གཙོ་ངོས།>> འཕྲོད་བསྟེན།>>བདེ་ཐང་ཤེས་བྱ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༢༠ལོའི་ཟླ་བ་༡༡ཚེས་༡༧ཉིན།

༄༅།།ཟླ་མཚན་མི་སྙོམས་པར་ནད་བསྟུན་སྨན་བཅོས་བྱེད་དགོས།




        ཉེ་བའི་ལོ་ཕྱེད་ཙམ་གྱི་རིང་ལ།ཚེ་སྐྱིད་སྒྲོལ་མར་བྱ་བའི་གནོན་ཤུགས་ཧ་ཅང་ཆེ་བས། མཚན་བརྒལ་ཏེ་གཉིད་ཆག་པ་ནི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཏུ་གྱུར་ཡོད་ལ།དེས་མོའི་གཉིད་ལ་བར་ཆད་བཟོས་པར་མ་ཟད།དུས་རྒྱུན་ཧ་ཅང་དུས་ཐོག་ཡིན་པའི་ཟླ་མཚན་ལའང་ཕྱི་འགྱངས་ཐེབས།དེ་བས་ཚེ་སྐྱིད་སྒྲོལ་མ་སྨན་ཁང་དུ་སོང་ནས་སྨན་པར་བསྟན་པ་ན།དེ་ནི་ཟླ་མཚན་མི་སྙོམས་པའི་ནད་རྟགས་ཡིན་པ་ཤེས་སོང་།
        “ཟླ་མཚན་མི་སྙོམས་པ་ལ་རྒྱུ་རྐྱེན་མང་པོ་ཡོད་དེ།བྱ་བ་དང་འཚོ་བའི་དབང་གིས་རྒྱུན་དུ་མཚན་བརྒལ་བ་དང་ཡང་ན་ངལ་གསོའི་དུས་ཚོད་གོ་ལྡོག་པ་སོགས་ངལ་གསོའི་གོམས་སྲོལ་མི་ལེགས་པ་དག་གིས་ནང་གི་ཟགས་ཐོན་མི་སྙོམས་པར་བཟོས་ཏེ།ཟླ་མཚན་མི་སྙོམས་པའི་གནས་ཚུལ་བཟོས་པ་རེད།དེ་ལས་གཞན་ད་རུང་ནང་གི་ཟགས་ཐོན་མི་སྙོམས་པ་ལས་ཨོལ་རྨེན་བྱེད་ལས་རྒྱས་དྲག་པ་དང་ཡང་ན་དམའ་བར་བྱས་པའི་དབང་གིས་བསམ་བསེའུ་བྱེད་ནུས་ལའང་གནོད་འཚེ་ཐེབས་སྲིད།”མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་མོ་ནད་ཚན་ཁག་གི་སྨན་པ་འབུམ་རམས་པ་ཝང་ལེ་ཧུང་གིས་དེ་ལྟར་བཤད་པ་དང་།དེའི་ཁར་ད་རུང་བཟའ་བཏུང་ཇེ་ཉུང་དུ་བཏང་བ་དང་ལུས་པོ་འཁྱགས་པ།སེམས་མི་སྐྱིད་པ་སོགས་ཀྱིས་ཀྱང་ཟླ་མཚན་མི་སྙོམས་པའི་གནས་ཚུལ་བཟོ་སྲིད།གལ་ཏེ་དུས་ཡུན་རིང་པོར་སེམས་ཁམས་མི་བདེ་བ་དང་ཤ་སྒྲིམ་པའམ་ཡང་ན་བསམ་བློར་ཕོག་ཐུག་ཐེབས་པ་དང་སེམས་ལ་རྨས་སྐྱོན་ཕོག་ན།ཟླ་མཚན་སྙོམས་པོ་མི་ཡོང་བར་མ་ཟད།ཟླ་མཚན་འབབ་སྐབས་ཟུག་གཟེར་ལངས་པ་དང་ཐ་ན་ཟླ་མཚན་ཆད་པའི་ཉེན་ཁའང་ཡོད།ཟླ་མཚན་འབབ་པའི་སྐབས་སུ་བུད་མེད་ལ་གྲང་འཁྱགས་ཐེབས་ན་མཚང་ཁོག་གི་ཁྲག་རྩ་གློ་བུར་འཁུམ་པས།ཟླ་མཚན་འབབ་ཚད་ཇེ་ཉུང་དུ་འགྲོ་བའམ་ཡང་ན་ཆད་པའི་ཉེན་ཁ་ཆེ།བུད་མེད་མང་པོ་ཞིག་གིས་སྐྱེ་གཟུགས་ཡག་པོ་ཡོང་ཆེད།ཟ་མ་ཉུང་བཟའ་བྱེད་རྒྱུར་དགའ་བས།ལུས་པོར་ནུས་དྲོད་ཀྱིས་མི་འདང་བ་དང་།ལུས་སྟེང་གི་ཚིལ་དང་སྤྲི་དཀར་ཟད་ཚད་མཐོ་བས་ཟླ་མཚན་འབབ་པར་གནོད་པ་ཐེབས་པ་རེད།དེ་ལས་གཞན་ད་རུང་རྒྱུན་དུ་ཆང་འཐུང་བ་དང་ཐ་མག་འཐེན་པའི་བུད་མེད་ལའང་ཟླ་མཚན་མི་སྙོམས་པའི་གནས་ཚུལ་འབྱུང་སླ།
        ཝང་ལེ་ཧུང་གིས་བཤད་པ་ལྟར་ན།ཟླ་མཚན་མི་སྙོམས་པ་ལ་རྒྱུན་མཐོང་གི་ནད་རྟགས་འགའ་ཡོད་དེ།གཅིག་ནི་ཁྲག་རྡོལ་རང་བཞིན་གྱི་ཟླ་མཚན་མི་སྙོམས་པ་ཡིན།དེ་ནི་གཙོ་བོ་དུས་མ་རན་པར་འབབ་པ་དང་ཁྲག་བརྡོལ་ཚད་མང་བ།དུས་ཡུན་རིང་བ་བཅས་ཡིན་ལ།གཉིས་ནི་ཟུམ་པའི་རང་བཞིན་གྱི་ཟླ་མཚན་མི་སྙོམས་པ་ཡིན།དེ་ནི་གཙོ་བོ་དུས་ཚོད་ལ་ངེས་གཏན་མེད་པ་དང་འབབ་ཚད་ཉུང་བ།འཁོར་ཡུན་ཇེ་ཐུང་དུ་འགྲོ་བ་བཅས་སོ།།ཁྲག་བརྡོལ་ཚད་མང་བའམ་ཉུང་བ་གང་ཞིག་ཡིན་རུང་རྒྱུན་ལྡན་མ་ཡིན་པའི་གནས་ཚུལ་དུ་གཏོགས་པ་རེད།རྒྱུན་ལྡན་གྱི་ཟླ་མཚན་འཁོར་ཡུན་ནི་ཉིན28ཡིན་མོད།འོན་ཀྱང་བུད་མེད་ཁ་ཤས་ཤིག་གི་ཟླ་མཚན་འཁོར་ཡུན་འཁྲུག་པར་གྱུར་ཏེ་དུས་ཡུན་ངེས་མེད་དུ་འབབ་པའི་གནས་ཚུལ་ཧ་ཅང་མང་།འཁོར་ཡུན་རིང་ན་གདོང་ལ་ནག་ཐིག་འབབ་པ་དང་སྐྱི་པགས་ལྷོད་པ།ངོ་མདངས་མི་ལེགས་པ།གདོང་མདོག་རྩུབ་པ་སོགས་རྒྱུན་ལྡན་མ་ཡིན་པའི་སྣང་ཚུལ་འབྱུང་བ་དང་།འཁོར་ཡུན་ཐུང་ན་ལུས་ཟུངས་ཉམས་ཏེ་བུད་མེད་ཀྱི་ལུས་སྟེང་གི་རྙིང་ཚབ་གསར་བརྗེ་དང་དུག་འདོར་བར་མི་ཕན་པས་རྒས་སླ་བ་རེད།དེའི་རྐྱེན་གྱིས་འཁོར་ཡུན་རྒྱུན་ལྡན་མིན་པའི་སྐབས་སུ།མྱུར་དུ་སྨན་པར་བསྟེན་ཏེ་ལེགས་སྒྲིག་བྱེད་དགོས།སྤྱིར་བཏང་གི་ཟླ་མཚན་འབབ་པའི་དུས་ཡུན་ནི་ཉིན3ནས7ཡིན་པ་དང་།གལ་ཏེ་ཉིན་གཉིས་ནས་གསུམ་གྱི་ནང་དུ་འབབ་མཚམས་བཞག་ན་དུས་ཡུན་ཐུང་དྲགས་པ་ཡིན་པས།ནང་གནས་ཟགས་ཐོན་ཐད་གནད་དོན་བྱུང་ཡོད་མེད་ལ་བསམ་བློ་གཏོང་དགོས།ཟླ་མཚན་འབབ་ཡུན་ཐུང་ན་སྤྱིར་བཏང་གིས་ནང་གནས་ཟགས་ཐོན་དོ་མཉམ་མིན་པའི་གནད་དོན་བྱུང་སྟེ།མོ་རྒྱུ་སྐུལ་རྩི་ཇེ་ཉུང་དུ་སོང་བ་ལས་བཟོས་པ་རེད།བུད་མེད་ཀྱི་ལུས་སྟེང་གི་མོ་རྒྱུ་སྐུལ་རྩི་ཟགས་ཐོན་བྱེད་ཚད་ཇེ་ཉུང་དུ་སོང་ན།ལུས་སྟེང་གི་འཁོར་རྒྱུག་ཇེ་དལ་དུ་འགྲོ་བ་དང་དུས་ཡུན་རིང་ན་རྒས་རྟགས་མངོན་སྲིད།ཁྲག་བརྡོལ་ཚད་མང་བ་དང་འབབ་ཡུན་རིང་ན་བསམ་བློར་ཕོག་ཐུག་ཐེབས་པ་དང་ཁོར་ཡུག་ལ་འགྱུར་ལྡོག་བྱུང་བ།འཚོ་བཅུད་ཀྱིས་མི་འདང་བ།རྙིང་ཚབ་གསར་བརྗེ་བྱེད་མི་ཐུབ་པ་སོགས་ཀྱི་རྐྱེན་གྱིས་བསླངས་པ་ཡིན་པས།དེ་ནི་བྱེད་ནུས་རང་བཞིན་གྱི་བུ་སྣོད་ཁྲག་རྡོལ་གྱི་རིགས་ཤིག་ཡིན།གལ་ཏེ་ཟླ་མཚན་འབབ་ཡུན་རིང་དྲགས་ན་ཁྲག་ཤེད་དམའ་བའི་ནད་འབྱུང་བ་རེད།དེ་བས་ཟླ་མཚན་འབབ་ཡུན་རིང་བར་མ་ཟད་འབབ་ཚད་མཐོ་བའི་བུད་མེད་རྣམས་ལ་ཟླ་མཚན་བབས་ཚར་རྗེས་མགོ་ཡོམ་འཁོར་བ་དང་ལུས་ལ་ཤེད་མེད་པ།ངོ་མདངས་མི་ལེགས་པ་སོགས་ཀྱི་གནས་ཚུལ་འབྱུང་སྐབས་ཁྲག་ཤེད་ཇེ་དམའ་རུ་སོང་ཡོད་པས།དེ་ལ་དོ་སྣང་བྱས་ཏེ་དུས་ལྟར་ལྕགས་དང་ཁྲག་གི་གྲུབ་ཆ་ཁ་སྣོན་བྱེད་དགོས།
        ཝང་ལེ་ཧུང་གིས་གསལ་འདེབས་བྱས་པ་སྟེ།ཟླ་མཚན་མི་སྙོམས་པའི་བུད་མེད་རྣམས་ཀྱིས་དུས་རྒྱུན་དུ་སྣུམ་དང་བྲོ་རྫས་ཉུང་ལ་འཇུ་སླ་བའི་ཟས་རིགས་བསྟེན་པ་དང་།ནང་སྒོས་སུ་ཟླ་མཚན་འབབ་པའི་ཉིན་དེ་དག་གི་རིང་ལ་འཇུ་སླ་བའི་ཟས་རིགས་བསྟེན་པར་འཚམ།དེ་ལྟར་བྱས་ན་འཇུ་སླ་བ་དང་བསྡུ་ལེན་བྱེད་སླ་བར་མ་ཟད།ལུས་སྟེང་གི་ཚྭ་ཆུ་ཇེ་མང་དུ་མི་འགྲོ་བ་རེད།དེ་དང་མཉམ་དུ་སེམས་ཁམས་སྐྱིད་པོ་ཡོང་བར་འབད་པ་ལས་རྙོག་འཛིང་ཆེ་བའི་བྱ་བ་དང་ཁོང་ཁྲོ་ལངས་སླ་བའི་གནས་ཚུལ་ལ་གཡོལ་ཅི་ཐུབ་བྱེད་དགོས།ཟུག་སློང་ཅན་གྱི་ཟས་རིགས་ཉུང་བཟའ་བྱེད་དགོས་པ་དང་། ལྕགས་ཀྱི་རྒྱུ་འདུས་པ་དང་འཚོ་བཅུད་ལྡན་པའི་ཟས་རིགས་མང་དུ་བཟའ་དགོས།བཟའ་བཏུང་ལུགས་མཐུན་སྒོས་སྤྱད་ན་བུད་མེད་ཀྱི་ཟླ་མཚན་མི་སྙོམས་པ་ལེགས་སྒྲིག་བྱེད་ཐུབ།གོན་པ་དྲོན་པོ་གྱོན་ཏེ་ལུས་པོ་འཁྱགས་སུ་མི་འཇུག་པ་དང་།འཚོ་བའི་གོམས་གཤིས་ལེགས་པོ་རྒྱུན་སྲུང་བྱེད་དགོས།ཟླ་མཚན་མི་སྙོམས་པ་ནི་ངལ་དུབ་ཀྱི་དབང་གིས་བྱུང་བ་ཡིན་སྲིད་ལ།འཚོ་བར་གོ་རིམ་མི་ལྡན་པའི་དབང་གིས་བྱུང་བའང་ཡིན་སྲིད་པས།འཚོ་བའི་གོམས་གཤིས་ལེགས་པོ་ཆགས་སུ་འཇུག་པ་དང་།གཉིད་འདང་ཚོད་ལྡན་པར་ཁག་ཐེག་བྱེད་དགོས་ལ།རྒྱུན་དུ་མཚན་བརྒལ་ཏེ་གཉིད་ཆག་པར་གཡོལ་ཅི་ཐུབ་བྱེད་དགོས།དུས་རྒྱུན་དུ་ལུས་སྦྱོང་ཚད་དང་རན་པ་བྱས་ཏེ་ལུས་པོར་བདག་སྐྱོང་ལེགས་པོ་བྱས་ན།ཟླ་མཚན་མི་སྙོམས་པའི་གནས་ཚུལ་ལེགས་སྒྲིག་བྱེད་ཐུབ་བོ། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1