གཙོ་ངོས།>> ཁྲིམས་ལུགས།>>སྲིད་ཇུས་འགྲེལ་བཤད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༢༠ལོའི་ཟླ་བ་༡༡ཚེས་༡༣ཉིན།

༄༅།།རྨོ་ཞིང་གི་ནང་དུ་ཁང་པ་ལས་པ་གཏན་འགོག་བྱེད་དགོས།

        ཉེ་ཆར། གསར་འགོད་པ་ཧོ་པེ་དང་ཧོ་ནན། ཀུའེ་ཀྲོའུ། ཀོང་ཞི་སོགས་ཀྱི་ཞིང་ལས་ས་ཁུལ་དུ་སོང་ནས་བརྟག་དཔྱད་ཞིབ་འཇུག་བྱས་པ་ལྟར་ན། རྨོ་ཞིང་གི་ནང་དུ་ཁྲིམས་འགལ་སྒོས་ཁང་པ་ལས་པ་དང་གཞིས་མིན་སྤྲོ་ཁང་ལས་པ།ཁང་པ་ལམ་ཁར་ལས་པ་སོགས་ཀྱི་གནས་ཚུལ་ཧ་ཅང་ཚབས་ཆེན་རེད།བཅར་འདྲི་དང་ལེན་བྱེད་མཁན་གྱིས་ཀྱང་བྱེད་ཐབས་སྣ་མང་བཏོན་ནས།གཤོང་འགོག་ཟུང་འབྲེལ་བྱེད་དགོས་པའི་རེ་བ་འདོན་གྱིན་ཡོད།ཞིང་པའི་སྡོད་ཁང་གི་དགོས་མཁོ་ལུགས་མཐུན་སྒོས་འགན་སྲུང་དང་།ལས་མ་ཐག་ཏུ་བཤིག་པའི་གནད་དོན་བསྒྱུར་བཅོས་བྱེད་པ་དང་མཉམ་དུ།རྨོ་ཞིང་གི་ནང་དུ་གང་འདོད་ཀྱིས་ཁང་པ་ལས་པའི་གནས་ཚུལ་མཐའ་གཅིག་ཏུ་བཀག་འགོག་བྱས་ཏེ།རྨོ་ཞིང་སྲུང་སྐྱོང་བྱེད་པའི་དམར་ཐིག་དམ་སྲུང་བྱེད་དགོས།

★རྨོ་ཞིང་གི་ནང་དུ་ཁང་པ་ལས་པའི་གནས་ཚུལ་ཧ་ཅང་ཛ་དྲག་ཡིན་པ།
        2012ལོར།ཧོ་པེ་ཐང་ཧྲན་གྲོང་ཁྱེར་ཧན་ཁྲེང་གྲོང་རྡལ་མཐའ་འཁོར་གྱི་རྨོ་ཞིང་གི་ནང་དུ་སྔ་གཞུག་ཏུ་གཞིས་མིན་སྤྲོ་ཁང200ལྷག་ལས་ཤིང་།ཁང་པ་ལས་མཁན་མང་ཆེ་ཤོས་ཤིག་ས་ཆ་དེའི་ཞིང་པ་ཡིན་ལ།ཉུང་ཤས་ནི་ཕྱི་རོལ་གྱི་མིས་གནས་དེ་ནས་རྨོ་ཞིང་ཉོས་རྗེས་ཁང་པ་ལས་པ་རེད།
        རྨོ་ཞིང་བདག་ཏུ་བཟུང་ནས་ཁང་པ་ལས་པའི་གནས་ཚུལ་གྱིས་ས་གནས་དེའི་སྡེ་བ་མང་པོའི་རྨོ་ཞིང་ཐོན་ཁུངས་ལ་གཏོར་བརླག་ཚབས་ཆེན་ཐེབས་ཤིང་།སྡེ་མིའི་རྒྱུ་ནོར་ལ་གྱོང་གུན་ཐེབས་པར་མ་ཟད།ས་གནས་སྲིད་གཞུང་གི་སྣང་བརྙན་ལའང་གནོད་འཚེ་ཆེན་པོ་ཐེབས།བཅར་འདྲི་དང་ལེན་བྱེད་མཁན་གྱི་སྡེ་དམངས་འགས་རྨོ་ཞིང་གི་ནང་དུ་ཁང་པ་ལས་པའི་བྱ་སྤྱོད་བྱུང་ནས་ལོ་ངོ་མང་པོ་འགོར་ཡོད་པས།གལ་ཏེ་དེ་ཁྲིམས་དང་འགལ་བ་ཞིག་ཡིན་ན།སྔ་མོ་ནས་བཀག་འགོག་མི་བྱེད་དོན་ཅི་ཡིན་ཞེས་གསར་འགོད་པར་དོགས་འདྲི་བྱས།
        རྨོ་ཞིང་གི་ནང་དུ་ཁང་པ་ལས་པའི་སྣང་ཚུལ་གྱི་ཁྲོད་དུ་ད་རུང་བསམ་བཞིན་དུ་ལས་པའི་གནས་ཚུལ་འདུས་ཡོད།ཞིང་པ་ཁ་ཤས་ཀྱིས་བསམ་བཞིན་དུ་རྨོ་ཞིང་བདག་བཟུང་དང་བཙན་བཟུང་བྱས་ཏེ་ཁང་པ་དང་སྡོང་ར།ཉ་རྫིང་སོགས་ལས་པས།གཞི་རྩའི་ཞིང་ས་བཀོལ་སྤྱོད་བྱེད་ཐབས་མེད་པའི་གནས་ཚུལ་བཟོས་ཡོད་ལ།དེ་ནི་གཙོ་བོ་གནས་སྤོ་ཁ་གསབ་ལེན་པ་དང་གཞིས་ས་ཉོ་ཚོང་བྱེད་པ།ཚོང་རའི་གཉེར་འཚོང་བྱེད་པ་སོགས་ཀྱི་ཆེད་དུ་རེད།

★བཀག་འགོག་བྱེད་དཀའ་བའི་རྒྱུ་མཚན་ཅི་ཡིན་ནམ།
        ཉེ་བའི་ལོ་འདི་འགར།ས་གནས་སོ་སོ་དང་སྡེ་ཁག་སོ་སོས་མཉམ་འབྲེལ་སྒོས་ཞིང་སྡེའི་རྨོ་ཞིང་ནང་དུ་གང་འདོད་ཀྱིས་ཁང་པ་ལས་པའི་གནས་ཚུལ་ལེགས་སྒྱུར་བྱེད་པར།འཇིགས་སྐུལ་གྱི་ནུས་པ་ངེས་ཅན་ཞིག་ཐོན་ཡོད་མོད།འོན་ཀྱང་རྨོ་ཞིང་གི་ནང་དུ་ཁྲིམས་འགལ་སྒོས་ཁང་བ་ལས་པར་རྡུང་རྡེག་གཏོང་བའི་ཐད་ནས་དཀའ་ཁག་མི་ཉུང་བར་འཕྲད་སྲིད།
        གཅིག་ནས་ཞིང་པ་ཁ་ཤས་ཀྱི་ལུགས་དང་མཐུན་པའི་གཞིས་སའི་དགོས་མཁོར་འགན་སྲུང་ཐོབ་དཀའ་བས་རེད།ཞིང་ལས་ས་ཁུལ་ཁ་ཤས་སུ་མི་གྲངས་ཇེ་མང་དུ་སོང་ནའང་རྨོ་ཞིང་ཇེ་མང་དུ་མི་གཏོང་བའི་སྲིད་ཇུས་ལག་བསྟར་བྱེད་ཀྱིན་ཡོད།འཚོ་བའི་ཆུ་ཚད་བསྟུད་མར་ཇེ་མཐོར་སོང་བ་དང་བསྟུན་ནས།ཞིང་པའི་སྡོད་ཁང་ཆ་རྐྱེན་ལེགས་སྒྱུར་བྱེད་འདོད་ཀྱི་རེ་སྨོན་ཇེ་མཐོ་ནས་ཇེ་མཐོ་ཡིན་པ་དང་།དུས་མཚུངས་སུ་བཟའ་སྒྲིག་བྱས་ཏེ་ཕྲུ་གུ་སྐྱེས་པ་སོགས་ཀྱི་དབང་གིས།དངོས་གནས་སྡོད་ཁང་གི་དགོས་མཁོ་ཡོད་མཁན་རྣམས་ལ་གཞིས་ས་མེད་པའི་གནས་ཚུལ་བྱུང་ཡོད།
        གཉིས་ནས་ཞིང་སྡེའི་འཆར་འགོད་རྗེས་ལུས་ཡིན་པས།ཁྲིམས་ལྟར་ས་ཞིང་བེད་སྤྱོད་བྱེད་པའི་འདུ་ཤེས་ཧ་ཅང་ཞན།ཧོ་ནན་ཞིང་ཆེན་ཡོངས་ཀྱི་སྲིད་འཛིན་སྡེ་བ་ཁྲི4.58ཡི་ནང་དུ།སྡེ་བ་ཁྲི2.6ལ་སྡེ་བའི་འཆར་འགོད་གང་ཡང་མེད་ལ།ཡོད་པ་རྣམས་ཀྱང་གནས་ཚུལ་དང་མི་མཐུན་པའམ་ཡང་ན་བཀོལ་སྤྱོད་བྱེད་པར་མི་འཚམ་པ་རེད།
        གསུམ་ནས་ཁེ་ཕན་ལ་ཐུག་ཡོད་པས་ས་ཞིང་ཉོ་ཚོང་གི་བྱ་སྤྱོད་དེ་བཀག་འགོག་བྱེད་དཀའ་བ་རེད།གྲོང་ཁྱེར་སྡོད་ཁང་གི་ཤུགས་རྐྱེན་འོག ཞིང་པ་ཁ་ཤས་ཀྱིས་ཀྱང་རང་ཉིད་ཀྱིས་འགན་གཙང་ལེན་བྱས་ཡོད་པའི་རྨོ་ཞིང་དང་ཞིང་སྡེའི་གཞིས་ས་ཁྲིམས་འགལ་སྒོས་ཉོ་ཚོང་བྱེད་ཀྱིན་འདུག གྲོང་ཁྱེར་གྱི་གཞིས་དམངས་ཁ་ཤས་ཀྱིས་གྲོང་ཁྱེར་མཐའ་འཁོར་གྱི་གྲོང་གསེབ་ནས་ཁྲིམས་འགལ་སྒོས་ས་ཞིང་ཉོས་ཏེ་ཁང་པ་ལས་པའི་གནས་ཚུལ་ཧ་ཅང་མང་ལ།དུས་མཚུངས་སུ་ཞིང་པ་དང་སྤྱི་ཚོགས་མི་སྣ་ཁ་ཤས་ཀྱིས་ཀྱང་བཟོ་བཀོད་ཆེན་པོའི་གནས་ཡུལ་དང་གཞུང་ལམ་ལས་ཡུལ་དུ་ཚུད་པ་སོགས་ཀྱི་ཆ་འཕྲིན་སྔོན་ལ་ཤེས་རྗེས་རྨོ་ཞིང་གི་ནང་དུ་ཁང་པ་ལས་ནས་ཁེ་ཕན་སྐྲུན་བཞིན་ཡོད།
        བཞི་ནས་ཁྲིམས་འགལ་སྒོས་རྨོ་ཞིང་གི་ནང་དུ་ཁང་བ་ལས་པར་རྡུང་རྡེག་གཏོང་བའི་ཐད་ཡུན་ཕན་ནང་རྐྱེན་གང་ཡང་མེད།ཁྲིམས་འགལ་སྒོས་རྨོ་ཞིང་བདག་བཟུང་བྱས་པའི་གནད་དོན་མང་ཞིང་།ས་ཞིང་ཐད་ཀྱི་ཁྲིམས་ལུགས་སྐྱོང་སྐབས་གོ་རིམ་རྙོག་འཛིང་ཡིན་པ་དང་དུས་ཡུན་རིང་བ།བྱེད་ཐབས་ནུས་མེད་ཡིན་པ་སོགས་ཀྱི་དཀའ་གནད་མང་པོ་འདུས།

★རྨོ་ཞིང་སྲུང་སྐྱོང་བྱེད་པའི་ཐད་གུ་ཡངས་སུ་གཏན་ནས་གཏོང་མི་རུང་།
        ཁྲིམས་འགལ་སྒོས་རྨོ་ཞིང་གི་ནང་དུ་ཁང་པ་ལས་པའི་བྱ་སྤྱོད་ལ་ཁ་གཏད་དེ།རང་བྱུང་ཐོན་ཁུངས་པུའུ་དང་ཞིང་ལས་ཞིང་སྡེ་པུའུ་ཡིས་ཉེ་ཆར་མཉམ་འབྲེལ་སྒོས《གྲོང་གསེབ་ཀྱི་རྨོ་ཞིང་སྟེང་ཁང་པ་ལས་པའི་བྱ་སྤྱོད་ཐད“མི་ཆོག་པ་བརྒྱད”བཏོན་པའི་སྐོར་གྱི་བརྡ་སྦྱོར》དང《གྲོང་གསེབ་ཀྱི་གྲོང་མིས་སྡོད་ཁང་ལས་པར་ས་ཞིང་ལུགས་མཐུན་ངང་བེད་སྤྱོད་བྱེད་དགོས་པའི་སྐོར་གྱི་བརྡ་སྦྱོར》བཀྲམས་ཏེ།ཞིང་པའི་ལུགས་མཐུན་གྱི་སྡོད་ཁང་དགོས་མཁོ་འགན་སྲུང་བྱེད་པ་དང་མཉམ་དུ།གཙོ་བོ་བཙན་བཟུང་དང་མང་བཟུང་།ཁྲིམས་འགལ་སྒོས་ཕྱིར་འཚོང་བྱེད་པ་སོགས་ཀྱི་བསམ་ངན་བཅངས་ནས་ས་ཞིང་བདག་བཟུང་བྱས་པའི་བྱ་སྤྱོད་ལེགས་བསྒྱུར་བྱེད་དགོས་པ་དང་།གུ་ཡངས་གཏན་ནས་མེད་པའི་རྣམ་འགྱུར་གྱིས་ཁྲིམས་འགལ་སྒྲིག་འགལ་གྱི་གནད་དོན་ཇེ་མང་དུ་མི་ཡོང་བ་བྱེད་དགོས་པ་གསལ་པོར་བཏོན་ཡོད།
        བཅར་འདྲི་དང་ལེན་བྱེད་མཁན་གྱིས་གཤོང་འགོག་ཟུང་འབྲེལ་བྱེད་པའི་བྱ་བ་མུ་མཐུད་དུ་ལེགས་པར་བསྒྲུབ་དགོས་པའི་གྲོས་གཞི་འདོན་གྱིན་ཡོད།ཐོག་མར་རྫོང་དང་ཞང་གྲོང་རིམ་པ་གཉིས་ཀྱི་སྲིད་གཞུང་གིས་ས་གནས་ཀྱི་རྨོ་ཞིང་དང་གཞི་རྩའི་ཞིང་སར་འགན་འཁྲི་གཙོ་བོ་འཁུར་ཚད་ཇེ་དྲག་ཏུ་བཏང་ནས།ཁྲིམས་འགལ་སྒོས་ས་ཞིང་སྟེང་ཁང་པ་ལས་པའི་གནས་ཚུལ་འབྱུང་མང་བ་དང་བཀག་འགོག་བྱེད་དཀའ་བ།གནས་ཚུལ་ཚབས་ཆེན་ཡིན་པ་བཅས་ས་གནས་ཀྱི་ཏང་སྲིད་འགན་འཁྲི་པ་དང་འབྲེལ་ཡོད་མགོ་ཁྲིད་ཀྱི་འགན་འཁྲི་རྩད་གཅོད་ནན་མོ་བྱེད་དགོས།རང་བྱུང་ཐོན་ཁུངས་དང་ཞིང་ལས་ཞིང་སྡེ་སྡེ་ཁག་གི་ལྟ་སྐུལ་འགན་འཁྲི་ནན་འཛིན་བྱས་ཏེ།སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ས་ཞིང་ཁྲིམས་འགལ་བྱ་སྤྱོད་བཀག་འགོག་བྱེད་པའི་ཕྱོགས་ཀྱི་ནུས་པ་ཇེ་དྲག་ཏུ་གཏོང་དགོས།
        ཁྲིམས་སྐྱོང་ལྟ་སྐུལ་མུ་མཐུད་དུ་ཇེ་དྲག་ཏུ་བཏང་སྟེ།གོ་རིམ་ལྡན་པའི་སྒོ་ནས་ལེགས་སྒྱུར་བྱེད་དགོས།སྔ་མོ་ནས་ཤེས་པ་དང་སྔ་མོ་ནས་འགོག་པ།སྔ་མོ་ནས་ཐག་གཅོད་བྱེད་པ་བཅས་ཀྱིས།རྨོ་ཞིང་གི་ནང་དུ་ཁང་བ་ལས་པའི་བྱ་སྤྱོད་ཀྱི་ཁྲིམས་འགལ་མ་རྩ་ཇེ་མཐོར་གཏོང་དགོས་པར་མ་ཟད།ཁྲིམས་སྐྱོང་རྟོག་ཞིབ་ཀྱི་ཐུན་མོང་འགན་འཁྲིའི་ནང་རྐྱེན་དང་མཉམ་འབྲེལ་ཆད་གཅོད་ནང་རྐྱེན་བཙུགས་ནས།རྨོ་ཞིང་གང་འདོད་དུ་བདག་བཟུང་བྱས་ཏེ་ཁང་པ་ལས་པའི་སྣང་ཚུལ་གཏན་འགོག་བྱེད་པ་དང་།རྨོ་ཞིང་སྲུང་སྐྱོབ་བྱེད་པའི་དམར་ཐིག་དམ་པོར་སྲུང་དགོས།
        དེ་ནས་ས་ཆ་ཁ་ཤས་ཀྱི་འཆར་འགོད་དེ་ས་གནས་ཀྱི་གནས་ཚུལ་དང་མི་མཐུན་པའི་གནད་དོན་ལ་ཁ་གཏད་དེ།སྡེ་བའི་གནས་ཚུལ་དང་མཐུན་པའི་འཆར་འགོད་བཙུགས་ནས།ཞིང་པའི་སྡོད་ཁང་འཛུགས་སྐྲུན་ཚད་ལྡན་དུ་གཏོང་བ་དང་།དུས་མཉམ་དུ་ཞིང་པའི་སྡོད་ཁང་གི་དགོས་མཁོར་མགོ་ཁུངས་ནས་ལུགས་མཐུན་ངང་འགན་སྲུང་བྱེད་དགོས། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1