གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། ༢༠༢༠ལོའི་ཟླ་བ་༡༡ཚེས་༡༣ཉིན།

ཞི་ཅིན་ཕིང་གིས་བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་ཐད་ལ་མཛུབ་སྟོན་གལ་ཆེན་གནང་།

        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་ཐད་མཛུབ་སྟོན་གལ་ཆེན་གནང་སྟེ་བསྟན་དོན།  ཉེ་བའི་ལོ་འགའི་རིང་། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཁག་ཁག་གིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱས་ཤིང་།  ཏན་ཏན་ཏིག་ཏིག་སྒོས་བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་བྱས་ནས། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་བརྟན་འཇགས་སྲུང་སྐྱོབ་བྱེད་པ། མི་དམངས་ཀྱི་བདེ་འཇགས་ལ་འགན་ལེན་བྱེད་པར་བྱས་རྗེས་གལ་ཆེན་བཞག་ཟེར།
        ཞི་ཅིན་ཕིང་གིས་བསྟན་དོན། ཆུ་ཚད་དེ་བས་མཐོ་བའི་བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་བྱེད་པར་དོན་སྙིང་གལ་ཆེན་ལྡན་པས། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཁག་ཁག་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་ནན་མོ་བྱས་ཏེ། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་དངོས་འབེབས་བྱེད་པ་དང་། མཉམ་སྐྲུན་དང་མཉམ་བཅོས། མཉམ་སྤྱོད་བཅས་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་ལ། རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་འཇགས། མི་དམངས་བདེ་འཇགས་ཡོང་བ་བཅས་ལ་གནོད་པའི་འབུར་ཐོན་གནད་དོན་ལ་དམིགས་ཏེ། གྲོང་ཁྱེར་མངའ་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། བདེ་འཇགས་གསར་སྐྲུན་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་ཞིང་གཞི་རིམ་རྩ་འཛུགས་དང་རྨང་གཞིའི་ལས་དོན། གཞི་རྩའི་ནུས་པ་བཅས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས་ལ།   བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་བྱེད་པ་དེ་ཚན་རིག་ཅན་དང་སྤྱི་ཚོགས་ཅན། ཁྲིམས་སྐྱོང་ཅན། རིག་ནུས་ཅན་དུ་བསྒྱུར་བའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་སུ་གཏོང་བ་དང་། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་།  བདེ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་བདེ་འཇགས་འཛུགས་སྐྲུན་གྱི་རྩ་འཛུགས་འགོ་ཁྲིད་ལ་ཤུགས་བསྣན་ཏེ།  སྒྲིག་སྲོལ་རང་བཞིན་དང་། རྐྱེན་སྲོལ་རང་བཞིན། སྲིད་ཇུས་རང་བཞིན་བཅས་ཀྱི་གནད་དོན་ལ་ཞིབ་འཇུག་དང་ཐག་གཅོད་བྱེད་པ་དང་།  ས་གནས་རང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ས་གནས་རང་གི་བདེ་འཇགས་ལ་འགན་སྲུང་བྱེད་པའི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་འཁུར་དགོས་ཟེར།
        བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་ལས་དོན་ཚོགས་འདུ་ཚེས་བཅུ་ཉིན་པེ་ཅིང་དུ་ཚོགས།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གོ་ཧྲིན་ཁུན་གྱིས་ཚོགས་ཐོག་ཏུ་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་བྱས་པར་མ་ཟད་གཏམ་བཤད།  ཁོས་བཤད་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་བཟང་བོར་བསྒྲུབ་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་སྤྱིའི་དམིགས་འབེན་དང་དམ་པོར་སྦྲེལ་ཞིང་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་དངོས་འབེབས་བྱས་ནས། མཉམ་སྐྲུན་དང་མཉམ་བཅོས། མཉམ་སྤྱོད་བཅས་ཁྲིད་ཕྱོགས་སུ་འཛིན་པ་དང་།  བདེ་འཇགས་དང་བརྟན་ལྷིང་ལ་གནོད་པའི་འབུར་ཐོན་ཉེན་ཁ་སྔོན་འགོག་དང་སེལ་ཐབས་བྱ་རྒྱུ་གཙོ་གནད་དུ་འཛིན་པ།  གྲོང་ཁྱེར་མངའ་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་དང་། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གསར་གཏོད། བདེ་འཇགས་གསར་སྐྲུན་བྱེད་སྒོ་དམ་འཛིན་བྱས་ནས།  ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་བྱེད་དགོས་ཟེར།
        རྒྱལ་སྲིད་ཨུ་ཡོན། སྤྱི་བདེ་པུའུ་ཡི་པུའུ་ཀྲང་ཀྲའོ་ཁེ་ཀྲི་དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲིག་ཆང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིང་དཔྱོད་དཔོན་པོ་ཀྲང་ཅུན་བཅས་ཚོགས་འདུར་ཞུགས།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1