གཙོ་ངོས།>> སློབ་གསོ།>>སློབ་གསོའི་ཉམས་མྱོང་།

ཀྲའོ་ཧུའེ་ཧྥེང་གིས་བརྩམས། བདེ་སྐྱིད་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༢༠ལོའི་ཟླ་བ་༡༡ཚེས་༡༧ཉིན།

༄༅།།སློབ་སྦྱོང་བྱེད་པ་ཕན་མེད་དུ་འདོད་པ་ནི་མི་འཇོན་མེད་ཀྱི་ཁ་ནས་ཐོན་པའི་ཚིག་སྟོང་ངོ་། །


ཀྲའོ་ཧུའེ་ཧྥེང་གིས་བརྩམས། བདེ་སྐྱིད་སྒྲོལ་མས་བསྒྱུར།

        སློབ་སྦྱོང་བྱེད་པ་ནི་ཡིད་འོང་གི་བྱ་བ་ཞིག་ཡིན་ཏེ། སློབ་སྦྱོང་བྱས་ན་མིག་རྒྱང་རིང་དུ་སླེབས་ལ། ཕུགས་ཀྱི་འདུན་མའང་ཇེ་བརྟན་དུ་འགྱུར། སློབ་སྦྱོང་བྱས་ན་ཤེས་རྒྱ་ཇེ་ཆེར་འགྲོ་ལ་འགྲོ་འདུག་སྤྱོད་ལུགས་ཚང་མར་ཡང་མཁས་པར་འགྱུར། སློབ་སྦྱོང་གིས་བློ་རིག་བསྐྱེད་ལ། བློ་རིག་བསྐྱེད་པ་ལས་དེ་མཐུན་གྱི་སློབ་སྦྱོང་གི་འདུན་པ་ཇེ་ཆེར་འགྲོ་བ་ཡིན།
        ཡིན་ནའང་། ཤེས་རིག་གི་རྒྱ་མཚོ་ལ་འཇུག་པར་མི་འགའ་ཤས་ཀྱིས། སློབ་སྦྱོང་བྱེད་པ་ནི་ཕན་པ་མེད་པའི་བྱ་བ་ཞིག་ཏུ་འདོད་ནས་སློབ་སྦྱོང་ལ་མི་དགའ་བར་མ་ཟད།ད་དུང་དེ་མཐུན་གྱི་རྒྱུ་མཚན་ཞིག་ཀྱང་འདྲེན་བཞིན་འདུག དཔེར་ན། བསླབ་དེབ་ཁྲོད་ཀྱི་ཞིབ་འགྲེལ་དབྱིབས་རྩིས་དང་ལངས་གཟུགས་དབྱིབས་རྩིས་ལྟ་བུ་ཡིན་ན།འཚོ་བ་དངོས་སུ་སྤྱོད་མི་ཐུབ་པ་དང་། སྔོ་ཚལ་ཉོ་བར་ཞིབ་འགྲེལ་དབྱིབས་རྩིས་ཀྱིས་ཕན་པ་ཅི་ཡོད་དམ་ཞེས་ཟེར།
        སློབ་མ་ཁ་ཤས་ཀྱིས་དེང་སྐབས་ཀྱི་སྤྱི་ཚོགས་ཉམས་མྱོང་ནི་ཤེས་བྱ་དང་ཡོན་ཚད་ལས་གལ་ཆེ་ལ།གཉིད་ཆག་ཟས་བརྗེད་ངང་དཔེ་ཆར་བལྟས་ནས་སློབ་སྦྱོང་བྱེད་མཁན་ལ་དཔེ་ཆ་བ་གླེན་པ་ཞེས་འབོད། ད་སྐབས་ཀྱི་སློབ་གསོ་ནི་རྒྱུགས་འབྲས་ཀྱི་ཆེད་དུ་ཡིན་ཞིང་། དེ་རུ་གསོ་སྐྱོང་བྱས་པའི་སློབ་མ་ཚོའང“རྒྱུགས་འབྲས་བཟང་ཡང་ལག་ལེན་གྱི་ནུས་པ་མེད་པ”ཡི་མི་ཡིན་པར་འདོད་པ་དང་། སློབ་མ་ཁག་ཅིག་གིས་རང་གི་ཨ་ཕ་ལ་སློབ་ཆུང་གི་ཡོན་ཚད་ཙམ་ལས་མེད་ཀྱང་། ད་སྐབས་ཚོང་བདག་ཆེན་པོར་གྱུར་ཡོད། དེང་སང་གི་སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན་མཁན་ག་ས་གང་དུ་ཡོད་ལ། དེ་ཚོར་ད་དུང་བྱ་བ་ལེགས་པོ་ཞིག་ཀྱང་མི་འདུག་ཅེས་ཟེར།
        གོང་གསལ་གྱི་བཤད་ཚུལ་འདི་དག་ཐོས་རྗེས། ཁྱོད་ལ་དྲན་རྒྱུ་ཅི་ཞིག་འདུག་གམ།ཁྱོད་ཀྱིས་ཀྱང་སློབ་གྲྭ་ནས་རིག་གནས་སྦྱངས་ན་ཕན་པ་མེད་པར་འདོད་དམ།
        སློབ་འབྲིང་རིམ་པར་ཆ་བཞག་ན། ལྷག་པར་དུ་ས་གནས་ཀྱི་སློབ་འབྲིང་རིམ་པར། སློབ་མ་མང་ཤས་ལ་གནད་དོན་འདི་ཡིས་འགལ་རྐྱེན་བཟོ་བཞིན་འདུག དེ་ན། སློབ་སྦྱོང་བྱེད་པ་འདི་དངོས་གནས་དགོས་མཁོ་མེད་པ་ཞིག་རེད་དམ་ཞེ་ན། སློབ་སྦྱོང་བྱེད་པ་འདི་ནི་དགོས་མཁོ་མེད་པ་ཞིག་མིན་ལ། འདི་ནི་ང་ཚོས་རྩིས་གཞི་ཞིག་ར་སྤྲོད་བྱེད་པ་དང་འདྲ་ལ། རྒྱུ་ཡོད་ཚེ་ད་གཟོད་འབྲས་བུ་འབྱུང་བ་ཡིན། གཤམ་ནས་སློབ་སྦྱོང་བྱེད་པར་ཕན་པ་ཡོད་མེད་ཀྱི་སྐོར་ནས་ར་སྤྲོད་ཅིག་བྱེད།
        ཁྱེད་རང་ཨ་མའི་མངལ་ནས་ལྷུང་དུས། འགྲོ་འདུག་སྤྱོད་གསུམ་ཚང་མ་གཅིག་ཀྱང་མི་ཤེས། དེ་ནས་འཚར་ལོངས་ཀྱི་གོ་རིམ་ནང་དུ་ཁ་ཁ་སྣ་སྣ་ཞེས་གཅིག་གཅིག་གཉིས་གཉིས་ཀྱིས་སྦྱངས་ནས་ཡོང་བ་ལས། རིམ་པར་བྱ་དངོས་ཀུན་ལ་བརྡར་ཤ་གཅོད་པའི་བློ་དང་ནུས་པ་ཐོན་པ་ཡིན། ད་དུང་། སློབ་གྲྭ་རིམ་པར་འགྲིམས་ནས་ཡིག་རིགས་མང་པོ་ཞིག་ལ་སློབ་སྦྱོང་བྱས་པ་ལས། ད་ལྟ་ཡིན་ན་མ་མཐའ་ཡང་ཡིག་རིགས་གཉིས་ཀྱི་དཔེ་ཆ་ཀློག་ཐུབ་ལ་གོ་བའང་ལོན་པ་རེད། གལ་སྲིད། འཚོ་བའི་ནང་གི་ཉམས་མྱོང་དང་སློབ་གྲྭའི་ནང་གི་ཡིག་རིགས་ལ་སློབ་སྦྱོང་བྱས་མེད་ཚེ། ཁྱོད་ནི་མིག་ཡོད་པའི་ལོང་བ་དང་སེམས་ཡོད་པའི་བེམ་པོ་ལྟ་བུ་ཞིག་ཏུ་འགྱུར་སྲིད།
        སློབ་གྲྭ་ནས་སློབ་སྦྱོང་བྱེད་པ་ནི་དཔེ་ཆའི་ནང་གི་ཤེས་བྱ་ཐོབ་པ་ཙམ་མ་ཡིན་པར། ད་དུང་ཕྱོགས་གཞན་པའི་སྐོར་གྱི་ཤེས་བྱའང་རང་གི་རྒྱུད་ལ་འབྱོར་བ་ཡིན། དཔེར་ན།སློབ་གྲོགས་ཕན་ཚུན་བར་གྱི་འབྲེལ་འདྲིས་བྱེད་སྟངས་དང་། ཚོ་ཆུང་ནང་གི་མིའི་བར་ལ་རོགས་རམ་དང་གཞོགས་འདེགས་བྱེད་ཚུལ། ཚོ་ཆུང་དང་འཛིན་གྲྭའི་ནང་ནས་ཡང་རྩེར་ཐོན་ཚུལ་ལྟ་བུ་སོགས་མང་པོ་ཞིག་ཡོད། གལ་ཏེ། ཁྱོད་ཀྱིས་སློབ་སྦྱོང་བྱས་པ་ནི་ཕྱོགས་རེ་བའི་ཤེས་བྱ་ཙམ་དང་བསྙེགས་པ་ནི་ཕྱོགས་རེ་བའི་སྐར་འབྲས་ཙམ་ཞིག་ཡིན་ན། དེ་ནི་མིག་རྒྱང་ཐུང་ལ་བློ་རྒྱ་དོག་པའི་སྤྱོད་རྟགས་ཤིག་ཡིན་པ་མ་གཏོགས། སློབ་གྲྭར་ཕྱིན་ན་ཕན་པ་ཡོད་མེད་ཀྱི་སྐོར་ནས་གསལ་བཤད་བྱེད་མི་ཐུབ་པ་རེད།
        དབྱིན་ཇིའི་རྩོམ་པ་པོ་གྲགས་ཅན་མའོ་མུའུ་ཡིས“དཔེ་ཆ་ནི་ཁྱོད་ཀྱི་ཟླ་བོར་མ་གྱུར་ནའང་། དེ་ལ་ཆ་རྒྱུས་ཅི་ནས་ཀྱང་ཡོད་དགོས། དཔེ་ཀློག་ནི་ཁྱེད་ཀྱི་འཚོ་བའི་གོམས་གཤིས་ཤིག་ཏུ་འགྱུར་མི་ཐུབ་ནའང་ཁྱེད་ཀྱིས་དེ་ལ་བརྩི་མཐོང་བྱ་འོས།”ཞེས་གསུངས་ཡོད། སློབ་སྦྱོང་མི་བྱེད་པའི་མི་ནི་ཤེས་བྱའི་ཆུ་ཡིས་སྟོང་བའི་མྱ་ངམ་ཐང་དང་འདྲ་ལ། ཀླད་པའི་ནང་དུ་ཤེས་བྱའི་གསོ་བཅུད་དབེན་སྟབས། དུས་ནམ་ཡིན་ཡང་རང་རྐྱ་ཐུབ་པ་དང་རང་དབང་ལྡན་པ་ཞིག་ཏུ་འགྱུར་མི་སྲིད།
        སློབ་གྲྭར་ཕྱིན་ནས་སློབ་སྦྱོང་བྱེད་པ་ཕན་མེད་དུ་འདོད་མཁན་ནི་གང་འདྲ་ཞིག་ཡིན་པར་བལྟས་ན།
        རིགས་དང་པོ། སྐར་འབྲས་སྤྱིར་བཏང་ཡིན་པའམ་ཡང་ན་སྐར་འབྲས་ཞན་པའི་སློབ་མའི་རིགས་ཡིན་པ།སློབ་མ་འདིའི་རིགས་ཀྱི་སློབ་སྦྱོང་གི་འདུན་པ་དེ་སྐར་འབྲས་མི་ལེགས་པ་རེ་རེ་ནས་རྡུང་རྡེག་ཐེབས་པ་ཡིན་ལ། ཁོ་ཚོས་རྒྱུན་པར་བརྩོན་འགྲུས་ཀྱི་རྟ་ཕོ་ལ་ལྕག་གིས་བསྐུལ་ནའང་། སྐར་འབྲས་ལ་སྔར་བཞིན་ཡར་ཐོན་མེད་པ་དང་། དེ་ལྟར་ཐེངས་མང་པོ་ཞིག་ཕྱིན་རྗེས། རང་ཉིད་ལ་ཡིད་ཆེས་མེད་པར་མ་ཟད། རྒྱུན་པར་སློབ་བྱོལ་བྱེད་པ་དང་སློབ་ཁྲིད་ལ་ནན་ཏན་གྱིས་མི་ཉན་པ། ལས་བྱ་དུས་ཐོག་ཏུ་མི་འགྲུབ་པ་སོགས་བྱས་ནས་མཇུག་མཐའི་རེ་བའང་འདོར་བ་རེད། རིམ་པར་སློབ་སྦྱོང་ལ་འབད་པ་བྱེད་ཀྱང་སྐར་འབྲས་བཟང་པོ་མེད་པ་ཚོ་ལ། ཁྲེལ་དགོད་དང་ཟུར་ཟ། འཕྱ་སྨོད་བཅས་ཀྱང་བྱེད་པ་ཡིན།
        རིགས་གཉིས་པ། སྐར་འབྲས་ལེགས་པའི་སློབ་མའི་རིགས་ཡིན་པ།སྐར་འབྲས་ལེགས་པའི་སློབ་མ་ཡིས་སློབ་སྦྱོང་བྱེད་པ་འདི་ཕན་མེད་དུ་འདོད་པ་ཅི་ཡིན་ཞེ་ན། ཁྱོད་ལ་ཡ་མཚར་སྐྱེ་བར་སྲིད། ཡིན་ནའང་། དེ་ནི་དོན་དངོས་ཡིན་ཏེ། རང་ཉིད་འཕྲད་མྱོང་བའི་དོན་དག་ཅིག་ནས་བཤད་ཡོང་། དེ་དུས་ཤིག་ལ། སྐར་འབྲས་ཧ་ཅང་ལེགས་པའི་མཐོ་གཉིས་ཀྱི་སློབ་མ་ཞིག་ནང་ལོགས་ཀྱི་ཧྲེན་ཀྲེན་ས་ཆར་ཞོར་ལས་སུ་སོང་བ་དང་། ལོ་གསུམ་གྱི་རྗེས་སུ། སློབ་མ་དེ་ཡིས་ཀུང་སི་ཆུང་ཆུང་ཞིག་བཙུགས་པར་མ་ཟད། ད་དུང་ཡོང་འབབ་ཀྱང་བཟང་བ་རེད། གལ་ཏེ། ཁོས་སློབ་སྦྱོང་བྱས་ནས་མུ་མཐུད་དུ་སློབ་གྲྭར་ཕྱིན་པ་དང་། དེ་ནས་མཐོ་རྒྱུགས་ལ་ཞུགས་ན། སློབ་གྲྭ་གྲགས་ཅན་ཞིག་ཏུ་རྒྱུགས་འཕྲོད་སྲིད། ཡིན་ནའང་། ཁོ་ཚོང་ལས་སུ་ཞུགས་པ་དང་ད་དུང་གྲུབ་འབྲས་ཀྱང་མི་དམན་པ་ཞིག་བླངས་པ་རེད། དེར་བརྟེན། སྐར་འབྲས་ལེགས་པའི་སློབ་གྲོགས་ཁ་ཤས་ཀྱིས་སྲང་ལམ་དུ་ཚོང་ཁང་གཉེར་བའམ་ཚོང་ལས་བྱེད་པ་ཚོ་སློབ་ཆེན་མ་འགྲིམས་ཀྱང་། ཟླ་བ་རེའི་ཡོང་འབབ་མི་ཉུང་བ་ཞིག་ཡོད་སྟབས། སློབ་གྲྭར་ཕྱིན་ནས་སློབ་སྦྱོང་བྱེད་པ་ནི་ཕན་པ་མེད་པ་ཞིག་ཏུ་སྙམ་པ་རེད།
        རིགས་གསུམ་པ། སློབ་མཐར་ཕྱིན་པའམ་ལས་ཀ་ཤོར་བའི་སློབ་ཆེན་པའི་རིགས་ཡིན་པ།མི་འདི་དག་གིས་ཤེས་རིག་དར་བའི་དུས་སྐབས་འདིར། སློབ་ཆེན་པ་ག་ས་གང་དུ་ཡོད་ལ། ད་དུང་ལོ་རེར་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད། ཡིན་ནའང་། ལས་ཞུགས་གོ་སྐབས་ཇེ་ཉུང་ནས་ཇེ་ཉུང་དུ་འགྲོ་བཞིན་འདུག་ཅེས་འཁང་ར་བྱེད་བཞིན་ཡོད། དོན་དངོས་སུ། ལས་ཞུགས་ཀྱི་གོ་སྐབས་ཉུང་བ་མིན་པར། གཙོ་བོ་ནི་ཁོ་ཚོའི་རང་སྟེང་གི་ནུས་པ་ཞན་པས་ཡིན། སློབ་ཆེན་མཐར་ཕྱིན་པ་མང་པོ་ཞིག་གིས་རང་གི་ནུས་པར་བརྟེན་ནས་ཚོང་གཉེར་ཀུང་སི་འཛུགས་པ་དང་གཞུང་ཁོངས་ཁེ་ལས་གཉེར་བཞིན་ཡོད།
        རིགས་བཞི་པ། མཐོ་འབྲིང་རིམ་པའི་ཡན་ལ་ཕྱིན་མེད་པའི་ཞོར་ལས་མཁན་དང་ཚོང་གཉེར་པའི་རིགས་ཡིན་པ།མི་འདི་དག་གི་ནང་ནས་ཁ་ཤས་ཀྱི་ལག་ཏུ་སྒོར་མོ་འགའ་ཡོད་པ་དང་ཀུང་སི་བཙུགས་ཡོད་པར་མ་ཟད། ལས་མིའི་ཁྲོད་དུ་སློབ་ཆེན་པའང་ཡོད། ཁོ་ཚོས་སློབ་ཆེན་པའི་རིག་གནས་ཆུ་ཚད་མཐོ་ཡང་། ལག་ལེན་གྱི་ནུས་པ་ནི་རང་ཉིད་ལས་དམན་འདུག་ཅེས་འཁང་ར་བྱེད་བཞིན་ཡོད།
        སློབ་སྦྱོང་བྱེད་པ་ཕན་མེད་དུ་འདོད་མཁན་གྱིས་རང་གི་མི་འདང་ས་འགེབས་ཅི་ཐུབ་བྱེད་པ་ཡིན། སྤྱིར་ན། སློབ་སྦྱོང་བྱེད་པ་ཕན་མེད་ཡིན་ཞེས་པ་ལས་སོ་སོའི་ལྟ་ཚུལ་མི་གཅིག་ཚུལ་བརྗོད་ན་ལེགས། གལ་ཏེ། སློབ་གྲྭ་ནས་སློབ་སྦྱོང་ལེགས་པོ་བྱས་ཏེ་རིན་ཐང་ལྟ་ཚུལ་ཡང་དག་པ་ཞིག་དང་བསམ་གཞིག་བྱེད་སྟངས་ལེགས་པོ་ཞིག་ཆགས་ཡོད་ན། སློབ་སྦྱོང་ཅི་འདྲ་ཞིག་ཡིན་ཡང་འབྲས་བུ་མི་དམན་པ་ཞིག་ཐོབ་ངེས། དེ་བས། སློབ་སྦྱོང་བྱེད་སྟངས་ག་འདྲ་ཞིག་ཡིན་ནའང་། དེ་མཚུངས་ཀྱི་ནུས་པ་ཞིག་བསྐྱེད་ངེས་ལ། དེར་བསྟུན་ནས་སྤྱི་ཚོགས་ཀྱི་ལས་གནས་གང་ཞིག་ལ་ཞུགས་རུང་། དེ་མཐུན་གྱི་བྱས་རྗེས་ཤིག་འཇོག་ནུས། གཞན་སློབ་སྦྱོང་གི་ཆེད་དུ་སློབ་སྦྱོང་བྱས་ན། དཔེ་ཆའི་ནང་གི་ཡོན་ཏན་དེ་རང་གི་རྒྱུད་ལ་འབྱོར་དཀའ་ལ། སློབ་སྦྱོང་གི་ཐོག་མའི་ངོ་བོའང་འགྱུར་བ་རེད།
        སློབ་སྦྱོང་བྱེད་པ་ནི་ཕན་པ་མེད་པ་ཞིག་རེད་ཅེས་པ་ནི་ཁ་སྟོང་ནང་གི་ཚིག་སྟོང་ཞིག་རེད།གལ་ཏེ།རང་ཉིད་བརླག་པར་མི་འདོད་པ་དང་རང་གི་ཕུགས་བསམ་བརླག་པར་མི་འཇུག་ན།“སློབ་སྦྱོང་བྱས་ན་ཕན་པ་མེད”ཅེས་པའི་འཆལ་གཏམ་འདི་ལ་ཡིད་མ་ཆེས་ཤིག
        ཧ་ཝོར་ཊི་སློབ་ཆེན་དུ། སློབ་མ་ཚོས་ཉིན་མཚན་དབྱེར་མེད་ངང་སློབ་སྦྱོང་བྱེད་བཞིན་ཡོད། ཐ་ན་ནམ་གུང་གི་དུས་སམ་ཐོ་རེངས་ཀྱི་དུས་ལའང་། དཔེ་ཆ་ལྟ་བའི་གཟུགས་བརྙན་མཐོང་བ་ཡིན། སློབ་སྦྱོང་བྱེད་པར་དཀའ་ལས་ཡོད་ནའང་། ཁྱོད་རང་སློབ་སྦྱོང་ལ་དགའ་བ་ཡིན་ན། སློབ་སྦྱོང་ལས་ཐོབ་པའི་སྤྲོ་སྣང་དེ་ནི་ཁྱོད་གཅིག་པུ་ལས་གཞན་པ་སུ་ཞིག་གིས་ཀྱང་ཚོར་མི་ཐུབ། སློབ་སྦྱོང་སྐབས་ཀྱི་སུན་སྣང་དང་སྡུག་བསྔལ་ཐུང་ངུ་བྱུང་བ་འདི་ཤེས་རབ་ལ་རྨོངས་པ་དང་ཅི་བྱ་གཏོལ་མེད་དུ་གྱུར་པའི་སྡུག་བསྔལ་དང་བསྡུར་ཚེ། དེ་ནི་མར་གྱི་ནང་གི་སྤུ་ཙམ་ཡིན་ནོ། །ཁོ་ཚོས་སློབ་སྦྱོང་བྱེད་པ་ནི་ཟས་ཟ་བ་དང་གཉིད་ཉལ་བ་ནང་བཞིན་གྱི་དོན་འགངས་ཆེན་དུ་བརྩི་ལ། ཆུ་བོའི་རྒྱུན་བཞིན་བརྩོན་པ་བསྟེན་ནས་སློབ་སྦྱོང་བྱེད་བཞིན་ཡོད།
        སློབ་མ་མང་པོ་ཞིག་གིས་རང་ཉིད་ཀྱི་ལམ་བུ་བཟང་པོ་ཞིག་འཚོལ་བཞིན་ཡོད་སྲིད། ལམ་བུ་ག་འདྲ་ཞིག་ཏུ་འཇུག་ཐུབ་མིན་ནི་རང་ཉིད་ཀྱི་སློབ་སྦྱོང་བྱེད་ཤུགས་ལ་རག་ལས་པ་ཡིན། སློབ་སྦྱོང་བྱེད་པའི་ཆུ་རྒྱུན་རིང་ན། ལས་དང་ལམ་གང་ཞིག་གི་རྒྱུན་ཡང་རིང་ནས་རིང་དུ་འགྲོ་ལ། བྱ་བ་གང་ཞིག་བསྒྲུབས་པའི་རྒྱལ་ཁའང་ཁྱོད་ལ་ཐོབ་སྲིད། སྤྱིར་སློབ་སྦྱོང་བྱེད་པ་ནི་བྱ་བ་གང་ཞིག་ལེགས་འགྲུབ་འབྱུང་བའི་རྨང་གཞི་ཡིན་ལ། སློབ་སྦྱོང་བྱེད་པ་བརྒྱུད་ནས་རང་གི་ཤེས་ཡོན་ཇེ་རྒྱས་ཇེ་ལེགས་སུ་གཏོང་ཐུབ།
        དེ་བས། སློབ་སྦྱོང་བྱེད་པ་ནི་ཕན་པ་མེད་པར་འདོད་མཁན་རྣམས་ཀྱིས་ལྟ་ཚུལ་དེ་ཉིད་བསྒྱུར་ནས་སློབ་སྦྱོང་ལ་འབད་པ་གྱིས་དང་། ཁྱོད་ཀྱིས་འབད་བརྩོན་ཧུར་ཐག་བྱས་ན། དུས་ཚོད་ལ་སྔ་འཕྱི་མེད། དེ་རིང་གི་དཀའ་སྡུག་དང་འབད་བརྩོན་ནི་སང་ཉིན་གྱི་རྒྱལ་ཁའི་རྒྱུ་རུ་འགྱུར་ཐུབ་པ་མ་བརྗེད་ཅིག །

《ཁྱོད་ཀྱིས་སུའི་ཆེད་དུ་དཔེ་ཀློག་བྱེད་པ་ཡིན》ཞེས་པ་ལས་བདམས་ཏེ་བསྒྱུར།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1