མའོ་རྫོང་ཁྲི་པུའུ་སུའུ་གྲོང་རྡལ་ཁྲི་པུའུ་སུའུ་གྲོང་སྡེས་ཐོན་ལས་ཀྱི་གྲུབ་ཚུལ་ལེགས་སྒྲིག་བྱས་ཚུལ་བཀོད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བ་བོད་ཡིག་གསར་འགྱུར། སྤེལ་དུས། 11-13



ཁྲི་པུའུ་སུའུ་གྲོང་སྡེའི་ཁྱད་ལྡན་ཞིང་ལས་ཐོན་ལས་གླིང་།

     ཤིང་ཏོག་དང་སྔོ་ཚལ་བར་འདེབས་ནི་སྲོལ་རྒྱུན་གྱི་ནགས་འོག་དཔལ་འབྱོར་གྱི་རིམ་སྤོར་ཞིག་ཡིན། ཞིང་ལས་མཁས་པས་མུའུ་གཅིག་གི་ཐོན་རྫས་རིན་ཐང་སྒོར་ཁྲི་4ཙམ་ཟིན་ཐུབ་ཟེར། དང་ཐོག་ངས་དོགས་པ་སྐྱེས་མྱོང་མོད། འོན་ཀྱང་ད་སྐབས་ཀྱི་གནས་ཚུལ་འདི་ལ་བལྟས་ན་ཧ་ཅང་དགའ་འོས་པ་ཞིག་རེད་ཅེས་མའོ་རྫོང་ཁྲི་པུའུ་སུའུ་གྲོང་རྡལ་ཁྲི་པུའུ་སུའུ་གྲོང་སྡེའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཝང་ཁྲེང་ལུང་གིས་བཤད།
     མའོ་རྫོང་ཚན་རིག་ལག་རྩལ་དང་ཞིང་ཕྱུགས་ལས་ཅུས་ཀྱི་ཅུས་ཀྲང་ཀྲོའུ་ཧྲུན་ཡིའུ་ཡིས། ཉེ་བའི་ལོ་འགའི་རིང་ལ། ང་ཚོ་རྒྱལ་ཡོངས་ཀྱི་ས་གནས་སོ་སོར་སོང་ནས་ཆེས་སྤུས་ལེགས་དང་ཐོན་ཚད་མཐོ་བའི་སིལ་སྡོང་གི་ས་བོན་བཙལ་བ་དང་། ས་བོན་བཙལ་རྗེས་བརྟག་ཞིབ་བྱས་ནས་ཚོད་འདེབས་ཀྱང་བྱས། མའོ་རྫོང་གི་ཡུལ་ཚོ་དང་གྲོང་རྡལ་ཁག་གི་ས་ཁམས་ཆ་རྐྱེན་དང་། ས་རྒྱུའི་ཆ་རྐྱེན། གནམ་གཤིས་ཀྱི་ཆ་རྐྱེན་བཅས་མི་འདྲ་བས། ང་ཚོས་ས་ཁུལ་བགོས་ནས་ཚོད་འདེབས་བྱས་ཡོད་ཅེས་བཤད།
     ཁྲི་པུའུ་སུའུ་གྲོང་སྡེ་ནི་རི་སྐེད་དུ་ཆགས་ཡོད་ལ། ཞིང་ས་དཀོན་པས་སྡེ་མི་རེར་ཆ་སྙོམས་ཞིང་ས་མུའུ་0.84ལས་མེད། ཉེ་བའི་ལོ་ཤས་རིང་། ཁྲི་པུའུ་སུའུ་གྲོང་སྡེའི་ཞིང་ས་མུའུ་700ལྷག་ལས་མུའུ་600ལྷག་ལ་མའོ་རྫོང་གི་ཤིང་ཏོག་ལི་སོབ་བཙུགས་ཡོད་པ་དང་། དེའི་ལྷག་མའི་ཞིང་ས་རུ་ཀུ་ཤུའི་རིགས་གསར་བ་ཚོད་འཛུབས་བྱས་ཡོད། དང་ཐོག་སྡེ་མི་མང་བོ་ཞིག་གིས་དེ་དང་ལེན་མ་བྱས། 2018ལོར་ཀུ་ཤུའི་རིགས་གསར་བ་ཚོད་འཛུགས་བྱེད་མཁན་གྲོང་སྡེའི་ལས་བྱེད་པ་ཝང་ཁྲེང་ལུང་དང་སྡེ་མི་དབྱང་ཝེ་ཀང་གཉིས་མ་གཏོགས་མེད།
     2018ལོར། དབྱང་ཝེ་ཀང་གིས་སྡོད་ཁང་གི་རྒྱབ་ཕྱོགས་སུ་ཞིང་ས་མུའུ་1ལྷག་སྤྱད་དེ་ཀུ་ཤུའི་རིགས་གསར་བ་བཙུགས་པ་དང་། ཤིང་སྡོང་ཁྲོད་ཀྲུང་ལུགས་སྨན་རྫས་བར་འདེབས་བྱས། དབྱང་ཝེ་ཀང་གིས་འདེབས་འཛུགས་བྱེད་པའི་གོ་རིམ་ཁྲོད། སྐྱེ་ཁམས་ཅན་དང་ཚད་ལྡན་ཅན། ཚན་རིག་ཅན་བཅས་ཀྱི་སྤུས་ལེགས་ཐོན་རྫས་གསོ་སྐྱོང་བྱེད་པའི་ཚད་གཞི་བརྩི་སྲུང་ནན་མོ་བྱས་པ་དང་། ཤིང་ཏོག་གསོ་སྐྱོང་གི་བརྒྱུད་རིམ་ཧྲིལ་བོར་ལྷོད་གཡེང་སྤུ་ཙམ་མ་བྱས་པས། ཁོས་བཙུགས་པའི་ཀུ་ཤུ་ཆེ་ལ་བྲོ་བ་ཞིམ་པར་མ་ཟད། ཐོན་ཚད་ཀྱང་མང་།
     དབྱང་ཝེ་ཀང་གིས་འཁྱུག་དབྱངས་དང་སྐད་འཕྲིན་སོགས་ཀྱི་སྟེགས་བུ་བརྒྱུད། ཁྲི་པུའུ་སུའུ་གྲོང་སྡེའི་ཀུ་ཤུའི་རིགས་གསར་བ་དྲིལ་བསྒྲགས་བྱས་ཤིང་། ཁྲི་པུའུ་སུའུ་གྲོང་སྡེའི་དམིགས་བསལ་གྱི་ས་དབྱིབས་དང་། ཁྱད་དུ་འཕགས་པའི་སྐྱེ་ཁམས་ཁོར་ཡུག གཞན་དང་མི་འདྲ་བའི་ས་རྒྱུའི་ཆ་རྐྱེན། དེ་མིན་ཚན་རིག་དང་མཐུན་ལ་ཚད་ལྡན་གྱི་འདེབས་འཛུགས་བརྒྱུད་རིམ་བཅས་ཀྱིས་དྲྭ་གྲོགས་མང་བོ་ཞིག་གིས་ཡིད་དབང་འཕྲོག་ཡོད།

སྐྱེ་ཚུལ་ལེགས་པའི་ཀུ་ཤུའི་རིགས་གསར་བ།
     2019ལོའི་སྟོན་ཀར། དབྱང་ཝེ་ཀང་གིས་མུའུ་1ལྷག་བཙུགས་པའི་ཀུ་ཤུའི་རིགས་གསར་བའི་ཚོང་ལམ་ཡག་རྗེས། དེ་བས་སྡེ་མི་མང་བོས་ཀུ་ཤུའི་རིགས་གསར་བ་དེ་བཙུགས།
     ཁྲི་པུའུ་སུའུ་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་ཧུའུ་ཕུང་གིས་དབྱང་ཝེ་ཀང་ལ། ཀུ་ཤུའི་རིགས་གསར་བ་ལོ་གཉིས་ཀྱི་རྗེས་སུ་ཐོན་ལེགས་བྱུང་བ་དང་། མུའུ་རེར་ཐོན་ཚད་རྒྱ་མ་6000ཡན་ཟིན་ཡོད་ལ། ད་ལྟ་ཞིང་ཁའི་ཉོ་སྒྲུབ་རིན་གོང་རྒྱ་མ་རེར་སྒོར་5ཡིན་པ་ལྟར་བརྩིས་ན་མུའུ་རེར་སྒོར་30000སླེབས་ཐུབ། ན་ནིང་དྲྭ་ཐོག་ནས་ཕྱིར་ཚོང་བྱས་པའི་ཆ་སྙོམས་རིན་གོང་ལྟར་བརྩིས་ན་མུའུ་རེར་སྒོར་40000སླེབས་ཐུབ། སྡེ་མི་གཞན་དག་གིས་ཤིང་ཏོག་དང་སྔོ་ཚལ་བར་འདེབས་བྱས་ཤིང་། སྔོ་ཚལ་དུས་ཚིགས་གཉིས་ནས་གསུམ་བར་བཏབ་ཆོག་ལ། ཡོང་འབབ་སྒོར་10000སླེབས་ཐུབ་པ་དང་། ཀུ་ཤུའི་ཡོང་འབབ་སྒོར་30000སླེབས་ཐུབ། དེ་ལྟར་བྱས་ན་ཞིང་ས་མུའུ་གཅིག་ཏུ་ཡོང་འབབ་སྒོར་40000སླེབས་ཐུབ་ཅེས་བཤད།
     མའོ་རྫོང་གི་རྫོང་ཨུ་དང་རྫོང་སྲིད་གཞུང་གི་འཆར་གཞི་ལྟར་ན། ད་ལོར་རྫོང་ཡོངས་ཀྱིས་རིགས་གསར་བའི་ཀུ་ཤུའི་སྡོང་བོ་འཛུགས་ཁྱོན་མུའུ་500ཟིན་ཡོད་ལ། དེ་ལས་ཁྲི་པུའུ་སུའུ་གྲོང་རྡལ་གྱིས་མུའུ་200ཟིན་ཡོད། སྲོལ་རྒྱུན་གྱི་ཞིང་ལས་མུའུ་རེར་ཡོང་འབབ་སྒོར་སྟོང་ནས་མའོ་རྫོང་གི་ཤིང་ཏོག་ལི་མུའུ་རེར་ཡོང་འབབ་སྒོར་ཁྲི་ཡན་ཟིན་པ་དང་། ད་དུང་ཤིང་ཏོག་དང་སྔོ་ཚལ་བར་འདེབས་བྱས་ནས་མུའུ་རེར་ཡོང་འབབ་སྒོར་40000ལས་བརྒལ། མའོ་རྫོང་དུ་སྐྱེ་ཁམས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཏམ་རྒྱུད་གཅིག་རྗེས་གཉིས་མཐུད་ངང་སྟོན་བཞིན་ཡོད་དོ།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1