད་པ་ལྟ་བུའོ། །དེ་ལྟར། དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུ་པ་ནས་དུས་རབས་ཉེར་གཅིག་པའི་ལོ་རབས་བཅུ་བའི་བར་དུ་བོད་ཀྱི་སྐད་དང་ཡི་གེའི་ཞིབ་འཇུག་ནི་དུས་རིམ་དང་པོ་ལས་ཞིབ་འཇུག་གི་རྣམ་གྲངས་དང་ཞིབ་འཇུག་གི་དམིགས་ཡུལ། ཞིབ་འཇུག་གི་ཁྱབ་ཁོངས་སོགས་གང་ཅིའི་ཐད་ནས་གྱ་ནོམ་པའམ་ཕུན་སུམ་ཚོགས་པ་ཞིག་ཏུ་ཆགས་ཡོད་དོ། །
གསུམ་པ། མཇུག་བསྡུ་བ།
       1. ཉེ་བའི་ལོ་ངོ་70ལྷག་གི་བོད་སྐད་ཡིག་ཞིབ་འཇུག་གི་ལོ་རྒྱུས་ལ་དུས་རིམ་གཉིས་སུ་དབྱེ་ཆོག་སྟེ། དུས་རིམ་དང་པོ་ནི་1950ལོ་ནས་1980ལོའི་བར་དང་། ཞིབ་འཇུག་གི་ཁྱབ་ཁོངས་ནི་《སུམ་ཅུ་པ་》དང་《རྟགས་ཀྱི་འཇུག་པ་》ཡི་རྒྱུན་ལེགས་པར་བསྐྱངས་ཏེ་ཡིག་སྐད་དམ་བསྟན་བཅོས་སུ་གྲགས་པའི་ཆོས་སྐད་ཉིད་གཙོ་བོར་བཟུང་ཞིང་། དེང་རབས་སྐད་བརྡ་རིག་པའི་གཞུང་ལུགས་དང་ཁ་སྐད་ནི་ཞོར་ཆོས་སམ་ཕལ་པའི་ཚུལ་དུ་བཞག་ཡོད་པ་དང་། དུས་རིམ་གཉིས་པ་ནི་1980ལོ་ནས་ནས་2015ལོའི་བར་དང་། ཞིབ་འཇུག་གི་ཁྱབ་ཁོངས་ནི་སུམ་རྟགས་དག་གསུམ་གྱི་གཞུང་དང་དེང་རབས་སྐད་བརྡ་རིག་པའི་གཞུང་གཉིས་ཟུང་འབྲེལ་གྱིས་ཡིག་སྐད་དང་ཁ་སྐད། གནའ་རབས་ཀྱི་སྐད་དང་དེང་རབས་ཀྱི་སྐད་ལྟར་ཡུལ་དང་དུས་ཀྱི་ཁྱད་པར་སོ་སོར་འབྱེད་པའི་སྒོ་ནས་ཞིབ་འཇུག་བྱེད་པ་གཙོ་བོར་གྱུར་ཡོད།
       2. བརྗོད་བྱའི་ནང་དོན་གྱི་ཆ་ནས་བོད་སྐད་ཀྱི་སྐད་གདངས་དང་། མིང་དང་ཚིག ཡིག་གཟུགས་བཅས་འདུས་ཡོད་ཅིང་། ཡུལ་སྐད་དང་སྤྱི་སྐད། བརྡ་འཕྲིན་དང་བོད་ཀྱི་སྐད། བོད་ཀྱི་སྐད་དང་ཡུལ་ཁམས་བར་གྱི་འབྲེལ་བ། བོད་སྐད་ཡིག་སྤྱི་ཚོགས་སྟེང་བཀོལ་སྤྱོད་བྱེད་ཚུལ། བོད་རྒྱ་སྐད་གཉིས་ཀྱི་སློབ་གསོ་དང་། བོད་རྒྱ་དབྱིན་གསུམ་སྐད་ཀྱི་སློབ་གསོ། རྡོ་རིང་ཡི་གེ་དང་བྱང་བུའི་ཡི་གེ། ཏུན་ཧོང་གི་ཡི་གེ་སོགས་ཀྱང་འདུས་ཡོད།
       3.བརྩམས་ཆོས་ཀྱི་རྣམ་པའི་ཆ་ནས་སུམ་རྟགས་དག་གསུམ་གྱིས་མཚོན་པའི་བརྡ་སྤྲོད་པའི་བསྟན་བཅོས་དང་དཔྱད་རྩོམ་འབོར་ཆེན་བྱུང་ཡོད་ལ། ད་དུང་《སྐད་བརྡ་རིག་པའི་སྤྱི་བཤད་》དང་། 《སྤྱི་ཚོགས་སྐད་བརྡ་རིག་པ་》སོགས་དེང་རབས་སྐད་བརྡ་རིག་པ་དང་ཡིག་ཚགས་རིག་པའི་ལམ་ནས་བརྩམས་པ་དང་བསྒྱུར་བའི་གསུང་རྩོམ་ཀྱང་འབོར་ཆེན་བྱུང་ཡོད་ཅིང་། གཞན་གནའ་དཔེ་ལེགས་བསྒྲིགས་དང་། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་བོད་སྐད་ཡིག་ཞིབ་འཇུག་གི་རྣམ་གྲངས་ཀྱང་བྱུང་དང་འབྱུང་བཞིན་ཡོད། །
       4. 《སྤྱི་ཚོགས་སྐད་བརྡ་རིག་པ་》དང་། 《ཡིད་བྱེད་སྐད་བརྡ་རིག་པ》 《གཞན་བསྒྱུར་རང་གྲུབ་ཀྱི་སྐད་བརྡ་རིག་པ》 《རིགས་རྣམ་སྐད་བརྡ་རིག་པ》 《ལོ་རྒྱུས་སྐད་བརྡ་རིག་པ》 《སྐད་རྩིས་སྐད་བརྡ་རིག་པ་》སོགས་སྐད་བརྡ་རིག་པའི་གཞུང་ལུགས་མི་འདྲ་བ་མང་པོ་ཞིག་གསར་དུ་དར་བཞིན་ཡོད་པ་དང་། འཛམ་གླིང་བརྡ་འཕྲིན་ཅན་དང་དཔལ་འབྱོར་གཅིག་གྱུར་ཅན་དུ་འགྱུར་བཞིན་པའི་སྐབས་འདིར་བོད་ཀྱི་《སུམ་ཅུ་པ་》དང་《རྟགས་ཀྱི་འཇུག་པ་》ཡི་གཞུང་དང་བོད་ཀྱི་སྐད་དང་ཡི་གེ་འཛམ་གླིང་ལ་ཇི་ལྟར་ཁ་གཏོད་དགོས་པ་དང་སྐད་རིགས་འགྲན་རྩོད་དང་སྐད་རིགས་འཆམ་མཐུན་ཇི་ལྟར་བྱེད་དགོས་པ། བོད་ཀྱི་སྐད་དང་ཡི་གེའི་ཞིབ་འཇུག་གི་གཞུང་ལུགས་དང་ལག་ལེན་གཉིས་ཡ་མ་བྲལ་ཅིང་གཅིག་གྲོགས་གཅིག་ཏུ་འགྲོ་བ་ཞིག་ཇི་ལྟར་འཁྱོང་དགོས་པ་བཅས་ནི་བོད་ཀྱི་སྐད་དང་ཡི་གེའི་ཞིབ་འཇུག་གི་མདུན་དུ་ལྷགས་པའི་གནད་དོན་གསར་པ་ཞིག་ཡིན་ནོ། །
       མཆན་འགྲེལ།
       ①སྐལ་བཟང་འགྱུར་མེད། སྐལ་བཟང་དབྱངས་ཅན། 《བོད་ཀྱི་ཡུལ་སྐལ་རྣམ་བཤད》[M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2002ལོ། ཤོག་ངོས་4
       ②ཚེ་ཏན་ཞབས་དྲུང་། 《ཐོན་མིའི་ཞལ་ལུང》[M] ལན་ཀྲོའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2016ལོ། ཤོག་ངོས་1
       ③དམུ་དགེ་བསམ་གཏན། 《བརྡ་སྤྲོད་བློ་གསལ་དགའ་སྟོན》[M] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2005ལོ། ཤོག་ངོས་121-128
       ④⑤⑥བསྟན་པ་རྒྱ་མཚོ། 《སུམ་རྟགས་ལས་ལ་དོན་གྱི་གནད་དོན་ཁ་ཤས》 [M] ལན་ཀྲོའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1978ལོ། ཤོག་ངོས་2; 19; 20
       ⑦周伟、格桑坚村主编:《西藏的藏语文工作》,北京:中国藏学出版社。2004年,第3页。
       ⑧དམུ་དགེ་བསམ་གཏན། 《བོད་ཀྱི་ཡི་གེའི་སྤྱི་རྣམ་བློ་གསལ་འཇུག་ངོགས》[M] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2005ལོ། ཤོག་ངོས་125
       ⑨ཚ་བར་ཁ་ངག་དཀོན། 《རྒྱལ་ནང་བོད་ཡིག་དུས་དེབ་ཀྱི་དཔྱད་རྩོམ་དཀར་ཆག་ཕྱོགས་བསྒྲིགས》(སྟོད་ཆ)[M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2018ལོ། ཤོག་ངོས་5-60
       ⑩དཔའ་རིས་སངས་རྒྱས། 《བརྡ་སྤྲོད་གསལ་བྱེད་ངག་སྒྲོན》[M] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1999ལོ། ཤོག་ངོས་20
       ⑾⑿ལྕགས་ཐར་རྒྱལ། 《བོད་ཀྱི་བརྡ་སྤྲོད་སྤྱི་རྣམ་རིག་འཕྲུལ་སྣང་མཛོད》[M] ལན་ཀྲོའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2009ལོ། ཤོག་ངོས་91; 134
       ⒀འཕྲིན་ལས་རྒྱ་མཚོ། 《བདག་གཞན་གྱི་རྣམ་གཞག》[M] ལན་ཀྲོའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1986ལོ། ཤོག་ངོས་3
       ⒁⒂དོར་ཞི་གདོང་དྲུག་སྙེམས་བློ། 《 བོད་ཀྱི་བརྡ་སྤྲོད་རིག་པའི་དོན་འགྲེལ་ཕྱོགས་བསྒྲིགས》[M] ལན་ཀྲོའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1990ལོའི་དཔར་ཐེངས་གཉིས་པ། ཤོག་ངོས་3; 4
       ⒃⒄ཚེ་རིང་ལྷ་མོ། 《བོད་ཀྱི་བརྡ་སྤྲོད་རིག་པའི་རྣམ་བཤད་སྔོན་མེད་རིག་པའི་འཕྲུལ་ཤེལ》[M] པེ་ཅིན། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1998ལོ། ཤོག་ངོས་79

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1