གཙོ་ངོས།>> སྐྱེ་ཁམས།>>ཤེས་བྱ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༢༠ལོའི་ཟླ་བ་༡༡ཚེས་༡༣ཉིན།

༄༅།།གསའ་གཟིག་ལ་རང་གི་སྲོག་བཞིན་གཅེས་པའི་གཙང་པོའི་མགོ་ཁུངས་ཀྱི་འབྲོག་པ།

        དེང་སྐབས་གཙང་གསུམ་འབྱུང་ཡུལ་དུ། ཆེད་ལས་རི་སྐྱེས་སྲོག་ཆགས་པར་ལེན་མཁན་གྱིས་པར་བླངས་ཡོད་པ་ལས་གཞན། སྤྱིར་བཏང་གི་འབྲོག་པ་མང་པོ་ཞིག་གིས་ཀྱང་གསའ་གཟིག་པར་བླངས་ཡོད་དེ། དབང་ཕྱུག་གིས་གསའ་གཟིག་ཆེ་མ་ཆུང་གསུམ་མང་པོ་པར་དུ་བླངས་མྱོང་ལ།པར་རིས་ལས་གཞན་ད་དུང་བརྙན་ཡང་སྣ་ཚོགས་བླངས་ཡོད།
        དབང་ཕྱུག་ནི་ཆུ་དམར་ལེབ་རྫོང་གཡུ་སྐེ་གྲོང་རྡལ་རྐང་དུང་སྡེ་བའི་འབྲོག་མི་ཞིག་ཡིན་ཞིང་། ཁོའི་ཁྱིམ་ཚང་ནི་འབྲི་ཆུའི་གཡོན་ཕྱོགས་ཀྱི་ལུང་པ་ཞིག་ཏུ་ཡོད།
        ལོ་ངོ20ཡར་སྔོན་ལ། གཙང་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ཁུལ་བཙུགས་པ་ནས་ཁོ་རང་ནགས་སྲུང་པ་ཞིག་ཏུ་གྱུར། སྔོན་ལ་སྡེ་བའི་ནང་གི་ནགས་ལས་པ་ཞིག་བྱས་མྱོང་ལ། ལོ་ངོ་གཉིས་ཀྱི་རྗེས་སུ། མི14ཡིས་གྲུབ་པའི་ནགས་སྲུང་རུ་ཁག་གི་རུ་མི་ཞིག་ཏུ་གྱུར་ཞིང་། ལོ་སྔོན་མ་གཉིས་ལ་གླ་ཆ་ཅི་ཡང་མེད་ལ་དེའི་རྗེས་ཀྱི་ལོ་གསུམ་དང་བཞིའི་རིང་ལ། ཟླ་རེའི་འཚོ་བའི་ཁ་གསབ་སྒོར180ལོངས་སུ་སྤྱད་པ་དང་། དེའི་རྗེས་སུ་ཆུ་དམར་ལེབ་རྫོང་ཆེད་ལས་ནགས་སྲུང་རུ་ཁག་གི་རུ་མི་དང་རུ་གཙོ་རུ་གྱུར་ཏེ། ཟླ་རེའི་ཟླ་ཕོགས་སྒོར1800ལ་འཕར། ཟླ་ཕོགས་ནི་རུ་མི་གཞན་དང་ཁྱད་པར་ཅི་ཡང་མེད་ནའང་། ཁོའི་མགོ་ལ“རུ་དཔོན”ཞེས་པའི་ཞྭ་མོ་ཞིག་གྱོན་ཡོད་པས་མི་གཞན་དག་དང་བསྡུར་ན་སེམས་ཁུར་བྱེད་ས་མང་བར་གྱུར།
        ཡིན་ནའང་། དབང་ཕྱུག་གིས་ཕོགས་ཐོབ་ཀྱི་གནད་དོན་ལ་བསམ་བློ་བཏང་མ་མྱོང་། སྡེ་བའི་ནང་གི་ནགས་སྲུང་པར་གྱུར་པའི་ཉིན་དེ་ནས་བཟུང་། ཁོས་རང་གི་ཁ་གསབ་བམ་ཟླ་ཕོགས་ལས་སྐར་གང་ཡང་བཀོལ་མ་མྱོང་། ཁོས་བཤད་རྒྱུར། ངས་བདག་སྐྱོང་བྱེད་བཞིན་པ་ནི་རང་གི་གཞིས་ཁྱིམ་གྱི་ནགས་ཡིན་ཞིང་། ལྟ་སྐྱོང་བྱས་པ་ལེགས་ན་རང་གི་གཞིས་ཁྱིམ་སྔར་ལས་མཛེས་སྡུག་ལྡན་པར་འགྱུར་ལ། འདི་ནི་རང་གིས་བསྒྲུབ་འོས་པའི་བྱ་བ་ཞིག་རེད། དེའི་སྟབས་ཀྱིས། ཁོའི་བསམ་པར། ཁོ་ལ་སྒོར་མོ་འགའ་ཕྱིན་ཏེ་རང་གི་སྒོ་ཁྱིམ་མདུན་གྱི་ནགས་ལ་ལྟ་སྐྱོང་བྱེད་དུ་འཇུག་པ་ནི་གཟི་བརྗིད་ཅིག་ཡིན། སྒོར་འདི་དག་རང་གི་ཁྱིམ་ཚང་ནང་དུ་སྤྱོད་མི་རུང་ལ་དེ་བས་ཀྱང་སྒེར་དོན་དུ་སྤྱོད་མི་རུང་བར་ནགས་ཚལ་སྲུང་སྐྱོབ་ཀྱི་ཐད་དུ་སྤྱོད་དགོས།
        ལོ་འདི་འདྲ་མང་པོ་ཞིག་གི་རིང་ལ། ཁོས་རང་གི་ཟླ་ཕོགས་ཚང་མ་ནགས་སྲུང་བྱ་བའི་སྟེང་བཀོལ་བ་དང་། ད་དུང་རང་གི་ཁྱིམ་ཚང་གི་སྒོར་མོ་མི་ཉུང་བ་ཞིག་ཀྱང་དེའི་ཕྱོགས་སུ་བཀོལ། ཁོས་རགས་རྩིས་ཤིག་བྱས་ནས་བཤད་དོན། ནགས་སྲུང་སྒྲིག་ཆས་ཉོ་སྒྲུབ་ཁོ་ནར་ཁོས་སྒོར་མོ་ཁྲི34ལྷག་བཀོལ་ཟིན།
        དབང་ཕྱུག་གི་ཁྱིམ་དུ་སྡོད་པའི་དགོང་མོ་དེར། ང་ཚོས་དབང་ཕྱུག་ལ། སྲོག་ཆགས་ཚང་མའི་ཁྲོད། ཁོ་རང་ཆེས་དགའ་སའི་སྲོག་ཆགས་གང་ཡིན་ཞེས་དྲིས་པ་ན། ཁོས་བསམ་བློ་སྤུ་ཙམ་ཡང་མི་གཏོང་བར་དེ་ནི་གསའ་གཟིག་ཡིན་ཟེར། ཁོས་ད་དུང་ཁ་གསབ་བྱས་ཏེ་བཤད་རྒྱུར། སྤྱིར་བཏང་གི་དགའ་བ་ཙམ་མ་ཡིན་པར་རང་གི་གཅེས་སྲོག་ལ་དགའ་བ་ལྟ་བུ་ཞིག་རེད་ཟེར།
        དབང་ཕྱུག་གིས་གསའ་གཟིག་མཐོང་མྱོང་བར་མ་ཟད། ཐེངས་མང་པོར་མཐོང་མྱོང་། ཐེངས་ཤིག་ལ་གསའ་ཚང་ཞིག་གི་ཉེ་འགྲམ་ནས་ཉིན་མཚན14ལ་བསྲུངས་ནས་བསྡད། སྤྱིར་ན་ད་དུང་བསྲུངས་ནས་དུས་ཚོད་ངེས་ཅན་ཞིག་རིང་སྡོད་བསམ་མོད། འོན་ཀྱང་ཉིན14པའི་སྐབས་སུ། ཁོ་ལ་ཆམ་པ་ཕོག་སྟེ། ལུས་པོ་ཡོངས་སུ་ན་ཟུག་སྐྱེས་ཤིང་། ཐང་ལ་ཙོག་ནས་ཀྱང་སྡོད་མི་ཐུབ་པས་བྱ་ཐབས་ཟད་དེ་ཕྱིར་ཁྱིམ་དུ་ལོག་ནས་སྨན་བཅོས་དང་ངལ་གསོ་བྱས།
        ཁོའི་བསམ་པར། རང་ཉིད་གསའ་གཟིག་གི་མདུན་དུ་སླེབས་སྐབས། དེ་ཚོ་ད་དུང་དེ་རུ་ཡོད་བསམ་མོད་དེ་དུས་དེ་ཚོ་མི་འདུག དབང་ཕྱུག་གིས་བཤད་རྒྱུར། སྐབས་དེར་སེམས་ཁམས་ཀྱང་སྟོང་བར་གྱུར་སོང་། སྐད་ཆ་འདི་བཤད་སྐབས། ངས་དབང་ཕྱུག་གི མཁུར་ཚོས་སྟེང་མིག་ཆུ་འཐོར་བཞིན་འདུག གསའ་གཟིག་མ་མཐོང་བའི་དུས་དེར་ཡང་ཁོ་ལ་མིག་ཆུ་བཞུར་མྱོང་བ་གདོན་མི་ཟ།
        དེ་ནི2019ལོའི་ཟླ6པ་རེད། ནགས་སྲུང་པ་བསོད་ནམས་བཀྲ་ཤིས་ཀྱིས་ཡུལ་དེའི་ལུང་པ(རྐྱང་འབྲོང་ལུང་པ)ཞིག་གི་ནང་གསའ་གཟིག་གི་ཚང་ཞིག་ཡོད་པ་མཐོང་། གཟའ་གཟིག་གིས་དེ་རུ་གསའ་ཕྲུག་གཉིས་བཙས་འདུག་ཟེར། གནས་ཚུལ་དེ་ཐོས་རྗེས། ཕྱི་ཉིན་དབང་ཕྱུག་གིས་བུ་མོ་གཉིས་ཀ་དང་བུ་ཆུང་ཁྲིད་ནས་དེར་བལྟ་རུ་སོང་། སྐབས་དེར། ཁོ་ཚོས་གསའ་ཕྲུག་གཉིས་ཀ་ཚང་ནང་དུ་ཡོད་པ་ལས་གསའ་མ་མེད་པ་མཐོང་། དབང་ཕྱུག་གིས་གནས་དེར་བསྲུངས་ནས་འདུག་པ་ལས་ཡུལ་ལ་མི་ལོག་པའི་སེམས་ཐག་བཅད། བུ་དང་བུ་མོ་ཚོས་གསའ་གཟིག་གི་ཚང་དང་ཐག་ཉེ་ས་ཞིག་ཏུ་ཁོ་ལ་ཡང“གནས་ཚང”ཞིག་བཅས། སྔོན་ལ་ཟབ་ཚད་སྨི་གཅིག་ཡོད་པའི་ས་དོང་ཞིག་བརྐོས་ཏེ། དེའི་ཐོག་ལ་འགྱིག་ཁུག་གི་སྤྱིལ་བུ་ཞིག་ཕུབ། ཁོ་རང་དེ་གར་བསྡད།
        བུ་དང་བུ་མོ་ཚོས་ཉི་མ་རེ་རེར་ཁོ་ལ་ཟ་མ་བསྐྱལ་བ་ཡིན་ལ། སྐབས་ལན་རེར་དེའི་ཉེ་འགྲམ་དུ་སྡོད་པའི་བསོད་ནམས་བཀྲ་ཤིས་ཀྱིས་ཀྱང་ཁོ་ལ་ཟ་མ་བསྐྱལ། ཐེངས་འགའ་ལ། ཁོ་དང་གསའ་གཟིག་གི་ཚང་བར་ལ་སྨི་གཅིག་གཉིས་ཤིག་ཡོད་པའི་མཚམས་ནས། ཁོ་དང་གསའ་གཟིག་གཉིས་ཀས་ཕར་བལྟ་ཚུར་བལྟ་བྱས་མྱོང་། གསའ་གཟིག་གིས་ཀྱང་མི་དེས་ཁོ་ཚོར་གནོད་པ་མི་བྱེད་པ་ཧ་ལམ་ཚོར་ནས། ཐེངས་ཁ་ཤས་ལ། ཁོས་གསའ་ལ་ལྟོ་ཟས་སྟེར་སྐབས། ཤ་རྡོག་དང་རུས་པ་གསའ་མའི་ལུས་ཐོག་ཏུ་ཁེལ་ཀྱང་གསའ་དེ་མི་ཁྲོས་པར་མ་ཟད། ད་དུང་འཇམ་ཅག་གེར་ཁོ་ལ་བལྟས་ནས་འདུག
        དབང་ཕྱུག་གིས་ད་དུང་གསའ་གཟིག་དང་འབྲེལ་བའི་ཆེད་བྲིས་དང་བརྙན་མང་པོ་ཕབ་སྐྲུན་བྱས་མྱོང་། ཁོའི་བསམ་པར་རང་གི་སྒྲིག་ཆས་དང་པར་ལེན་ལག་རྩལ་དེ་འདྲ་བཟང་རྒྱུ་མེད་པ་རེད་མ་གཏོགས་ཁོས་འཛམ་གླིང་ལ་གྲགས་འགུལ་བཟོ་ཐུབ་པའི་བརྙན་རིས་ཕབ་ཐུབ་ཡོད་པར་སྙམ།
        དབང་ཕྱུག་གིས་ལོ21ལ་སོན་པའི་བུ་ཆུང་པདྨ་སྤྱི་ལེ་བརྒྱའི་བར་ཐག་གིས་ཆོད་པའི་བན་དེ་མཚོ་ཁར་དང་བླངས་པ་བྱེད་དུ་མངགས། དེ་ལྟར་མངགས་དོན་ནི་དབྱང་ཞིན་དང་ཁོའི“ལྗང་མདོག་གཙང་པོ”ཡི་དང་བླངས་རུ་ཁག་ཏུ་ཞུགས་ནས་པར་ལེན་ལག་རྩལ་བསླབ་ཆེད་རེད།ཁོ་ཚོས་བན་དེ་མཚོ་ཁ་རུ་འཕྲུལ་ཆས་བརྒྱ་ཕྲག་བསྐོར་ཏེ་གནམ་གཤིས་ལ་མ་བལྟོས་པར་ཁྲུང་ཁྲུང་མགོ་ཁྲའི་འཚོ་བ་ཟིན་ཐོར་འགོད་བཞིན་ཡོད། ཁོའི་རེ་བར། ནམ་ཞིག་གི་ཚེ་ན་པདྨས་ཀྱང་བརྙན་རིས་ཡག་པོ་ཞིག་བླངས་ཏེ་གནས་འདིའི་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་གཏམ་རྒྱུད་ཟིན་ཐོར་འགོད་ཐུབ་ན་བསམ་བཞིན་ཡོད།
        ངས་བན་དེ་མཚོ་ཁ་ནས་པདྨ་མཐོང་མྱོང་ལ་ཁོ་དང་མཉམ་དུ་ཁ་བརྡའང་བྱས་མྱོང་། ངས་ཁོ་རང་སྤྲོ་བ་ཡོད་པའི་དོན་དག་འགའ་རེ་གླེང་ཁུལ་བྱས་པ་ཡིན་མོད་དོན་དངོས་སུ་ཁོ་རང་སྤྲོ་བ་མི་འདུག ཁོའི་བསམ་ཚུལ་ནི་དབྱང་ཞིན་དང་མཉམ་དུ་ལས་ཀ་བསྒྲུབ་རྒྱུ་དེ་ཡིན་ཏེ། དེ་ལྟར་བྱས་ན་ཀུན་གྱིས་དོ་ཁུར་བྱེད་ཡོང་བར་སྙམ་བཞིན་ཡོད། བཤད་མ་དགོས་པ་ཞིག་ལ་ཁོའི་བསམ་ཚུལ་དང་ཨ་ཕའི་རེ་བའི་བར་ན་བར་ཐག་ངེས་ཅན་ཡོད་དེ། ཁོ་ལ་ཨ་ཕ་དང་འདྲ་བའི་དམིགས་ཡུལ་དེ་འདྲ་གསལ་པོ་མི་འདུག
        རྗེས་ཕྱོགས། ང་ཚོ་ཁོ་དང་མཉམ་དུ་རྐང་དུང་སྡེ་བའི་ཁོ་ཚང་ལ་སོང་སྟེ་ཁོའི་ཕ་རྒན་ལ་ཐུག་པ་ཡིན། དེའི་རྗེས་སུ་ང་ཚོ་དབང་ཕྱུག་དང་ཁོའི་ནགས་སྲུང་རུ་ཁག་དང་མཉམ་དུ་རུ་སྐོར་ལ་སོང་། ངས་པདྨའི་འགྲོ་འདུག་སྤྱོད་གསུམ་ལ་བརྟག་པ་ཡིན། ངའི་ཚོར་བ་ཞིག་ལ་ཁོ་ཡང་རྐང་དུང་སྡེ་བའི་ལུང་པར་ཡོང་ནས་འཚོ་བ་རོལ་སྲིད་པ་འདྲ། ཁོའི་ཕ་རྒན་དང་འདྲ་བར་པར་རིས་དང་བརྙན་རིས་འགའ་རེ་ལེན་ཡང་སྲིད། འོན་ཀྱང་ཁོ་རང་ཁོའི་ཨ་ཕ་ལྟ་བུ་ཞིག་ཏུ་མི་འགྱུར་ལ། ཁོ་ནི་ཁོ་རང་ཡིན། དེའི་སྟབས་ཀྱིས་དབང་ཕྱུག་གིས་བུ་ལ་བཅངས་པའི་རེ་བ་བརྗོད་སྐབས། ང་རང་དབང་ཕྱུག་ཕ་བུ་གཉིས་ཀྱི་དོན་ལ་སེམས་ཁྲལ་སྐྱེས།
        གསའ་ཚང་གི་ཉེ་འགྲམ་དུ་སྡོད་སྐབས། དབང་ཕྱུག་གིས་མཐོང་བ་ནི་ཉིན་རེའི་སྔ་དྲོའི་ཆུ་ཚོད6པ་ལྷག་ལ། གསའ་མ་ཚང་གི་ཕྱི་རོལ་དུ་ཟས་འཚོལ་བར་འགྲོ་བཞིན་ཡོད་ལ། སྟབས་ལེགས་ན་ཁ་ཟས་མྱུར་དུ་རྙེད་ཐུབ། ཕྱི་དྲོ་ཆུ་ཚོད5པ་ནས་ཆུ་ཚོད6པའི་སྐབས་སུ། གསའ་མས་དུས་ལྟར་ཟས་ཁུར་ཡོང་ནས་ཕྲུ་གུ་ལ་སྟེར་བ་རེད། ཐེངས་ཤིག་ལ། ཕྱིར་ཡོང་བ་ཤིན་ཏུ་འཕྱི་སྟེ་དགོང་མོའི་ཆུ་ཚོད9པའི་རྗེས་སུ་ད་གཟོད་ཕྱིར་ཚང་ནང་དུ་ལོག་ཡོང་བ་དེ་ལས་ཤེས་པ་ནི་ཉིན་དེར་ཁ་ལ་ཟས་ཅི་ཡང་མ་རྙེད་པ་ཤེས་ཐུབ། འདིའི་སྐབས་སུ་དབང་ཕྱུག་གིས་དེ་ཚོར་ཟས་སྟེར་བཞིན་ཡོད་ལ། དེའི་ཁྲོད་དུ་ཟོག་གི་རྐང་པ་དང་། ར་ཤ་ཡང་ཡོད་ལ།དེ་ཚོ་ཚང་མ་གསར་དུ་ཤི་བའི་ར་མ་ཞིག་གི་ཤ་ཡིན་ཏེ། ཁོ་རང་གསའ་གཟིག་གི་ཚང་འགྲམ་དུ་བསྡད་པའི་ཉིན་དེའི་ཕྱི་དྲོར། ར་མ་ཞིག་ལྕགས་དྲའི་སྟེང་ཐོགས་ཏེ་ཤི་ཡོད་པས། ཁོས་ར་ཤ་ཁྱེར་ནས་གསའ་གཟིག་ལ་བྱིན་པ་རེད།
        དེ་རིང་གི་མདོ་དབུས་མཐོ་སྒང་ངམ་གཙང་གསུམ་འབྱུང་ཡུལ་དུ་གསའ་ཅི་ཙམ་ཡོད་པ་སུས་ཀྱང་གསལ་པོར་བཤད་མི་ཐུབ་མོད། འོན་ཀྱང་ལོ་ངོ་ཉི་ཤུའི་སྔོན་དང་བསྡུར་ན་གསའ་གཟིག་དངོས་གནས་ཇེ་མང་དུ་སོང་འདུག་པ་རེད།
        ལོ20ཡི་ཡར་སྔོན་ལ། མདོ་དབུས་མཐོ་སྒང་ཡོངས་སུ་གསའ་གཟིག་མཐོང་མྱོང་བའི་མི་ནི་མཛུབ་མོ་ནང་དུ་བཀུག་སྟེ་བརྩི་ཐུབ་མོད། ད་ལྟ་གཟའ་གཟིག་འཚོ་ཡུལ་གྱི་ཐག་ཉེར་ཡོད་པའི་འབྲོག་པ་མང་པོ་ཞིག་གིས་མཐོང་མྱོང་བར་མ་ཟད། གསའ་གཟིག་མཐོང་མྱོང་བའི་མི་དང་མཐོང་བའི་གྲངས་ཀ་ཇེ་མང་ནས་ཇེ་མང་དུ་གྱུར། ལ་ལ་ཞིག་གིས་ཐག་ཉེ་ནས་ལྟ་ཞིབ་དང་པར་བླངས་མྱོང་། ལ་ལས་ཐ་ན་ཁ་ཟས་ལག་ཏུ་མི་རྙེད་པའི་གསའ་གསོས་མྱོང་ལ། གསའ་རྨས་མ་བསྐྱབས་ཀྱང་མྱོང་།
        འོན་ཀྱང་ད་ལྟར། ཉིན་རེའི་དམར་ཕྱིའི་བརྙན་མིག་གིས་གསའི་འགུལ་སྐྱོད་པར་དུ་བླངས་ཡོད་ལ། འབྲོག་པ་མང་པོ་ཞིག་གིས་ཁ་པར་གྱིས་གསའ་པར་དུ་བླངས་ཏེ། འབྲོག་མི་རེ་རེའི་ཁ་པར་ནང་ན་གསའ་འགའ་རེ་བྲེལ་འཚུབ་མེད་པར་འགྲོ་བཞིན་པ་མཐོང་། ད་དུང་སྐབས་ངེས་མེད་དུ་ཕྱིར་མིག་ལྟ་བཞིན་ཡོད། གལ་ཏེ་དམངས་ཁྲོད་ནས་བླངས་པའི་གསའ་གཟིག་གི་པར་འདི་དག་བརྙན་པར་ཞིག་ཏུ་བསྡུ་སྒྲིག་བྱས་ཏེ་བརྙན་རིས་ཤིག་བཟོ་ཐུབ་ན་བརྙན་རིས་འགྲན་ཟླ་མེད་པ་ཞིག་འཁྱོངས་ངེས་ལ། པར་རིས་ཀྱི་སྤུས་ཀ་ཅུང་ཞན་ཡང་ཟིན་ཐོ་ངོ་མ་འདི་ཡི་སྤུས་ཀས་འཛམ་གླིང་ལ་གྲགས་འགུལ་བཟོ་ངེས། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1