རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་བྱེད་ཐབས་གཞན་པ་སྤྱད་དེ་ཡོང་སྒོ་དམའ་བའི་རྒྱལ་ཁབ་ཀྱི་རིམས་འགོད་ཐད་རྒྱབ་སྐྱོར་བྱེད་རྒྱུར་འཐད་པ་བྱུང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 11-16


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ནོར་སྲིད་དཔོན་དང་ཀྲུང་དབྱང་དངུལ་ཁང་གོ་འགོ་གཙོས་ཚེས་བཅུ་གསུམ་ཉིན་བརྙན་རིས་ཁ་པར་གྲོས་ཚོགས་བསྡུས་ནས། བུ་ལོན་འཇལ་ཡུན་ཕྱིར་བསྣུར་བྱེད་པའི་གྲོས་གཞི་ལས་གཞན་ད་དུང་བྱེད་ཐབས་གཞན་པ་སྤྱད་དེ། ཡོང་སྒོ་དམའ་བའི་རྒྱལ་ཁབ་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ཀྱི་གནོད་པར་ཁ་གཏད་འཇལ་བར་རྒྱབ་སྐྱོར་དང་རྒྱབ་སྐྱོར་བྱེད་རྒྱུར་འཐད་པ་བྱུང་།
        ཉིན་དེའི་གྲོས་ཚོགས་ལ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞི་རྒྱལ་ཁབ་སོ་ཐི་ཨ་རབ་ཀྱིས་འགོ་མཛིན་བྱས། ཚོགས་ཐོག་ཏུ་སྤེལ་བའི་གསལ་བསྒྲགས་ནང་བཤད་རྒྱུར། པྲོག་གསར་གློ་ཚད་རིམས་ནད་ཀྱི་ཉེན་ཁ་དང་ཡོང་སྒོ་དམའ་བའི་རྒྱལ་ཁབ་མང་པོའི་བུ་ལོན་ཉིན་བཞིན་ཛ་དྲག་ཏུ་འགྲོ་བའི་མདུན་ལྗོངས་ལས་བལྟས་ན། ད་ལྟ་བྱེ་བྲག་གི་གནས་ཚུལ་གཞིར་བཟུང་ནས་བྱེད་ཐབས་གཞན་པ་སྤྱད་དེ་འབྲེལ་ཡོད་རྒྱལ་ཁབ་ལ་རོགས་སྐྱོར་སྔར་ལས་མང་པོ་འདོན་སྤྲོད་བྱེད་དགོས་པ་དང་། ཚོགས་ཐོག་ཏུ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་བུ་ལོན་འཇལ་ཡུན་ཇེ་རིང་དུ་གཏོང་བའི་གྲོས་གཞི་ལས་གཞན་པའི་བུ་ལོན་ཐག་གཅོད་བྱེད་པའི་ཐུན་མོང་གི་སྒྲོམ་གཞི་ལ་མཐའ་གཅིག་ཏུ་འཐད་པ་བྱུང་བར་མ་ཟད་ཆོག་མཆན་བཀོད་ཟེར།
        གསལ་བསྒྲགས་ལས་བཤད་རྒྱུར། བུ་ལོན་འཇལ་ཚད་ཇེ་རིང་དུ་གཏོང་བའི་གྲོས་གཞིའི་ཆ་རྐྱེན་དང་མཐུན་པའི་རྒྱལ་ཁབ་ཀྱི་བུ་ལོན་དུས་ཐོག་དང་གོ་རིམ་ལྡན་པའི་ངང་ཐག་གཅོད་ཆེད། བུ་ལོན་རྒྱལ་ཁབ་ཀྱིས་སྒྲོམ་གཞི་གསར་བའི་འོག བུན་དབང་རྒྱལ་ཁབ་དང་བུ་ལོན་བཟོ་བཅོས་བྱེད་པའི་གྲོས་མཐུན་ལ་གྲོས་སྡུར་བྱེད་རྒྱུའི་རེ་བ་བཏོན་ཆོག་པ་དང་། བུ་ལོན་རྒྱལ་ཁབ་ཀྱིས་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་དང་འཛམ་གླིང་དངུལ་ཁང་། འབྲེལ་ཡོད་བུན་དབང་རྒྱལ་ཁབ་བཅས་ལ་འབྲེལ་ཡོད་སྤྱི་ཐུན་སྡེ་ཁག་ཚང་མའི་བུ་ལོན་གྱི་དགོས་ངེས་ཆ་འཕྲིན་འདོན་སྤྲོད་བྱེད་དགོས་ཟེར།
        གསལ་བསྒྲགས་ནང་བཤད་རྒྱུར། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་མུ་མཐུད་དུ་བུ་ལོན་འཇལ་བའི་དུས་ཚོད་ཕྱིར་བསྣུར་བྱེད་པའི་གྲོས་གཞི་ལག་བསྟར་བྱས་ཏེ། འབྲེལ་ཡོད་རྒྱལ་ཁབ་ལ་རྒྱབ་སྐྱོར་ཆེས་ཆེན་པོ་འདོན་སྤྲོད་བྱེད་པ་མ་ཟད། དཔོན་ཕྱོགས་ཀྱི་ཕྱོགས་གཉིས་བུན་བདག་ཚང་མས་གྲོས་གཞི་དེ་ལག་བསྟར་གང་ལེགས་བྱེད་རྒྱུའི་འབོད་སྐུལ་བཏང་ཡོད་ཟེར།  །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1