གཙོ་ངོས།>> ཞིབ་འཇུག>>ཀུན་འདུས།

མིག་དམར་ལྷ་མོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་གོའི་བོད་རིག་པ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༡༡ཚེས་༡༣ཉིན།

༄༅།།བཞད་མཐོང་སྨོན་ཁུལ་གྱི་དམངས་ཁྲོད་ཀོ་བཟོའི་རྒྱུན་འཛིན་དང་འཕེལ་རྒྱས་སྐོར་གྱི་བསམ་གཞིགས།


 མིག་དམར་ལྷ་མོ།
གནད་བསྡུས། དཔྱད་རྩོམ་འདིར་གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་ཆབ་ཁ་གྲོང་རྡལ་ཆུ་ནུབ་གྲོང་ཚོའི་དམངས་ཁྲོད་ཀོ་བཟོའི་མཉམ་ལས་ཁང་དེ་དཔེ་མཚོན་དུ་བྱས་ནས། ས་ཁུལ་དེའི་ཁྱད་ཆོས་ལྡན་པའི་དམངས་ཁྲོད་ཀོ་ལྤགས་ལག་ཤེས་བཟོ་རྩལ་ངོ་སྤྲོད་དང་འབྲེལ་གང་དེའི་ད་ལྟའི་གནས་བབ་སོགས་ལ་ས་ཡུལ་དངོས་ཀྱི་རྟོག་ཞིབ་དང་། བཅར་འདྲིའི་ཐབས་ལམ་བརྒྱུད་དེ་གླེང་བརྗོད་བྱས་པ་མ་ཟད། སྒོས་སུ་དམངས་ཁྲོད་ཀྱི་ལག་ཤེས་བཟོ་རྩལ་དེ་ཉིད་མ་འོངས་པར་ཚན་རིག་དང་མཐུན་པའི་སྒོ་ནས་རྒྱུན་འཛིན་དང་འཕེལ་རྒྱས་ཇི་ལྟར་གཏོང་ཐབས་སྐོར་གླེང་འདུག
གནད་ཚིག དམངས་ཁྲོད་ཀོ་བཟོ། རྒྱུན་འཛིན། འཕེལ་རྒྱས། ཐབས་ལམ།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] TS54[ཡིག་ཚང་མཚོན་བྱང་།]A [རྩོམ་གི་གོ་རིམ་ཨང་སྒྲིག] 1005-5746(2019)02-149-14
       བོད་ཀྱི་དམངས་ཁྲོད་ལག་ཤེས་བཟོ་རྩལ་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་གལ་ཆེའི་གྲུབ་ཆ་ཞིག་ཡིན་ལ། ངོ་མཚར་ཆེ་བའི་བཟོ་ལས་ཤེས་རིག་བང་མཛོད་ནང་གི་འོད་སྟོང་འཕྲོ་བའི་ནོར་བུ་ཞིག་ཀྱང་ཡིན། སྤྱིར་འཛམ་གླིང་གི་མི་རིགས་ཁག་སོ་སོར་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཡོད་པ་དང་། མི་རིགས་གཅིག་ལ་ཆ་མཚོན་ན་ཡང་དེའི་ཡུལ་བབ་མི་འདྲ་བར་བརྟེན་ནས་རྩ་བ་གཅིག་ལས་གྱེས་པའི་ཡལ་ག་ལྟར་ཡུལ་བབ་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ཀྱི་ཡལ་ག་ཡང་གང་འཚམ་ཞིག་རྒྱས་ནས་གནས་ཡོད། རང་རེ་བོད་མི་རིགས་ལ་མཚོན་ན་ཡང་ལོ་རྒྱུས་ཀྱི་དུས་ཡུན་རིང་པོའི་ནང་། རང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྒྲིག་གཞི་ཆ་ཚང་བའི་དམངས་ཁྲོད་ཀྱི་ཀོ་ལྤགས་ལག་ཤེས་བཟོ་རྩལ་[1]ཞིག་གྲུབ་ཡོད་པ་ལས། འདིར་གཙོ་བོ་གཙང་ཕྱོགས་བཞད་མཐོང་སྨོན་རྫོང་གི་ས་ཡུལ་དངོས་ལ་ཐེངས་མང་བསྐྱོད་དེ་དམངས་ཁྲོད་ཀོ་ལྤགས་ལག་ཤེས་བཟོ་རྩལ་གྱི་བཟོ་བོ་རྒན་པོ་དོན་གྲུབ་ལགས་[2]དང་། ཁོང་གི་རྒྱུན་འཛིན་པ་ཚ་བོ་རྟ་མགྲིན་ལགས་[3]ལ་བཅར་འདྲི་ཞུས་པ་དང་སྦྲགས། འབྲེལ་ཡོད་ཀྱི་ཚན་པ་སོགས་ནས་རྒྱུས་མངའ་བྱུང་བའི་ཆ་འཕྲིན་ཁག་རྒྱབ་རྟེན་དུ་བྱས་ནས། དམངས་ཁྲོད་ཀྱི་ལག་ཤེས་བཟོ་རྩལ་དེའི་ད་ལྟའི་གནས་བབ་དང་། མ་འོངས་པའི་འཕེལ་རྒྱས་སྐོར་མདོར་བསྡུས་གླེང་བར་བྱའོ། །
       ཀོ་ཆས་དང་པགས་ཆས་ནི། བོད་ཀྱི་ཞིང་འབྲོག་ཁུལ་དུ་མེད་དུ་མི་རུང་བའི་འཚོ་བའི་མཁོ་ཆས་ཤིག་ཡིན་ཏེ། དེའང་གདོད་མའི་དུས་སུ་རང་ཅག་ཁ་བ་ཅན་གྱི་ལྗོངས་སུ་མེས་པོ་རྣམས་ཀྱིས་ས་མཐོའི་རང་བྱུང་ཁོར་ཡུག་གི་གནམ་གཤིས་དང་བསྟུན་ནས། གོས་སུ་ཤིང་ལོ་གྱོན་པ་དང་ཟས་སུ་ཤིང་ཏོག་བཟས་ནས་མིའི་རིགས་ཀྱི་འཚོ་གནས་ཀྱི་ལོ་རྒྱུས་ཡུན་རིང་ཞིག་བརྒྱུད་ཡོད་དེ། དེ་ཡང་《ཆོས་འབྱུང་མཁས་པའི་དགའ་སྟོན》ལས། “ལོ་ཏོག་ཟོས་པས་དེ་ཀུན་མི་ཉིད་གྱུར། །མ་རྨོས་འབྲུ་ཟ་གོས་སུ་ཤིང་ལོ་གྱོན། །ནགས་ན་རི་དྭགས་ལྟ་བུར་གནས་པ་ཡི། །ཀློ་དང་མོན་ལྟར་སྤྱོད་པས་བོད་ཡུལ་གང་། །”[4]ཞེས་བཀོད་ཡོད་པ་ལས་རྟོགས་ཐུབ་ཅིང་། དེ་རྗེས་རིམ་བཞིན་རང་གི་བློ་རིག་གི་རྩལ་ལ་བརྟེན་ནས། གོས་སུ་རི་དྭགས་ཀྱི་པགས་པ་གྱོན་ཞིང་ཟས་སུ་རི་དྭགས་ཀྱི་ཤ་རིགས་ཟ་བ་དང་རི་དྭགས་རྣམས་ཀྱང་རིམ་གྱིས་སྒོ་ཕྱུགས་སུ་བཏུལ་སྐྱོང་བྱས་པ་སྟེ། “བོད་ཀྱི་ལོ་རྒྱུས་ལས་འབྲོང་ཕོ་མོ་གཡག་དང་འབྲི་རུ་བཏུལ། དགོ་བ་ཕོ་མོ་ལུག་ཏུ་བཏུལ། ཤ་བ་ཕོ་མོ་བ་གླང་དུ་བཏུལ། གླ་བ་ཕོ་མོ་ནི་ར་རུ་བཏུལ། རྐྱང་ཕོ་མོ་རྟ་རུ་བཏུལ། སྤྱང་ཀི་ཕོ་མོ་ནི་ཁྱི་རུ་བཏུལ་ཏེ་རྨོ་བཀོལ་སོ་ནམ་དུས་དེ་ནས་བྱས། ཕྱུགས་ཀྱི་རྫི་སྐྱོང་དུས་དེ་ནས་བྱུང་།”[5] ཞེས་པ་ལས་ང་ཚོའི་ཕ་མེས་རྣམས་ཀྱིས་ཧ་ཅང་དཀའ་ཚེགས་ཆེ་བའི་རང་བྱུང་ཁོར་ཡུག་དང་། ཐོན་སྐྱེད་ཆ་རྐྱེན་ཞན་པའི་འོག་རང་ཉིད་ཀྱི་འཚོ་བའི་ཉམས་མྱོང་གསོག་འཇོག་དང་བློ་རིག་གི་རྩལ་ལ་བརྟེན་ནས་རི་དྭགས་དང་སྒོ་ཕྱུགས་ཀྱི་པགས་པ་བེད་སྤྱོད་བྱས་ཏེ། ཐོན་སྐྱེད་ལག་ཆ་དང་ཐོན་སྐྱེད་བཟོ་རྩལ་ག་སྤུས་ཚད་ཇེ་མཐོར་བཏང་ནས་རང་ཉིད་ཀྱི་འཚོ་བར་རིམ་གྱིས་འགྱུར་ལྡོག་དང་འཕེལ་རྒྱས་བྱུང་ཡོད།
དང་པོ། བཞད་མཐོང་སྨོན་གྱི་དམངས་ཁྲོད་ཀོ་བཟོ་སྤྱིར་གླེང་བ།
       ད་ཡོད་ཀྱི་དཔྱད་གཞི་ལྟར་ན། “བཞད་མཐོང་སྨོན་ཞེས་པའི་ས་མིང་དེ་ནི་དམངས་ཁྲོད་ཀྱི་ངག་རྒྱུན་ལས་སློབ་དཔོན་པད་མ་འབྱུང་གནས་ཀྱིས་ས་ཆ་དེ་གཟིགས་རྗེས་ཡིད་སྨོན་པའི་རྣམ་འགྱུར་གྱིས་བཞད་མོ་ཞིག་བཞད་ཕྱིར་ས་ཆ་དེའི་མིང་ལ་བཞད་མཐོང་སྨོན་ཞེས་འབོད་པར་གྲགས་སོ། ། ཡང་མིང་གཞན་དུ་འཇད་པ་དང་འཇད་མཐོང་སྨོན་ཡང་ཟེར་རོ། །”[6] ཞེས་གསུངས་སྲོལ་ཡོད། བཞད་མཐོང་སྨོན་ནི་གཞིས་རྩེ་གྲོང་ཁྱེར་གྱི་རྫོང་ཁག་བཅོ་བརྒྱད་ཀྱི་ཡ་གྱལ་ཞིག་ཡིན་ལ། “རྫོང་དེ་ནི་གཞིས་རྩེ་གྲོང་ཁྱེར་གྱི་ནུབ་བྱང་བརྒྱུད་དང་ཡར་ཀླུང་གཙང་པོའི་བྱང་བརྒྱུད་དུ་ཆགས་ཤིང་། རྫོང་དེའི་ཤར་ངོས་སུ་རྣམ་གླིང་རྫོང་དང་གཞིས་རྩེ་གྲོང་ཁྱེར་གནས་ཡོད་པ་དང་། བྱང་ཕྱོགས་ནི་ནག་ཆུ་ཤན་རྩ་རྫོང་དང་འབྲེལ་ཡོད། རྫོང་དེའི་ནུབ་ཕྱོགས་སུ་གཞིས་རྩེ་ངམ་རིང་རྫོང་གནས་ཡོད་པ་དང་། ལྷོ་ཕྱོགས་ནི་གཞིས་རྩེ་ལྷ་རྩེ་རྫོང་དང་འབྲེལ་ཡོད། གཞིས་རྩེ་གྲོང་ཁྱེར་ནས་བཞད་མཐོང་སྨོན་རྫོང་བར་ལམ་ཐག་སྤྱི་ལེ་96ཙམ་ཡོད། དེང་དུས་རྫོང་དེར་གྲོང་རྡལ་གཅིག་དང་ཤང་གྲོང་བཅོ་བརྒྱད་ཡོད་ཅིང་། ཞིང་ལས་གཙོ་བོར་བྱེད་པའི་ཤང་གྲོང་ལྔ་དང་གྲོང་རྡལ་གཅིག འབྲོག་ལས་གཙོ་བོར་བྱེད་པའི་ཤང་གྲོང་བཅུ། ས་མ་འབྲོག་གི་ཤང་གྲོང་གསུམ་བཅས་ཡོད་པས།”[7]རྫོང་དེ་ནི་ས་མ་འབྲོག་གི་ཐོན་སྐྱེད་ཁྱད་ཆོས་ལྡན་པའི་རྫོང་ཞིག་ཡིན། རྫོང་དེའི་གཏེར་ཁའི་ཐོན་ཁུངས་སྣེ་མང་ཕུན་སུམ་ཚོགས་ལ། དམིགས་བསལ་གྱི་ས་བབ་ཁྱད་ཆོས་ལ་བརྟེན་ནས་ཡུལ་དེར་དམངས་ཁྲོད་ཀྱི་ལག་ཤེས་བཟོ་རྩལ་དུ་མ་ཞིག་དར་ཡོད་ཅིང་། ལྷག་པར་དུ་དམངས་ཁྲོད་ཀྱི་ཀོ་ལྤགས་ལག་ཤེས་བཟོ་རྩལ་ནི་ཡུལ་དེའི་དམིགས་བསལ་ཁྱད་ཆོས་ལྡན་པའི་མངོན་མིན་རིག་གནས་ཤུལ་བཞག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན། 
       རྫོང་དེའི་ཀོ་ལྤགས་ལག་ཤེས་བཟོ་རྩལ་གྱིས་བོད་མིའི་བཟའ་གོས་འདུག་གསུམ་གྱི་འཚོ་བར་ནུབ་པ་མེད་པའི་ལེགས་སྐྱེས་འཕུལ་མྱོང་ཞིང་། དེའང་དུས་རབས་རིམ་བྱུང་གི་འཕོ་འགྱུར་ཁྲོད། མེད་པ་ནས་ཡོད་པ་དང་། ཡོད་པ་ནས་འཐུས་ཚང་། འཐུས་ཚང་ནས་སྤུས་དག་ཏུ་རྒྱུན་འཛིན་འཕེལ་རྒྱས་བཏང་སྟེ་ད་ལྟའི་ཆར་ཐོན་རྫས་ཀྱི་རྣམ་གྲངས་མང་ལ། སྤུས་ཀ་དག་པ། སྤྱོད་ཡུལ་རྒྱ་ཆེ་བ། མཛེས་ཆོས་དམིགས་བསལ་ལྡན་པ་ཞིག་ཏུ་གྱུར་ཡོད། བཞད་མཐོང་སྨོན་རྫོང་ཆབ་ཁ་གྲོང་རྡལ་ཆུ་ནུབ་གྲོང་ཚོའི་དམངས་ཁྲོད་ཀོ་ལྤགས་ལག་ཤེས་བཟོ་རྩལ་གྱི་ཐུན་མོང་མིན་པའི་སྒྱུ་རྩལ་ཁྱད་ཆོས་ལ་བརྟེན་ནས་གནའ་སྔ་མོ་ནས་བཟུང་གྲོང་ཚོ་འདིར་“ཀོ་ཆས་ཀྱི་ཕ་ཡུལ།”ཞེས་བརྗོད་སྲོལ་ཡོད།
གཉིས་པ། བཞད་མཐོང་སྨོན་གྱི་དམངས་ཁྲོད་ཀོ་བཟོའི་ད་ལྟའི་གནས་བབ།
       གཅིག བཞད་མཐོང་སྨོན་གྱི་དམངས་ཁྲོད་ཀོ་བཟོ་དང་ཞིང་པའི་ཆེད་ལས་མཉམ་ལས་ཁང་།
       ཞིང་པའི་ཆེད་ལས་མཉམ་ལས་ཁང་ནི་གྲོང་གསེབ་ཀྱི་ཁྱིམ་ཚང་འགན་གཙང་གཉེར་སྐྱོང་ལམ་ལུགས་དེ་རྨང་གཞིར་བཟུང་ནས་ཞིང་འབྲོག་པའི་ཐོན་རྫས་རྣམས་ཕྱིར་འཚོང་དང་། ལས་སྣོན། སྐྱེལ་འདྲེན། ཉར་ཚགས། ཆ་འཕྲིན་སོགས་ཀྱི་ཞབས་ཞུ་མཁོ་སྤྲོད་བྱས་པ་བརྒྱུད་ཁོངས་མི་ཕན་ཚུན་དབར་དཔལ་འབྱོར་ཐད་རོགས་རེས་ཐུབ་པའི་རྩ་འཛུགས་ཤིག་ཡིན། བཞད་མཐོང་སྨོན་རྫོང་དུ་རྒྱལ་ཡོངས་ཀྱི་ས་ཁུལ་གཞན་དང་འདྲ་བར་ས་ཡུལ་དེའི་ཁྱད་ཆོས་ལྡན་པའི་ཐོན་ཁུངས་དང་མི་རིགས་ལག་ཤེས་བཟོ་རྩལ་གྱི་ཞིང་པའི་ཆེད་ལས་མཉམ་ལས་ཁང་དུ་མ་གཉེར་ཡོད། དམངས་ཁྲོད་ཀོ་བཟོའི་ལག་རྩལ་ཡང་རྩ་འཛུགས་འདིར་བརྟེན་ནས་རྒྱུན་འཛིན་དང་། སྲུང་སྐྱོབ། བེད་སྤྱོད། འཕེལ་རྒྱས་ངེས་ཅན་བྱུང་ཡོད། 
       བཞད་མཐོང་སྨོན་རྫོང་ཆབ་ཁ་གྲོང་རྡལ་ཆུ་ནུབ་གྲོང་ཚོར་ཁམ་མིང་བཀྲས་ཟུར་ཟེར་བ་ཞིག་ཡོད་ཅིང་། ཁྱིམ་ཚང་འདི་ལས་ཐོན་པའི་ཀོ་ཆས་ཐོན་རྫས་དག་ནི་ཡུལ་དེའི་རྩེར་སོན་གྱི་ཀོ་ལྤགས་ཐོན་རྫས་ཤིག་ཡིན། ཁྱིམ་འདིའི་ལག་ཤེས་བཟོ་རྩལ་དང་རྒྱུ་ཆ་སྤུས་ལེགས། འཆར་བཀོད་ལེགས་པ་སོགས་ཀྱིས། གནའ་དུས་ནས་བཟུང་སྙན་པའི་གྲགས་པ་གང་སར་ཁྱབ་ཡོད། དེང་དུས་ཁྱིམ་ཚང་དེའི་ལག་ཤེས་རྒྱུན་འཛིན་པ་ལོ་32ལ་སོན་པའི་བཟོ་བོ་རྟ་མགྲིན་ལགས་ཀྱིས་རང་གི་སྤོ་བོ་བརྒྱུད་ནས་ལག་ཤེས་བཟོ་རྩལ་དེ་ལེགས་པར་རྒྱུན་འཛིན་བྱས་ཡོད་པ་མ་ཟད། བཟོ་རྩལ་དེ་མི་ཉམས་གོང་འཕེལ་ཡོང་ཕྱིར་2010 ལོར་ཁོང་གིས་ཆུ་ནུབ་ཀོ་ཆས་མཉམ་ལས་ཁང་དེ་དངོས་སུ་བཙུགས་པ་དང་། མཉམ་ལས་ཁང་དེའི་ཐོན་རྫས་ཀྱང་སྲོལ་རྒྱུན་ཀོ་ཆས་པགས་ཆས་ཏེ་རྟ་སྒྲོ་དང་། ཇ་ཚྭ་བུལ་ཁུག ཁབ་ཤུབས་སོགས་བཟོ་བ་མ་ཟད། ད་དུང་དུས་རབས་ཀྱི་དགོས་མཁོ་དང་བསྟུན་ནས་སྲོལ་རྒྱུན་གྱི་ཀོ་ཆས་པགས་ཆས་འདི་དག་སྔ་མའི་ཁེར་རྐྱང་གི་ཐོན་སྐྱེད་འཚོ་བའི་མཁོ་ཆས་ལས། ད་ལྟ་སྣེ་མང་ཕུན་སུམ་ཚོགས་པའི་མཛེས་རྒྱན་དུ་འགྱུར་བཟོ་གནང་ནས་ཐོན་རྫས་རིགས་མི་འདྲ་བ་200ལྷག་ཙམ་གསར་སྤེལ་གནང་ཡོད། ད་ཆ་ཐོན་རྫས་དེ་དག་ཁྲོམ་རྭ་ནས་མངགས་ཉོ་བྱེད་མཁན་མང་པོ་ཡོད་པར་བརྟེན་མཉམ་ལས་ཁང་དུ་མཉམ་ཞུགས་གནང་བའི་གྲོང་ཚོའི་ནང་གི་ལས་མི་རྣམས་ཀྱང་བཟོ་རྩལ་འདིར་བརྟེན་ནས་ཡོང་འབབ་འཕར་སྣོན་བྱུང་བ་དང་འཚོ་བའི་སྤུས་ཚད་ལ་འགྱུར་ལྡོག་ངེས་ཅན་བྱུང་ཡོད། དཔེར་ན་བཟོ་རྩལ་དེ་ལས་གྲུབ་པའི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཁབ་ཤུབས་དང་ཀོ་གྲུ་ཆུང་ཆུང་སོགས་ལ་མི་རྣམས་ཀྱིས་ཧ་ཅང་དགའ་པོ་བྱེད་པ་མ་ཟད། རྒྱལ་ཁབ་ཕྱི་ནང་ནས་ཉོ་མཁན་ཡང་མང་པོ་ཡོད་པ་རེད། ད་དུང་ཁོང་གིས་ལུག་ལྤགས་སྟེང་བརྐོས་པའི་ཕོ་བྲང་པོ་ཏ་ལའི་མཛེས་རིས་ལྟ་བུ་ནི་རྩེར་སོན་གྱི་བཟོ་རྩལ་དང་ལྡན་པའི་པགས་ཆས་ཐོན་རྫས་ཤིག་ཡིན་པས། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མང་པོས་ཐོན་རྫས་དེར་དགའ་ཞེན་ཆེན་པོ་གནང་བ་མ་ཟད། ལག་ཤེས་ཐོན་རྫས་དེར་རིམ་ཁག་གི་བྱ་དགའ་ཡང་ཐེངས་མང་ཐོབ་མྱོང་ཡོད་པ་རེད། ཆུ་ནུབ་གྲོང་ཚོའི་ཀོ་ཆས་མཉམ་ལས་ཁང་དེར་བཞད་མཐོང་སྨོན་རྫོང་སྲིད་གཞུང་ནས་མཐོང་ཆེན་དང་རྒྱབ་སྐྱོར་ཤུགས་ཆེན་གནང་བར་བརྟེན་ནས་རྫོང་དུ་མཉམ་ལས་ཁང་དེ་གནས་སྤོ་ཡོང་ཆེད་ས་ཆའི་གནས་ཚུལ་ཐག་གཅོད་ཟིན་པ་དང་། ནོར་སྲིད་ཅུད་ཀྱིས་རོགས་སྐྱོར་རྣམ་གྲངས་ཐེངས་མང་སྤྲད་ནས་མ་དངུལ་ཡང་ཐག་གཅོད་བྱས་ཡོད་ཅིང་། ད་ཆ་ཆུ་ནུབ་ཀོ་ཆས་ཀྱི་ཚོང་རྟགས་ཐོ་བཀོད་ལག་ཁྱེར་ཡང་རག་ཡོད་པ་རེད། ལྗོངས་བརྙན་འཕྲིན་ལས་ཁུངས་དང་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་སོགས་ཀྱིས་ཀྱང་རྒྱུན་འཛིན་པ་རྟ་མགྲིན་ལགས་ཀྱིས་སྣེ་ཁྲིད་པའི་མཉམ་ལས་ཁང་འདིའི་འབྲེལ་ཡོད་ལོ་རྒྱུས་དང་། མཉམ་ལས་ཁང་དེའི་ལག་ཤེས་ཐོན་རྫས་སྐོར་གྱི་ཤེས་བྱ་བཅར་འདྲི་དང་པར་ལེན། དྲིལ་བསྒྲགས་ཐེངས་མང་བྱས་པར་བརྟེན། རྒྱལ་ཁབ་ཕྱི་ནང་གི་མི་དེ་བས་མང་བས་རྒྱུས་མངའ་བྱུང་ཡོད། ཉེ་བའི་ལོ་ཤས་ནང་རིམ་པ་ཁག་གི་ངལ་རྩོལ་དང་སྤྱི་ཚོགས་འགན་སྲུང་ཅུད་ཀྱིས་བོད་ཀྱི་ཞིང་འབྲོག་མི་དམངས་ཀྱི་ཡོང་འབབ་འཕར་སྣོན་ཡོང་ཆེད་མ་དངུལ་འབོར་ཆེན་བཏང་ནས། ཆེད་ལས་ལག་རྩལ་སྦྱོང་བརྡར་འཛིན་གྲྭ་མང་དག་གཉེར་ཡོད་པ་ལས། ཆུ་ནུབ་གྲོང་ཚོའི་ཀོ་ཆས་མཉམ་ལས་ཁང་གིས་ཀྱང་རྫོང་ངལ་རྩོལ་ཅུད་ཀྱི་རོགས་སྐྱོར་འོག་ཞིང་འབྲོག་མི་གྲངས་1000ཙམ་ལ་ལག་ཤེས་བཟོ་རྩལ་སྦྱོང་བརྡར་བྱས་པ་དང་། ལྷག་པར་དུ་གྲོང་ཚོའི་དབང་པོ་སྐྱོན་ཅན་རྣམས་ལ་རྒྱུན་མཁོའི་པ་ཏྲ་སོགས་ཀྱི་ལག་རྩལ་བསླབས་ཏེ་ཁོང་ཚོའི་འཚོ་བར་ཕན་པ་ཆེན་པོ་བསྒྲུབས་ཡོད། སྦྱོང་བརྡར་དེ་དག་གི་ཁྱད་ཆོས་ནི་སྦྱོང་བརྡར་གྱི་དུས་ཡུན་ཐུང་ལ་མི་གྲངས་མང་བས་སྤྱིར་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་འདི་ཉིད་བྱང་ཆུབ་པར་ཉུང་མཐར་དུས་ཡུན་ལོ་གསུམ་ཙམ་གྱི་སྦྱོང་བརྡར་བྱས་པའི་བཟོ་བོ་ལྟར་ལག་རྩལ་མཐོ་པོ་ཞིག་ཡོང་དཀའ་རུང་། བཟོ་རྩལ་དེ་བརླག་སྟོང་མ་སོང་བར་རྒྱུན་འཛིན་འཕེལ་རྒྱས་བྱ་རྒྱུར་ཕན་འབྲས་ངེས་ཅན་ཐོབ་ཡོད།ད་ལྟ་བཞད་མཐོང་སྨོན་རྫོང་སྲིད་གཞུང་གིས་བཟོ་རྩལ་དེ་དག་ངོ་སྤྲོད་ཀྱི་དཀར་ཆག་དང་རྫོང་ཡུལ་སྐོར་ཅུད་ནས་བཏོན་པའི་བཞད་མཐོང་སྨོན་རྫོང་གི་ཡུལ་སྐོར་ལག་ཐོའི་ནང་ཡུལ་འདིའི་དམངས་ཁྲོད་ལག་ཤེས་བཟོ་རྩལ་དེ་ངོ་སྤྲོད་གནང་ཡོད་པ་ལས། སྲོལ་རྒྱུན་གྱི་ལག་ཤེས་དེ་མི་ཉམས་གོང་འཕེལ་ཡོང་རྒྱུར་ཕན་འབྲས་ངེས་ཅན་ཐོབ་རྒྱུ་གདོན་མི་ཟའོ། །
       གཞིས་རྩེ་ས་གནས་རིག་གནས་ཅུད་དང་བཞད་མཐོང་སྨོན་རྫོང་རིག་གནས་ཅུད། བཟོ་ཚོང་ཅུད། ངལ་རྩོལ་ཅུད། དེ་བཞིན་རྫོང་སྲིང་གཞུང་གིས་ཏང་གི་ཡང་དག་སྲིད་ཇུས་དང་བསྟུན་ནས། བཞད་མཐོང་སྨོན་གྱི་ཁྱད་ལྡན་དམངས་ཁྲོད་ལག་ཤེས་བཟོ་རྩལ་འདིར་བརྟེན་ནས། དེ་ཁུལ་གྱི་ཞིང་འབྲོག་མི་དམངས་ཀྱི་འཚོ་བའི་སྤུས་ཚད་ཇེ་མཐོར་འགྲོ་ཕྱིར་དང་ཡོང་འབབ་འཕར་སྣོན་ཡོང་ཕྱིར་ནུས་ལྡན་གྱི་བྱ་ཐབས་མང་པོ་སྤེལ་ཡོད་པ་ལས། བཟོ་རྩལ་དེར་སྲུང་སྐྱོབ་དང་འཕེལ་རྒྱས་ཡོང་ཕྱིར་ཤུགས་ཆེན་རྒྱབ་སྐྱོར་གནང་ཡོད་པ་རེད། ལྷག་པར་དུ་གོང་དུ་ཞུས་པའི་ལོ་རྒྱུས་ཡུན་རིང་ལྡན་པའི་ཆབ་ཁ་གྲོང་རྡལ་ཆུ་ནུབ་གྲོང་ཚོའི་དམངས་ཁྲོད་ཀོ་ལྤགས་ལག་ཤེས་བཟོ་རྩལ་དང་འདྲ་བའི་ཀོ་ཆས་མཉམ་ལས་ཁང་མང་པོ་རྫོང་ཁོངས་ཀྱི་ཤང་གྲོང་ཁག་ཏུ་བཙུགས་ཡོད་པ་རེད། བཞད་མཐོང་སྨོན་རྫོང་བཟོ་ཚོང་ཅུད་ནས་ཤེས་རྟོགས་བྱུང་གསལ། “སྤྱི་ལོ་2018ལོ་བར་དམངས་ཁྲོད་ཀོ་ལྤགས་བཟོ་རྩལ་དང་འབྲེལ་བའི་དངོས་སུ་བཟོ་ཚོང་ཐོ་འགོད་ལག་ཁྱེར་གཉེར་བའི་ཞིང་པའི་ཆེད་ལས་མཉམ་ལས་ཁང་ཁྱོན་བསྡོམས་14”[8]ཡོད་པ་རེད། མཉམ་ལས་ཁང་དེ་དག་གིས་ཁུལ་དེའི་དམངས་ཁྲོད་ལག་ཤེས་བཟོ་རྩལ་དེ་རྒྱུན་འཛིན་དང་ཁྱབ་སྤེལ་གཏོང་རྒྱུར་ནུས་པ་ཆེན་པོ་ཐོན་ཡོད་ལ། དེ་ཁུལ་གྱི་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ཇེ་མཐོར་འགྲོ་ཕྱིར་དང་ཡོང་འབབ་འཕར་སྣོན་ཡོང་ཕྱིར་ཕན་འབྲས་ཀྱང་ངེས་ཅན་ཞིག་ཐོན་ཡོད།
       གཉིས། བཞད་མཐོང་སྨོན་གྱི་དམངས་ཁྲོད་ཀོ་བཟོ་མངོན་མིན་རིག་གནས་ཤུལ་བཞག་ནང་ཚུད་པ།
       བཞད་མཐོང་སྨོན་གྱི་དམངས་ཁྲོད་ཀོ་ལྤགས་ལག་ཤེས་བཟོ་རྩལ་དེར། བོད་ཀྱི་དམངས་ཁྲོད་ཀོ་ལྤགས་བཟོ་རྩལ་སྤྱི་ཡི་ཁྱད་ཆོས་ལྡན་ཡོད་པས་ན། དེར་ཞིབ་འཇུག་བྱས་པ་ལས་བོད་ཀྱི་དམངས་ཁྲོད་ཀོ་ལྤགས་ལག་ཤེས་བཟོ་རྩལ་སྤྱིར་ཟུར་བལྟས་ལེབ་མཐོང་གི་ནུས་པ་ཐོན་གྱི་ཡོད་ལ། གང་དེའི་རྒྱུན་འཛིན་དང་སྲུང་སྐྱོབ། བེད་སྤྱོད། འཕེལ་རྒྱས་གཏོང་ཐབས་ཐད་ལ་ཞིབ་འཇུག་བྱེད་ཐུབ་ན་དེས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་རྒྱུན་འཛིན་འཕེལ་རྒྱས་བྱ་གཞག་ལ་ལེགས་སྐྱེས་འབུལ་རྒྱུར་ནུས་པ་ཆེན་པོ་ཐོན་ངེས་ཡིན། བཞད་མཐོང་སྨོན་གྱི་ཀོ་ལྤགས་བཟོ་རྩལ་དེའང་ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་འཕེལ་རིམ་ནང་ཉམས་པ་མེད་པའི་ངང་གནས་ཐུབ་པ་དེ་ནི། རྒྱ་ཆེའི་བོད་རིགས་མི་དམངས་ཚོས་ཡུན་རིང་གི་ཐོན་སྐྱེད་འཚོ་བའི་ཁྲོད། མི་རབས་ནས་མི་རབས་བར་བཟོ་རྩལ་དེ་ངག་རྒྱུན་ནས་སློབ་པ་དང་། དུས་མཚུངས་མི་རྣམས་ཀྱིས་འཚོ་བ་ངོ་མའི་ཁྲོད་མྱོང་བ་བྱས་པ་སྟེ། མདོར་ན་མཐོང་བ་བརྒྱུད་པའི་ལག་ལེན་གྱི་མན་ངག་དེ་ཡིས་བཟོ་རྩལ་དེར་སྲུང་སྐྱོབ་བྱས་པ་ལས། བཟོ་རྩལ་དེ་དེང་དུས་སུ་ང་ཚོའི་མིག་ལམ་དུ་གྱུར་པའི་མངོན་མིན་རིག་གནས་ཤིག་ཏུ་གྱུར་ཐུབ་པ་བྱུང་ཡོད། སྤྱི་ལོ་2003ལོའི་ཟླ་10པའི་ཚེས་17ཉིན་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྐབས་32པའི་ཚོགས་ཆེན་ཐོག་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་སྤྱི་ཆིངས་ལ་གྲོས་འཆམ་བྱུང་བ་དང་། སྤྱི་ལོ་2004ལོའི་ཟླ་8པར་སྐབས་བཅུ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཐེངས་11པའི་གྲོས་ཚོགས་ཐོག་རང་རྒྱལ་དེ་ཉིད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་སྤྱི་ཆིངས་ཀྱི་ཁོངས་སུ་ཞུགས་རྒྱུའི་ཆོག་མཆན་གནང་ཡོད། དེ་རྗེས་རང་ལྗོངས་སུའང་རྒྱལ་ནང་གི་ས་ཁུལ་གཞན་དང་འདྲ་བར། མངོན་མིན་རིག་གནས་ཤུལ་བཞག་གི་སྲུང་སྐྱོབ་མཛད་འཕྲིན་སྤེལ་འགོ་ཚུགས་ཏེ། “སྤྱི་ལོ་2018ལོ་བར་བོད་རང་སྐྱོང་ལྗོངས་ཁུལ་དུ་རྒྱལ་སྤྱིའི་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གཅིག་དང་། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་89 རྒྱུན་འཛིན་པ་96 ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་460 རྒྱུན་འཛིན་པ་350ཡོད།”[9] དེའི་ཁྲོད་བོད་ཀྱི་དམངས་ཁྲོད་ཀོ་ལྤགས་ལག་ཤེས་བཟོ་རྩལ་དང་འབྲེལ་བའི་མངོན་མིན་རིག་གནས་ཤུལ་བཞག་8ཡོད་པ་རེད། རིམ་ཁག་སྲིད་གཞུང་དང་ཆེད་ལས་ཀྱི་ཞིབ་འཇུག་མི་སྣས་ཀྱང་དེའི་ཐད་ཀྱི་ཞིབ་འཇུག་ལ་དོ་སྣང་གནང་ནས་གྲུབ་འབྲས་ཀྱང་ངེས་ཅན་ཐོབ་ཡོད། ཡིན་ནའང་ལག་རྩལ་འདི་ཉིད་ཚན་རིག་དང་མཐུན་ཞིང་བརྒྱུད་རིམ་དང་ལྡན་པར་སྲུང་སྐྱོབ་དང་བེད་སྤྱོད། འཕེལ་རྒྱས་གཏོང་རྒྱུ་ནི་མིག་སྔའི་དོན་ཆེན་ཞིག་ཏུ་གྱུར་ཡོད། 
       དམངས་ཁྲོད་ལག་ཤེས་བཟོ་རྩལ་ནི། མངོན་མིན་རིག་གནས་ཤུལ་བཞག་གི་གྲུབ་ཆ་གཙོ་བོ་ཞིག་ཡིན་པ་དང་། “2012ལོར་བཞད་མཐོང་སྨོན་རྫོང་གི་དམངས་ཁྲོད་ཀོ་ལྤགས་ལག་ཤེས་བཟོ་རྩལ་དེ་རྫོང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་ཐོའི་ནང་ཚུད་པ་དང་། 2015ལོར་གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་ཐོར་ཚུད་ཡོད། རིམ་ཁག་སྲིད་གཞུང་དང་ཚན་པས་ཡུན་རིང་གི་འབད་པ་བྱས་པ་བརྒྱུད་བཟོ་རྩལ་དེ་ཉིད་2018ལོར་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་ཐོར་ཚུད་ཡོད།”[10]རྒྱུན་འཛིན་པ་རྟ་མགྲིན་ལགས་ཀྱིས་“དེང་དུས་རླུང་འཕྲིན་དང་བརྙན་འཕྲིན་སོགས་ལས་མངོན་མིན་རིག་གནས་ཤུལ་བཞག་སྐོར་གྱི་སྲིད་ཇུས་མང་པོར་རྒྱུས་མངའ་དང་ཤེས་རྟོགས་བྱུང་བས་མུ་མཐུད་རིམ་ཁག་གི་སྲིད་གཞུང་དང་ཚན་པར་འབྲེལ་བ་བྱས་ནས་བཟོ་རྩལ་དེ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ནང་ཚུད་ཐུབ་རྒྱུར་བརྩོན་ལེན་བྱེད་མུས་ཡིན།”ཞེས་གསུངས་ཀྱི་འདུག
གསུམ་པ། བཞད་མཐོང་སྨོན་གྱི་དམངས་ཁྲོད་ཀོ་བཟོའི་ལག་རྩལ་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་ཐབས་ལམ།
       སྤྱི་ཚོགས་ཀྱི་དཔལ་འབྱོར་ཉིན་བཞིན་འཕེལ་རྒྱས་ཤུགས་ཆེན་འགྲོ་བའི་དེང་དུས་ཀྱི་འཚོ་བའི་ཁྲོད། དམངས་ཁྲོད་ཀྱི་ལག་ཤེས་བཟོ་རྩལ་ལས་གྲུབ་པའི་སྲོལ་རྒྱུན་གྱི་ཐོན་རྫས་ཀོ་ཆས་མང་པོ་ཞིག་རིམ་བཞིན་ང་ཚོའི་འཚོ་བའི་ནང་ནས་ཁ་བྲལ་ཏེ། དེང་དུས་རྒྱུ་ཆ་གཞན་ལས་གྲུབ་པའི་མཁོ་ཆས་ཀྱིས་དེའི་ཚབ་བྱེད་བཞིན་ཡོད། དེང་འདིར་དུས་རབས་གསར་པའི་ཁྲོད་དམངས་ཁྲོད་ཀྱི་ཀོ་ལྤགས་ལག་ཤེས་བཟོ་རྩལ་དེ་ཚན་རིག་དང་མཐུན་པའི་སྒོ་ནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་དགོས་ན། དང་ཐོག་ང་ཚོས་ད་ཡོད་ཀྱི་དམངས་ཁྲོད་ལག་ཤེས་བཟོ་རྩལ་དེར་སྲུང་སྐྱོབ་ཡག་པོ་བྱེད་དགོས་ཤིང་། དེ་ཡང་གཙང་བཞད་མཐོང་སྨོན་ཁུལ་གྱི་དམངས་ཁྲོད་ཀོ་ལྤགས་ལག་ཤེས་བཟོ་རྩལ་གྱི་གནས་བབ་དང་འཕེལ་ཕྱོགས་ལ་ལྟོས་ན། ཉར་ཚགས་ཀྱི་ཐོག་ནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་ཐབས་ལམ་དང་། དྲིལ་སྒྲོག་གི་ཐབས་ལམ་ལ་བརྟེན་ནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་ཐབས། སྲིད་ཇུས་ལ་བརྟེན་ནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་ཐབས་བཅས་ཐབས་ལམ་གཙོ་བོ་གསུམ་ཙམ་མཆིས་ཏེ།
གཅིག ཉར་ཚགས་ཀྱི་ཐོག་ནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་ཐབས།
1.དམངས་ཁྲོད་ཀོ་ལྤགས་ལག་ཤེས་བཟོ་རྩལ་ལས་གྲུབ་པའི་ཚབ་མཚོན་གྱི་ཐོན་རྫས་ཀོ་ཆས་པགས་ཆས་བསྡུ་རུབ་དང་ཉར་ཚགས་བྱ་ཐབས་སྐོར།
བོད་རང་སྐྱོང་ལྗོངས་རྟེན་རྫས་བཤམས་མཛོད་ཁང་ནི་1999ལོའི་ཟླ་བ་10པར་བཙུགས་ཤིང་། བཤམས་མཛོད་ཁང་ནང་བོད་ཀྱི་དམངས་ཁྲོད་ཀོ་ལྤགས་ལག་ཤེས་བཟོ་རྩལ་ལས་གྲུབ་པའི་ཀོ་གྲུ་ཞིག་ཉར་ཚགས་བྱས་ཡོད། བོད་ཀྱི་རྟེན་རྫས་བཤམས་མཛོད་ཁང་དབུ་བརྙེས་པའི་དུས་ཚོད་འཛམ་གླིང་དང་རྒྱལ་ནང་གི་ས་ཕྱོགས་གཞན་དང་བསྡུར་ན། གོམ་སྟབས་ཅུང་རྗེས་སུ་ལུས་ཡོད་པའི་རྐྱེན་གྱིས་དེའི་ཐད་ཀྱི་ལས་དོན་སྤེལ་རྒྱུའང་རྗེས་སུ་ལུས་ཡོད། ལྷག་དོན་དུ་རིག་གནས་གསར་བརྗེའི་ཤུགས་རྐྱེན་དང་། ཉེ་བའི་ལོ་བཅུ་ཕྲག་ནང་དམངས་ཁྲོད་ཀྱི་ཀོ་ལྤགས་ལག་ཤེས་བཟོ་རྩལ་སྐོར་གྱི་གྲུབ་འབྲས་ལ་བརྩི་མཐོང་དང་ཞིབ་འཇུག་གནང་མཁན་དཀོན་ཁར། ད་དུང་ཕུལ་བྱུང་གནའ་རྫས་བསྡུ་ཉར་མཛད་མཁན་ཧ་ཅང་ཉུང་ཉུང་ཡིན། འོན་ཀྱང་ཉེ་བའི་ལོ་ཤས་ནང་ལག་ཤེས་བཟོ་རྩལ་དེར་དོ་སྣང་གནང་མཁན་ཇེ་མང་དུ་སོང་བ་མ་ཟད་གྲུབ་འབྲས་ཀྱང་ངེས་ཅན་ཐོབ་ཡོད། དཔེར་ན་ལྷ་སའི་གཡག་རྟེན་རྫས་བཤམས་མཛོད་ཁང་དང་ཉིང་ཁྲི་གྲོང་ཁྱེར་དུ་གསར་བཞེངས་གནང་བའི་བོད་མི་རིགས་ཀྱི་དམངས་སྲོལ་ཁང་སོགས་ཀྱིས་དམངས་ཁྲོད་ཀྱི་ལག་ཤེས་བཟོ་རྩལ་དེའི་ཐད་དོ་སྣང་ཆེན་མོ་གནང་བ་དང་འབྲེལ་གནའ་རྫས་ཁག་གཅིག་དམངས་ཁྲོད་ནས་བསྡུ་རུབ་གནང་སྟེ་ཉར་ཚགས་བྱས་ཡོད། ལྷག་དོན་དུ་2016ལོའི་ཟླ་9པའི་ཚེས་26ཉིན་ལས་འགོ་ཚུགས་པའི་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྟེན་རྫས་བཤམས་མཛོད་ཁང་དེ་ཧྲན་ཀྲན་གྲོང་ཁྱེར་གྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་ལྷ་ས་གྲོང་ཁྱེར་ཚེ་མཆོག་གླིང་ཁུལ་དུ་འཛུགས་སྐྲུན་བྱེད་བཞིན་ཡོད་པས། དེས་མ་འོངས་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་སྲུང་སྐྱོབ་བྱ་གཞག་ལ་ལེགས་སྐྱེས་ཆེན་པོ་འབུལ་ཐུབ་ངེས་ཡིན། ཡིན་ནའང་བཞད་མཐོང་སྨོན་ཁུལ་དུ་ད་ལྟ་དམངས་ཁྲོད་ཀྱི་ལག་ཤེས་བཟོ་རྩལ་དེར་དཔལ་འབྱོར་གྱི་ཕན་འབྲས་གང་འདྲ་ཐོན་མིན་ལ་དོ་སྣང་གནང་མཁན་ཕུད་དེ་མིན་ཐོན་རྫས་བསྡུ་རུབ་དང་ཉར་ཚགས་ཀྱི་ཕྱག་ལས་ལ་དོ་སྣང་གནང་མཁན་དེ་ཙམ་མེད། མ་འོངས་ལོ་ཟླའི་ནང་མགྱོགས་ནས་མྱུར་དུ་སྲིད་གཞུང་གི་སྣེ་ཁྲིད་འོག་དེའི་ཐད་ཀྱི་བསྡུ་རུབ་ཉར་ཚགས་ཀྱི་ཕྱག་ལས་ལྷོད་གཡེང་དུ་མ་ཤོར་བ་བྱས་ཏེ་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་བཞད་མཐོང་སྨོན་གྱི་ཀོ་ཆས་པགས་ཆས་ཀྱི་གཙོ་དོན་བཤམས་མཛོད་ཁང་ཞིག་འཛུགས་ཐུབ་རྒྱུར་བརྩོན་ལེན་བྱས་ནས། ཀོ་ལྤགས་ལག་ཤེས་བཟོ་རྩལ་དེའི་ལག་རྗེས་དང་ཐོན་རྫས་མཚོན་བྱེད་ཅན་རྩ་བརླག་ཏུ་མ་སོང་བ་བྱེད་དགོས། དེའི་ཐད་ལ་ཆུ་ནུབ་གྲོང་ཚོའི་ཀོ་ཆས་མཉམ་ལས་ཁང་གི་འགན་འཁུར་བ་སྲོལ་རྒྱུན་ཀོ་བཟོའི་བཟོ་རྩལ་གྱི་རྒྱུན་འཛིན་པ་རྟ་མགྲིན་ལགས་དང་གླེང་མོལ་བྱ་སྐབས་ཁོང་གིས་ཀྱང་“2013ལོར་རྫོང་ངལ་རྩོལ་ཅུད་ཀྱིས་ང་ཚོ་ཉིང་ཁྲིར་སློབ་སྦྱོང་ལ་བཏང་བ་དང་། སྐབས་དེར་ཉིང་ཁྲིའི་དམངས་སྲོལ་བཤམས་མཛོད་ཁང་ནང་ཀོ་བཟོའི་བཤམས་རྫས་དག་མཐོང་དུས་སེམས་ལ་བཟོ་རྩལ་དེར་རྒྱུས་མངའ་མེད་པའི་མི་ཞིག་གིས་ཀྱང་ཐོན་རྫས་དེ་དག་ལ་དོ་སྣང་དང་ལྷག་པར་སྲོལ་རྒྱུན་གྱི་ཀོ་ཆས་པགས་ཆས་ཉར་ཚགས་དེ་ལྟར་གནང་བ་ཧ་ཅང་དཀོན་པོ་རེད་སྙམ་པ་མ་ཟད། དེས་ང་རང་ལའང་སྐུལ་མ་ཤུགས་ཆེན་ཐེབས་བྱུང་། ངའི་སེམས་ནང་ང་རང་གི་ཕ་ཡུལ་དུ་དེ་ལྟ་བུའི་བཤམས་མཛོད་ཁང་ཞིག་བཙུགས་ནས་ཕུལ་བྱུང་གི་སྲོལ་རྒྱུན་ཀོ་ཆས་པགས་ཆས་འདི་དག་བསྡུ་རུབ་དང་བརླག་སྟོང་ཟིན་པ་རྣམས། ད་ལྟ་སྐུ་འཚོ་བཞུགས་ཀྱི་རྒན་རབས་རྣམས་ལ་བཀའ་འདྲི་ཞུས་ནས་སྲོལ་རྒྱུན་གྱི་ཀོ་ཆས་པགས་ཆས་འགའ་ཞིག་བསྐྱར་བཟོ་བྱས་ནས་མྱུར་སྐྱོབ་བྱེད་པའི་བསམ་བློ་འཁོར་བྱུང་། ངས་བལྟས་ན་མི་ཞིག་གི་ཐོག་ནས་བརྗོད་ན་ཐོས་རྒྱ་མཐོང་རྒྱ་འདི་ཧ་ཅང་གལ་ཆེན་པོ་ཞིག་རེད་འདུག”ཅེས་གསུངས་བྱུང་། 
       2.དམངས་ཁྲོད་ཀོ་ལྤགས་ལག་ཤེས་བཟོ་རྩལ་དང་ཐོན་རྫས་སྐོར་གྱི་ཆེད་བསྒྲིགས་པར་རིས་བསྒྲིག་རྒྱུའི་སྐོར།
       དུས་རབས་ཉེར་གཅིག་ལ་སླེབས་རྗེས་རྒྱལ་ཁབ་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་བྱེད་པའི་ལས་གྲྭ་ཆེན་པོ་དེ་འགོ་ཚུགས་པ་དང་། བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གི་ཞིབ་འཇུག་མི་སྣ་ཚོས་ལོ་ཤས་ནང་གཤམ་སྐྱོད་པར་ལེན་དང་བརྟག་དཔྱད་ཞིབ་འཇུག་གི་ཕྱག་ལས་མང་པོ་གནང་ཡོད་པ་ལས། བོད་ཀྱི་ས་ཕྱོགས་ཁག་གི་ཀོ་བཟོ་དང་འབྲེལ་བའི་པར་རིས་དཔྱད་གཞི་ཡང་མང་པོ་ཞིག་བསྡུ་རུབ་བྱས་ཡོད་དེ། དཔེར་ན་ལྷ་ས་ཆུ་ཤུར་རྫོང་གི་ཀོ་ཆས་དང་སྙེ་མོ་རྫོང་གི་རྔ་ཡི་བཟོ་རྩལ། ནག་ཆུའི་ཚ་རུ་མཉེད་ཐབས། གཞིས་རྩེ་ས་གནས་ས་དགའ་རྫོང་གི་ཀོ་གྲུའི་བཟོ་རྩལ་སོགས་ཀྱི་པར་རིས་དཔྱད་གཞི་ཉར་ཚགས་གནང་ཡོད། ཡིན་ནའང་ད་བར་བཞད་མཐོང་སྨོན་ཁུལ་གྱི་ཀོ་བཟོའི་པར་རིས་དཔྱད་གཞི་བསྡུ་ཉར་ཐུབ་མེད། དེར་བརྟེན་བཞད་མཐོང་སྨོན་རྫོང་རིག་གནས་ཅུད་དང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གིས་མཉམ་ལས་གནང་སྟེ་ད་ལྟ་བཞད་མཐོང་སྨོན་ཁུལ་གྱི་ཀོ་བཟོའི་རྒྱུན་འཛིན་པ་རྒན་རབས་འགའ་སྐུ་འཚོ་བཞུགས་གནང་ཡོད་པའི་གོ་སྐབས་དེ་དམ་འཛིན་བྱས་ནས། སྒྲིག་གཞི་ཆ་ཚང་ལ་ནང་དོན་ཕུན་སུམ་ཚོགས་པའི་བཞད་མཐོང་སྨོན་གྱི་དམངས་ཁྲོད་ཀོ་བཟོའི་སྐོར་གྱི་ཕུལ་བྱུང་པར་རིས་དཔྱད་གཞི་ཞིག་བསྡུ་སྒྲིག་གནང་ཐུབ་ན་སླད་ཕྱིན་བོད་ཀྱི་དམངས་ཁྲོད་ལག་ཤེས་བཟོ་རྩལ་རྒྱུན་འཛིན་བྱ་རྒྱུར་ཕན་ཐོགས་ཤིན་ཏུ་ཆེན་པོ་ཡོད།
       3.བཞད་མཐོང་སྨོན་གྱི་དམངས་ཁྲོད་ཀོ་བཟོའི་ལོ་རྒྱུས་ཡིག་ཚགས་ལེགས་སྒྲིག་བྱ་རྒྱུའི་སྐོར།
       སྔོན་བྱོན་མཁས་དབང་རྣམས་ཀྱིས་མཛད་པའི་བཟོ་རིག་པའི་སྐོར་གྱི་བསྟན་བཅོས་དང་། ཉེ་དུས་སུ་སྤེལ་བའི་བོད་ཀྱི་དམངས་ཁྲོད་ཀོ་བཟོའི་སྐོར་གྱི་དཔྱད་རྩོམ་《མང་ཚོགས་སྒྱུ་རྩལ》དང་། 《བོད་ཀྱི་དམངས་སྲོལ་རིག་གནས》 《བོད་ཀྱི་ལག་ཤེས་ཀུན་འདུས་ཆེན་མོ》སོགས་ཀྱི་དུས་དེབ་ཁག་ནང་ཐར་ཐོར་དུ་མཐོང་རྒྱུ་ཡོད་མོད། བཟོ་རྩལ་དེའི་སྐོར་གྱི་ཕྱོགས་བསྒྲིགས་དཔྱད་ཡིག་ཅིག་ཤིན་ཏུ་དཀོན་པས། བཞད་མཐོང་སྨོན་རྫོང་གི་འབྲེལ་ཡོད་ཚན་པས་དེའི་ཐད་ཀྱི་ཞིབ་འཇུག་ཆེད་ལས་མཁས་པ་དང་དམངས་ཁྲོད་ཀྱི་བཟོ་བོ་རྒན་པོ་སྒྲིག་འཛུགས་གནང་ནས། བཞད་མཐོང་སྨོན་གྱི་ཀོ་བཟོའི་སྐོར་གྱི་ཡིག་ཚགས་ཅུང་ཆ་ཚང་བ་ཞིག་ལེགས་སྒྲིག་ཐུབ་ན། བཟོ་རྩལ་དེ་ཉིད་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་རྒྱུར་ཕན་པ་བསྐྲུན་ཐུབ་པ་མ་ཟད། སླད་ཕྱིན་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་དེར་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་གཏོད་ཐུབ་རྒྱུར་ཕན་འབྲས་ཤིན་ཏུ་ཆེན་པོ་ཡོད།
       གཉིས། དྲིལ་སྒྲོག་སོགས་ཀྱི་ཐབས་ལམ་ལ་བརྟེན་ནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་ཐབས།
       1.རྒྱལ་ཕྱི་རྒྱལ་ནང་དུ་བཤམས་སྟོན་བྱེད་སྒོ་མང་ཙམ་གཉེར་ནས་དྲིལ་བསྒྲགས་བྱ་རྒྱུའི་སྐོར།
       ལོ་རེའི་སྤྱི་ཟླ་བརྒྱད་པའི་ནང་བཞད་མཐོང་སྨོན་གྱི་ཡུལ་ལྗོངས་ཤིན་ཏུ་མཛེས་ལ་གནམ་གཤིས་ཀྱང་དྲོ་གྲང་སྙོམས་པོ་ཡོད། དེའི་རིང་རྫོང་གི་ལོ་རེའི་ཚོང་འདུས་དུས་ཆེན་ཡང་བརྒྱད་གཅིག་དུས་ཆེན་དང་མཉམ་དུ་སྤེལ་གྱི་ཡོད། ཚོང་འདུས་དུས་ཆེན་གྱི་གོ་སྐབས་བསྟུན་ནས། རྫོང་གི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་གྱི་འགྲེམས་སྟོན་བྱེད་སྒོ་ཞིག་གཉེར་ན་གྲུབ་འབྲས་ཧ་ཅང་ཡག་པོ་ཞིག་ཐོན་ངེས་ཡིན། དེ་ཡང་ཆབ་ཁ་གྲོང་རྡལ་གྱི་ལོ་རྒྱུས་ཡུན་རིང་ལྡན་པའི་བོད་གྲིའི་བཟོ་རྩལ་དང་ཆུ་ནུབ་གྲོང་ཚོའི་ཀོ་ཆས་སོགས་ལས་གྲུབ་པའི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་གྱི་འགྲེམས་སྟོན་ཞིག་གཉེར་ཐུབ་ན། ཚོང་འདུས་ལ་མི་ཚོགས་ཆེ་བའི་རྐྱེན་གྱིས་གཅིག་ནས་བཟོ་རྩལ་དེའི་རིན་ཐང་ལ་སྔར་བས་ལྷག་པའི་མིས་རྒྱུས་མངའ་ཡོང་བ་དང་། གཉིས་ནས་ལག་ཤེས་དེ་ཉིད་རྒྱུན་འཛིན་གནང་མཁན་རྣམས་ལའང་དཔལ་འབྱོར་གྱི་ཁེ་ཕན་རག་ནས་ཁོང་ཚོའི་ཧུར་བརྩོན་གྱི་བསམ་པ་ཆེ་རུ་འགྲོ་ཐུབ། དེ་བཞིན་བྱེད་སྒོ་དེ་འདྲ་ཞིག་སྤེལ་བ་བརྒྱུད། སླད་ཕྱིན་ས་གནས་དང་ལྗོངས་ཡོངས་ཀྱི་ས་ཁུལ་གཞན་གྱི་ཚོང་འདུས་དང་རྒྱལ་ཕྱི་རྒྱལ་ནང་གི་རིག་གནས་བཤམས་སྟོན་བྱེད་སྒོར་མུ་མཐུད་ཞུགས་ཐུབ་ན། གཅིག་ནས་བཟོ་རྩལ་དེ་སྔར་བས་མང་བའི་མིས་རྒྱུས་མངའ་བྱུང་ནས་ཁྱབ་སྤེལ་གྱི་ཤུགས་རྐྱེན་ཆེ་རུ་གཏོང་ཐུབ། གཉིས་ནས་རྒྱུན་འཛིན་པ་རྣམས་ཀྱི་མཐོང་རྒྱ་ཐོས་རྒྱ་ཡང་ཆེ་རུ་ཕྱིན་ནས། བཟོ་རྩལ་དེར་སྲུང་སྐྱོབ་ཀྱི་བསམ་བློ་དང་འཕེལ་རྒྱས་ཀྱི་ཐབས་ལམ་གཞན་རྙེད་ངེས་ཡིན། གཞན་ཡང་བཞད་མཐོང་སྨོན་ཆབ་ཁ་གྲོང་རྡལ་གྱི་ཆུ་ཚན་དེ་ནི་ཧ་ཅང་སྐད་གྲགས་ཆེན་པོ་ཡོད་པ་མ་ཟད། འགྲིམ་འགྲུལ་སྟབས་བདེ་བ་དང་། དེར་སྤྲོ་གསེང་ལ་ཕེབས་མཁན་གྱི་སྐུ་མགྲོན་ཡང་ཤིན་ཏུ་མང་བས་གོ་སྐབས་དེ་བེད་སྤྱོད་བཏང་ནས་སྤྲོ་གསེང་གྲོང་ཚོ་འདིའི་ནང་ཡུན་རིང་གཏན་འཇགས་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་བཤམས་སྟོན་ཁང་ཞིག་གཉེར་ན། ས་ཕྱོགས་གཞན་ནས་ཕེབས་པའི་མི་རྣམས་ཀྱིས་བཟོ་རྩལ་དེར་རྒྱུས་མངའ་ཡོང་བ་མ་ཟད། ལག་ཤེས་རྒྱུན་འཛིན་པར་ཡང་སྟབས་བདེའི་སྒོ་ནས་ཚོང་ཟོག་ཕྱིར་འཚོང་ཐུབ་རྒྱུར་ཕན་པ་ཆེན་པོ་ཡོད།
       2.བརྙན་འཕྲིན་དང་རླུང་འཕྲིན་སོགས་དེང་རབས་ཅན་གྱི་ཆ་འཕྲིན་ལ་བརྟེན་ནས་སྲོལ་རྒྱུན་གྱི་ཀོ་ལྤགས་རིག་གནས་དེ་ཁྱབ་སྤེལ་གཏོང་རྒྱུའི་སྐོར། 
རྒྱལ་ཁབ་ནས་མངོན་མིན་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་བྱེད་པའི་ལས་གྲྭ་འགོ་ཚུགས་པ་ནས་བཟུང་། རྒྱལ་ཡོངས་སུ་མངོན་མིན་རིག་གནས་ཤུལ་བཞག་ལ་དོ་སྣང་དང་སྲུང་སྐྱོབ་བྱེད་པའི་ཚ་རླབས་ཤིག་འཕྱུར་བ་དང་ཕྱོགས་མཚུངས་རིམ་ཁག་བརྙན་འཕྲིན་དང་རླུང་འཕྲིན་ལས་ཁུངས་ཀྱིས་ཀྱང་དེའི་སྐོར་གྱི་ཆེད་བསྒྲིགས་ལེ་ཚན་རབ་དང་རིམ་པ་གཉེར་ཡོད། དེའི་ཁྲོད་བཞད་མཐོང་སྨོན་ཆུ་ནུབ་གྲོང་ཚོའི་ཀོ་བཟོའི་བཟོ་རྩལ་དེ་ཡང་བོད་ལྗོངས་ཉིན་རེའི་ཚགས་པར་དང་། བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱི་གངས་ལྗོངས་རིག་གནས་ལེ་ཚན་སོགས་ཀྱི་ནང་ངོ་སྤྲོད་ཅུང་ཟད་བྱས་ཡོད། སླད་ཕྱིན་མུ་མཐུད་བརྙན་འཕྲིན་དང་རླུང་འཕྲིན་སོགས་ལ་བརྟེན་ནས་བཟོ་རྩལ་དེ་ཁྱབ་སྤེལ་དང་དྲིལ་བསྒྲགས་བྱེད་པ་དང་། ལྷག་པར་དུ་དེང་དུས་ཀྱི་སྔོན་ཐོན་གྱི་དྲ་བའི་ལག་རྩལ་ལ་བརྟེན་ནས་གཙང་བཞད་མཐོང་སྨོན་གྱི་ཀོ་ལྤགས་རིག་གནས་སྐོར་གྱི་དྲ་ཚུགས་ཤིག་བསྐྲུན་ཐུབ་ན། དམངས་ཁྲོད་ལག་ཤེས་བཟོ་རྩལ་དེའི་རིག་གནས་རྒྱུན་འཛིན་དང་ཐོན་རྫས་ཁྱབ་སྤེལ་ཐད་ལ་ནུས་པ་ངེས་ཅན་ཐོན་ངེས་ཡིན་ནོ། །
       3.རྒྱུན་མི་ཆད་པའི་འཕེལ་རྒྱས་ལྟ་བས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་རྒྱུའི་སྐོར།
       སྤྱིར་ན་དུས་རབས་ཀྱི་འཕོ་འགྱུར་དང་ཚན་རིག་གི་འཕེལ་རྒྱས། རིག་གནས་མཉམ་བསྲེས་སོགས་ལས་སྲོལ་རྒྱུན་གྱི་བཟོ་རྩལ་ཀོ་བཟོ་ཚུད་པའི་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་སྤྱི་དང་། བྱེ་བྲག་ཚང་མར་དུས་རབས་ཀྱི་གོམ་བགྲོད་ཁྲོད་འགྱུར་ལྡོག་དང་ཐ་ན་ཕོག་ཐུག་འགའ་རེ་ཡོང་སྲིད་མོད། ང་ཚོས་སྲོལ་རྒྱུན་གྱི་རིག་གནས་དང་ལག་ཤེས་བཟོ་རྩལ་འདི་དག་མུ་མཐུད་རྒྱུན་འཛིན་དང་། དུས་མཚུངས་དུས་རབས་ཀྱི་འཕེལ་ཕྱོགས་དང་བསྟུན་ནས་བཟོ་རྩལ་འདི་ཉིད་རྒྱུན་མི་ཆད་པར་འཕེལ་རྒྱས་གཏོང་ཐུབ་པ་བྱེད་དགོས། དཔེར་ན་སྲོལ་རྒྱུན་གྱི་ཀོ་ཆས་པགས་ཆས་མང་དག་ཅིག་དེང་སྐབས་མིའི་རིགས་ཀྱི་འཚོ་བའི་ནང་བེད་སྤྱོད་ཀྱི་རིན་ཐང་མེད་པར་གྱུར་ཡོད་ཀྱང་ང་ཚོས་སྙིགས་དོར་བཅུད་ལེན་དང་། ད་ལྟའི་སྤྱི་ཚོགས་ཀྱི་དགོས་མཁོ་དང་འཚམ་ཞིང་དེང་དུས་མིའི་རིགས་ཀྱི་མཛེས་དཔྱོད་ལྟ་བ་དང་མཐུན་པའི་ལམ་བུ་གསར་པ་ཞིག་འཚོལ་ཐུབ་པ་བྱེད་དགོས། དཔེར་ན་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བཟོ་ལྟ་འདྲ་མིན་གྱི་དར་སོ་ཆེ་བའི་ཀོ་ལྤགས་ཀྱི་ལྟོ་ཕད་དང་། ཁ་པར་བླུགས་སྣོད། ཀོ་ལྤགས་ཀྱི་མཛེས་རྒྱན་དངོས་པོ་སོགས་རིགས་འདྲ་མིན་སྣ་ཚོགས་གསར་བཟོ་བྱས་ནས་བཟོ་རྩལ་དེ་ཁྲོམ་རྭའི་ནང་རྐང་པ་ཚུགས་ཤིང་ཚོང་སྒོ་འཕེལ་རྒྱས་ཡོང་བའི་ཁོར་ཡུག་གསར་པ་སྐྲུན་ཐུབ་པ་བྱེད་དགོས། མདོར་ན་རྒྱུན་འཛིན་གྱི་ཁྲོད་དུ་གསར་གཏོད་དང་། རྒྱུན་འཛིན་གྱི་ཁྲོད་དུ་འཕེལ་རྒྱས། རྒྱུན་འཛིན་གྱི་ཁྲོད་དུ་དར་རྒྱས་གཏོང་རྒྱུའི་ལྟ་བ་ནི་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་མི་ཉམས་གོང་འཕེལ་དང་རྒྱུན་མཐུད་འཕེལ་རྒྱས་ཡོང་བའི་འགག་གནད་ཅིག་ཡིན།
       4.ཚོང་རྟགས་གྲགས་ཅན་གཏོད་པའི་ལམ་བུར་བསྐྱོད་ནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་རྒྱུའི་སྐོར།
       ད་ཕན་འཛམ་གླིང་ཐོག་སྙན་གྲགས་ཆེ་བའི་ཀོ་ལྤགས་ཐོན་རྫས་ཀྱི་ཚོང་རྟགས་གྲགས་ཅན་ཧྥ་རན་སི་ཡི་Louis Vuittonདང་། ཨ་མི་རི་ཁའི་Coachརྟགས་ཅན། དབྱི་ཏྲ་ལི་ཡིས་Gucci . Prada སི་ཧྥན་ཡིས་Loeweལ་སོགས་ཡོད། སྤྱི་ལོ་2013ལོར་ཧྥ་རན་སི་ཡི་ཡེ་ཤེས་དབང་མོ་ཟེར་བས་མཚོ་སྔོན་ཞིང་ཆེན་གྱི་ཁོངས་སུ་ནོར་ལས་རྟགས་ཅན་གསར་དུ་བཙུགས་པ་མ་ཟད། རྒྱུ་གཡག་ཕྲུག་གི་ཁུ་ལུ་དང་སྲོལ་རྒྱུན་གྱི་བོད་ཀྱི་འཁལ་འཐག་བཟོ་རྩལ་བེད་སྤྱོད་བཏང་ནས་སྤུས་ཚད་རྩེར་སོན་གྱི་ནོར་ལས་རྟགས་ཅན་གྱི་སྐེ་དཀྲིས་ཤིག་གསར་དུ་གཏོད་ཡོད། བོད་ས་མཐོ་ལས་ཐོན་པའི་ཐོན་རྫས་དེ་ཁྲོམ་རྭའི་སྟེང་ཐོན་མ་ཐག་མི་རྣམས་ཀྱིས་དགའ་པོ་བྱེད་པ་མ་ཟད། ལྷག་པར་དུ་ཡོ་རོབ་ཀྱི་ཁྲོམ་རྭའི་སྟེང་མི་རྣམས་ཀྱིས་ཧ་ཅང་མཉེས་པོ་གནང་བས་ནོར་ལས་རྟགས་ཅན་དེ་སྤྱི་ལོ་2013ལོར་འཛམ་གླིང་གི་རྩེར་སོན་རྟགས་ཅན་གྲས་སུ་ཚུད་ཡོད་པ་རེད། ཁོང་ཚོའི་ཚོང་ལས་ཀྱི་རྒྱུ་ཆ་དང་ལག་ཤེས་བཟོ་རྩལ་དེ་ད་ལྟའི་བཞད་མཐོང་སྨོན་གྱི་དམངས་ཁྲོད་ཀོ་ཆས་ལག་རྩལ་དང་འདྲ་བའི་ཕྱོགས་མང་པོ་ཡོད། ང་ཚོས་ཁོང་ཚོའི་བྱ་གཞག་དང་ལས་དོན་གཉེར་ཕྱོགས་ལ་མིག་དཔེ་བལྟས་ཏེ་བཞད་མཐོང་སྨོན་གྱི་ཀོ་བཟོའི་ལག་རྩལ་དེ་ཡང་ཚོང་རྟགས་གྲགས་ཅན་གྱི་ལམ་བུར་བསྐྱོད་རྒྱུར་འབད་བརྩོན་བྱེད་དགོས།
       གསུམ། དུས་བབ་ཀྱི་སྲིད་ཇུས་དང་མཐུན་པར་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་ཐབས།
       1.རིམ་པ་ཁག་གི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་ཐོའི་ནང་ཚུད་རྒྱུར་བརྩོན་ལེན་བྱ་རྒྱུའི་སྐོར། 
       བཞད་མཐོང་སྨོན་གྱི་དམངས་ཁྲོད་ཀོ་བཟོར་ལོ་རྒྱུས་ཡུན་རིང་དང་ཁྱད་འཕགས་ཀྱི་བཟོ་རྩལ་ལྡན་ཡོད་ཀྱང་རིག་གནས་ཀྱི་ཤུལ་བཞག་དེར་ད་བར་དོ་སྣང་གནང་མཁན་ནི་ཧ་ཅང་ཉུང་ཉུང་ཡིན་པ་མ་ཟད། ལག་ཤེས་རྒྱུན་འཛིན་པ་རྣམས་ཀྱང་མང་ཆེ་བ་ཡིག་རྨོངས་ཡིན་པས། རྒྱལ་ཁབ་ཀྱི་སྲིད་ཇུས་ལ་རྒྱུས་མངའ་དེ་ཙམ་མེད་པ་དང་ཁོང་ཚོའི་ཐོས་རྒྱ་མཐོང་རྒྱ་སོགས་ཀྱང་ཅུང་ཞན་པོ་ཡིན། དེ་མིན་འབྲེལ་ཡོད་དོ་དམ་ཚན་པའི་ངོས་ནས་བརྗོད་ཀྱང་རྫོང་དང་ས་གནས་རིག་གནས་ཅུད་སོགས་ཀྱང་དམངས་ཁྲོད་ཀྱི་ལག་ཤེས་བཟོ་རྩལ་འདིའི་རིན་ཐང་ལ་རྒྱུས་མངའ་དེ་ཙམ་མེད་ཁར་དེ་ལ་དོ་སྣང་གནང་མཁན་དེ་བས་ཉུང་བར་བརྟེན་ནས། ད་ཕན་བཞད་མཐོང་སྨོན་གྱི་དམངས་ཁྲོད་ཀོ་བཟོ་དེ་2018ལོར་གཞི་ནས་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གྲངས་སུ་ཚུད་ཙམ་ཡིན། མངོན་མིན་རིག་དངོས་ཤུལ་བཞག་ཏུ་ཚུད་པ་དེས་སྲིད་ཇུས་ཐོག་ནས་རྒྱབ་སྐྱོར་དང་། སྒྲིག་གཞིའི་ཐོག་ནས་འཐུས་ཚང་། དྲིལ་སྒྲོག་ཐོག་ལ་ཕན་པ་སོགས་དམིགས་བསལ་གྱི་ཁེ་ཕན་མང་པོ་ཞིག་ཡོད་པས་བྱས་ཙང་ང་ཚོས་རྨང་གཞི་འདིའི་སྟེང་ད་དུང་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་དམངས་ཁྲོད་ཀྱི་མི་རིགས་ལག་ཤེས་བཟོ་རྩལ་འདི་ཉིད་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ནང་ཚུད་ཐུབ་རྒྱུར་མི་སྣ་སྒེར་དང་འབྲེལ་ཡོད་གོང་རིམ་ཚན་པ་གཉིས་ཀས་འབད་ཐབས་ཡོད་རྒུ་རྩལ་སྤྲུགས་གནང་གལ་ཤིན་ཏུ་ཆེའོ། །
              2.རྒྱལ་ཁབ་ཀྱི་སྲོལ་རྒྱུན་བཟོ་རྩལ་དར་སྤེལ་དཀར་ཆག་ནང་དུ་ཚུད་ཐུབ་རྒྱུར་བརྩོན་ལེན་བྱ་རྒྱུའི་སྐོར།
       2018ལོའི་ཟླ་བ་5པར་རྒྱལ་ཁབ་རིག་གནས་པུའུ་དང་ཡུལ་སྐོར་པུའུ། བཟོ་ལས་དང་ཆ་འཕྲིན་པུའུ་ནས་མཉམ་དུ་སྐབས་དང་པོའི་རྒྱལ་ཁབ་ཀྱི་སྲོལ་རྒྱུན་བཟོ་རྩལ་དར་སྤེལ་དཀར་ཆག་ཡོངས་བསྒྲགས་བྱས་པར་གཞིགས་ན། རྒྱལ་ཡོངས་སུ་སྲོལ་རྒྱུན་གྱི་བཟོ་རྩལ་རྣམ་གྲངས་ཁྱོན་བསྡོམས་383 ཚུད་ཡོད་ལ། དེའི་ནང་བོད་ཀྱི་སྲོལ་རྒྱུན་བཟོ་རྩལ་རྣམ་གྲངས་16ཚུད་ཡོད། ཡིན་ནའང་བོད་ཀྱི་དམངས་ཁྲོད་ཀོ་བཟོ་དེ་ད་ཐེངས་ཀྱི་དར་སྤེལ་དཀར་ཆག་ནང་ཚུད་མེད། དཀར་ཆག་འདི་ནི་རྒྱལ་ཁབ་ཕྱི་ནང་གང་སར་འགྲེམས་སྤེལ་བྱེད་པ་མ་ཟད། མི་མང་པོས་དོ་སྣང་ཆེན་པོ་གནང་ཡུལ་གྱི་སྤྱད་གཞི་ཞིག་ཀྱང་ཡིན་པས་དེར་བརྟེན། དེས་དམངས་ཁྲོད་ལག་ཤེས་བཟོ་རྩལ་གྱི་ཆ་འཕྲིན་ཁྱབ་ཚད་ལ་ཐད་ཀའི་འབྲེལ་བ་ཡོད་པ་མ་ཟད། རྒྱ་ཆེའི་འཛད་སྤྱོད་པ་ཚོར་རིན་ཐང་གི་དཔྱད་གཞི་ཡང་མངོན་མཚོན་ཐུབ་པས་དེར་བརྟེན་ང་ཚོས་མ་འོངས་ལོ་ཟླའི་ནང་བཟོ་རྩལ་དེ་ཉིད་རྒྱལ་ཁབ་ཀྱི་སྲོལ་རྒྱུན་བཟོ་རྩལ་དར་སྤེལ་དཀར་ཆག་ནང་དུ་ཚུད་ཐུབ་རྒྱུར་བརྩོན་ལེན་བྱ་གལ་ཡང་ཆེའོ། །
       3.སྲོལ་རྒྱུན་གྱི་ཀོ་བཟོའི་རྒྱུན་འཛིན་པ་ལ་མཐོང་ཆེན་དང་ཆབས་ཅིག་ཁེ་ལས་ལ་རོགས་རམ་གནང་དགོས་རྒྱུའི་སྐོར།
       རང་རེའི་བོད་ལྗོངས་ལ་མཚོན་ན། སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་མི་སྣ་ཤིན་ཏུ་ཉུང་ཁར་རྒྱུན་འཛིན་མི་སྣ་དེ་བས་ཉུང་ཉུང་ཡིན། བྱས་ཙང་ད་ཡོད་ཀྱི་ཤེས་ལྡན་རྒྱུན་འཛིན་པར་སྲུང་སྐྱོབ་བྱ་རྒྱུ་ནི་དགོས་པའི་ནང་གི་ཆེས་དགོས་པར་གྱུར་ཡོད། རིམ་ཁག་ཚན་པ་དང་འབྲེལ་ཡོད་དོ་དམ་ཚན་པ། དམངས་ཁྲོད་ཀྱི་གཞོན་ནུ་ཧུར་བརྩོན་ཅན། གྲོང་ཚོའི་དབུ་ཁྲིད་ལས་བྱེད་བཅས་ཀྱིས་ཕྱར་བ་གྲུ་འདེགས་ཀྱིས་དམངས་ཁྲོད་ཀྱི་ལག་ཤེས་བཟོ་རྩལ་རྒྱུན་འཛིན་པ་འཚོལ་ཞིབ་དང་གསོ་སྐྱོང་། མཐོང་ཆེན་བཅས་བྱེད་དགོས། ལས་དོན་དེའང་ཁ་བཤད་ཙམ་དུ་མ་ཡིན་པར་ལག་ལེན་ངོ་མའི་ཐོག་ཏུ་འཁྱོལ་ཐུབ་པ་བྱས་ནས་སྔ་བར་ཕྱི་གསུམ་དུ་ཁོ་ཚོའི་ཐོབ་ཐང་དང་འཚོ་བའི་སྐྱིད་སྡུག་སོགས་ལ་མཐོང་ཆེན་བྱས་ཏེ། ཁོང་ཚོར་དམིགས་བསལ་གྱི་གཟིགས་སྐྱོང་དང་དཔལ་འབྱོར་གྱི་ཐོབ་ཐང་སྤྲོད་དགོས་པ་མ་ཟད། ད་དུང་ཕུལ་བྱུང་གི་རྒྱུན་འཛིན་པར་བྱ་དགའ་གཟེངས་བསྟོད་བྱེད་པའི་ལམ་ལུགས་གཉེར་དགོས། དེ་ལྟར་བྱུང་ན་རྒྱུན་འཛིན་པའི་ལུས་ངག་ཡིད་གསུམ་རང་འཁྲིའི་ལག་ཤེས་བཟོ་རྩལ་ཐོག་འགུགས་ཐུབ་པ་མ་ཟད། རླབས་ཆེན་གྱི་བྱ་གཞག་མང་པོ་སྒྲུབ་ནུས། དེ་དང་ཆབས་ཅིག་རྒྱུན་འཛིན་པ་དང་འབྲེལ་བའི་བཟོ་རྩལ་དེའི་ཐད་ཀྱི་ཁེ་ལས་ཚན་པ་དང་མཉམ་ལས་ལ་རོགས་རམ་བྱས་ནས། ཁོང་ཚོས་རང་འགུལ་ངང་དམངས་ཁྲོད་ཀྱི་ལག་ཤེས་བཟོ་རྩལ་དེ་མུ་མཐུད་འཕེལ་རྒྱས་གཏོང་བའི་ཀུན་སློང་ལ་ཁོར་ཡུག་བཟང་པོ་ཞིག་སྐྲུན་ཐུབ། དེང་སྐབས་བཞད་མཐོང་སྨོན་གྱི་དམངས་ཁྲོད་ཀོ་ལྤགས་ལག་ཤེས་བཟོ་རྩལ་གྱི་གནས་བབས་ལ་བལྟས་ན། སྲོལ་རྒྱུན་གྱི་བཟོ་རྩལ་རྒྱུན་འཛིན་པ་དང་ཀོ་ལྤགས་རིག་གནས་ཀྱི་ཐོན་ལས་མཉམ་འབྲེལ་བྱེད་པའི་ལམ་བུ་དེ་གསར་དུ་གཏོད་ཡོད་ལ། དེའི་ཐད་ལ་གྲུབ་འབྲས་ཀྱང་མི་དམན་ཙམ་ཐོབ་ཡོད། སླད་ཕྱིན་རྫོང་ཁོངས་སུ་སྲོལ་རྒྱུན་གྱི་ལག་ཤེས་རྒྱུན་འཛིན་ལྟེ་གནས་དང་སྦྱོང་བརྡར་འཛིན་གྲྭ་བཙུགས་ནས་མཐོང་བ་བརྒྱུད་པའི་བསླབ་རྒྱུན་གྱིས་བཟོ་རྩལ་དེར་བྱང་ཆུབ་པའི་རྒྱུན་འཛིན་པ་རྙིང་པས་གསར་བུ་རྣམས་ལ་བཟོ་རྩལ་རྒྱུན་འཛིན་གནང་བའི་སྒྲིག་གཞི་ཆ་ཚང་བ་ཞིག་འཛུགས་ཐུབ་ཚེ། ཕྱིས་སུ་བཞད་མཐོང་སྨོན་གྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་དམངས་ཁྲོད་ལག་ཤེས་བཟོ་རྩལ་དེ་རྒྱུན་མི་ཆད་པར་འཕེལ་རྒྱས་ཡོང་རྒྱུར་ཕན་པ་ཤིན་ཏུ་ཆེན་པོ་ཡོད།
       4.རིམ་ཁག་སློབ་གསོ་ཚན་པས་དམངས་ཁྲོད་ལག་ཤེས་བཟོ་རྩལ་དེའི་ཐད་ཀྱི་ཆེད་ལས་མི་སྣ་གསོ་སྐྱོང་གནང་རྒྱུའི་སྐོར།
       རང་རྒྱལ་གྱི་ཀོ་ལྤགས་ཐོན་ཁུངས་འབོར་གྲངས་འཛམ་གླིང་ཐོག་ཨང་དང་པོ་ཡིན་པ་དང་། ལྷག་པར་དུ་ཕག་ཀོ་དང་། ལུག་པགས་ཀྱི་ཐོན་ཁུངས་དེ་ཡང་འཛམ་གླིང་ཐོག་ཨང་དང་པོར་སླེབས་ཀྱི་ཡོད། རྒྱལ་ནང་གི་སློབ་ཆེན་ཁག་གིས་སྤྱི་ལོ་1954ལོ་ནས་སློབ་རྒྱུན་ལོ་བཞིའི་ཀོ་ལྤགས་ཆེད་ལས་ཀྱི་སློབ་མ་བསྡུ་འགོ་ཚུགས་པ་དང་། སྤྱི་ལོ་1978ལོ་ནས་ཀོ་ལྤགས་རྫས་འགྱུར་དང་ལས་གྲྭའི་ཆེད་ལས་ཀྱི་ཤེས་རམས་ཞིབ་འཇུག་སློབ་མ་བསྡུ་འགོ་ཚུགས་ཡོད་པ་རེད། སྤྱི་ལོ་1989ལོ་ནས་བཟུང་ཀོ་ལྤགས་རྫས་འགྱུར་དང་ལས་གྲྭའི་ཆེད་ལས་ཀྱི་འབུམ་རམས་ཞིབ་འཇུག་སློབ་མ་བསྡུ་འགོ་ཚུགས་ཡོད། ཡིན་ནའང་རང་ལྗོངས་ཀྱི་སློབ་ཆེན་ཁག་ནང་དེའི་ཐད་ཀྱི་ཆེད་ལས་མི་སྣ་གསོ་སྐྱོང་གི་ལས་འགོ་ཚུགས་མེད་པས། མ་འོངས་ལོ་ཟླའི་ནང་། རིམ་ཁག་སློབ་གསོ་ཚན་ཁག་ནས་དོ་སྣང་གནང་ནས་ས་ཁུལ་ཁག་གི་ལས་རིགས་ལག་རྩལ་སློབ་གྲྭ་དང་། ཡང་ན་སློབ་གྲྭ་ཆེན་མོའི་སྒྱུ་རྩལ་ཚན་ཁག་ནང་། བོད་ཀྱི་དམངས་ཁྲོད་ལག་ཤེས་བཟོ་རྩལ་ཐད་ཀྱི་ཆེད་ལས་གསར་བཙུགས་དང་། ཀོ་ལྤགས་རིག་གནས་དང་ཀོ་ལྤགས་བཟོ་རྩལ་སྐོར་གྱི་སློབ་ཚན་བསླབ་པ་དང་རྒྱུན་འཛིན་བྱས་ནས་རིམ་ཁག་གི་ཆེད་ལས་ཞིབ་འཇུག་མི་སྣ་གསོ་སྐྱོང་བྱེད་རྒྱུར་བརྩོན་ལེན་བྱེད་དགོས། དེ་ལྟར་བྱས་ཚེ་སློབ་མ་རྣམས་རང་གི་ལག་རྩལ་ལ་བརྟེན་ནས་འཚོ་བའི་ལམ་བུ་གསར་པ་ཞིག་རྙེད་ཐུབ་ཅིང་། དེ་མིན་ལས་ཞུགས་ཀྱི་ཁུར་པོ་ཡང་དུ་འགྲོ་བ་སོགས་ལ་ཕན་པ་ཤིན་ཏུ་ཆེན་པོ་ཡོད།
       མཇུག་བསྡུའི་གཏམ།
       བོད་ཀྱི་དམངས་ཁྲོད་ལག་ཤེས་བཟོ་རྩལ་ནི་བོད་མི་རིགས་ཀྱི་རིག་གནས་བང་མཛོད་ནང་གི་ཁྱད་དུ་འཕགས་པའི་ནོར་བུ་ཞིག་ཡིན་ཏེ། དེ་ནི་ང་ཚོའི་ཕ་མེས་རྣམས་ཀྱིས་ལོ་རྒྱུས་ཀྱི་དུས་ཡུན་རིང་པོའི་ཐོན་སྐྱེད་འཚོ་བའི་བརྒྱུད་རིམ་ནང་རང་བྱུང་ཁམས་དང་འཐབ་རྩོད་བྱས་པའི་ཤེས་རིག་གི་ཉིང་བཅུད་ཅིག་ཀྱང་ཡིན། བཞད་མཐོང་སྨོན་གྱི་དམངས་ཁྲོད་ཀོ་བཟོའི་ལག་རྩལ་དེ་ཡང་ས་ཁུལ་དེ་གའི་མང་ཚོགས་ཀྱིས་ཐོན་སྐྱེད་འཚོ་བའི་དགོས་མཁོར་དམིགས་ཏེ། རང་ས་ཁོངས་ཀྱི་ཐོན་ཁུངས་དང་ཐོན་ཁུངས་དེ་དག་གི་ཁྱད་ཆོས་ལ་ཤེས་རྟོགས་བྱེད་པའི་བརྒྱུད་རིམ་ནང་། དེ་དག་ལ་ཚོད་ལྟ་དང་། ཞིབ་འཇུག ཉམས་མྱོང་གསོག་འཇོག་བཅས་ལག་ལེན་དུ་མ་བྱས་རྗེས་ད་གཟོད་གཞི་ནས་དམིགས་བསལ་གྱི་ཡུལ་ཟོག་ཁྱད་ཆོས་ལྡན་པ་ཞིག་ཏུ་གྱུར་པའོ། ། གང་ལྟར་ཡང་ལག་ཤེས་བཟོ་རྩལ་འདི་དག་ནི་བོད་མི་རིགས་ཀྱི་བློ་གྲོས་དང་ཤེས་རབ་ཀྱི་ཉིང་ཁུ་ཡིན་ཁར། ང་ཚོ་ཕྱི་རབས་པ་རྣམས་ཀྱི་སྤོབས་པ་དང་གཟི་བརྗིད་ཀྱང་ཡིན་པས། ང་ཚོས་དུས་རབས་གསར་པའི་ཁྲོད་ཏང་གི་སྲིད་ཇུས་བཟང་པོ་དང་རིག་གནས་འཕེལ་རྒྱས་ཆེན་པོ་གཏོང་བའི་རྫོགས་ལྡན་བསྐལ་བཟང་དང་བསྟུན་ནས། དམངས་ཁྲོད་ཀྱི་ལག་ཤེས་བཟོ་རྩལ་འདི་དག་རྒྱུན་འཛིན་དང་མུ་མཐུད་དར་འཕེལ་གཏང་དགོས་པ་ནི་ང་ཚོ་ཕྱི་རབས་རྣམས་ཀྱི་གཡོལ་ཐབས་མེད་པའི་ཕྲག་སྟེང་གི་འགན་འཁྲི་ཞིག་ཡིན་པར་སེམས་སོ། །
       ཟུར་བལྟའི་དཔྱད་གཞི། 
       [1] ཀོ་བཟོ། རི་དྭགས་སྣ་ཚོགས་ཀྱི་པགས་པ་མཉེད་འདུལ་བྱས་ཏེ་གོས་དང་། ཞྭ། ལྷམ། ལྟོ་ཕད། ཕོར་པ། སྡེར་མ། སྒམ། ཁྲབ། ཀོ་གྲུ། མི་དང་སྲོག་ཆགས་ཀྱི་འདྲ་གཟུགས་སོགས་བཟོ་བའི་ལག་རྩལ་ལ་ཟེར། དུང་དཀར་བློ་བཟང་འཕྲིན་ལས། དུང་དཀར་ཚིག་མཛོད་ཆེན་མོ།  [M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2009ལོའི་ཟླ་བ་དགུ་པར་་པར་དུ་བསྐྲུན། ཤ94
       [2] དོན་གྲུབ་ལགས། ཕོ། ལོ་74 གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་ཆབ་ཁ་གྲོང་རྡལ་ཆུ་ནུབ་གྲོང་ཚོའི་ཀོ་ཆས་མཉམ་ལས་ཁང་། ལོ་ངོ་བཞི་ཅུ་ལྷག་ཙམ་གྱི་མྱོང་བ་ཡོད་པའི་བཟོ་བོ་རྒན་པོ།
       [3] རྟ་མགྲིན་ལགས། ཕོ། ལོ་32 གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་ཆབ་ཁ་གྲོང་རྡལ་ཆུ་ནུབ་གྲོང་ཚོའི་ཀོ་ཆས་མཉམ་ལས་ཁང་གི་ཀོ་བཟོ་བ་དང་འགན་འཁུར་བ།
       [4] དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་པའི་དགའ་སྟོན།[M] མི་རིགས་དཔེ་སྐྲུན་ཁང་། 2009ལོའི་ཟླ་བ་དང་པོར་པར་དུ་བསྐྲུན། ཤ84
       [5] འཕྲིན་དགའ། འུར་རྡོའི་ལོ་རྒྱུས།[J] 2007ལོའི་གངས་ལྗོངས་རིག་གནས། དུས་དེབ་གསུམ་པ། ཤ24
       [6] མིག་དམར་ཚེ་རིང་། མིག་དམར་ཚེ་རིང་གི་རྩོམ་ཡིག་ཐོར་བུ་ཕྱོགས་བསྒྲིགས།[M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2005ལོའི་ཟླ་བ་12པར་དུ་བསྐྲུན། ཤ31
       [7] བོད་རང་སྐྱོང་ལྗོངས་བཞད་མཐོང་སྨོན་རྫོང་ས་གནས་དཀར་ཆག་སྒྲིག་བཙུགས་ཨུ་ཡོན་ལྷན་ཁང་ནས་བསྒྲིགས། བཞད་མཐོང་སྨོན་རྫོང་གི་དཀར་ཆག[M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2009ལོའི་ཟླ་10 པར་དུ་བསྐྲུན། ཤ44 
       [8] གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་བཟོ་ཚོང་ཅུད་ནས་མཁོ་འདོན་གནང་།
       [9] བོད་རང་སྐྱོང་ལྗོངས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལྟེ་གནས་ནས་མཁོ་འདོན་གནང་།
       [10] གཞིས་རྩེ་གྲོང་ཁྱེར་རིག་གནས་ཅུད་ནས་མཁོ་འདོན་གནང་།
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1