གཙོ་ངོས།>> རྩོམ་རིག>>སྙན་རྩོམ།

རྟོགས་ལྡན་བསྐལ་ཁོ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༡༡ཚེས་༡༧ཉིན།

༄༅།།རྩྭ་ཐང་གི་གསེར་མདོག་ཉི་མ།


_____དགེ་བའི་བཤེས་གཉེན་ཆེན་པོ་མཛོད་དགེ་ཉི་མ་མཆོག་རྗེས་སུ་དྲན་པ།

                                                            རྟོགས་ལྡན་བསྐལ་ཁོ།

ཕྱོགས་དུས་རྒྱལ་བ་ཀུན་གྱི་ཐུགས་དམ་ཟབ་མོ་གནས་ལུགས་ལྟ་བའི་གཤིས།།
སྨྲ་བསམ་བརྗོད་འདས་ལུང་དང་རྟོགས་པའི་བདག་ཉིད་བརྗོད་པ་དམ་པའི་བོན།།
ཅི་བཞིན་གཟིགས་ལ་སྒྲིབ་བྲལ་མཁྱེན་དཔྱོད་བློ་གྲོས་ཆེས་ཆེར་འབར་བའི་དཔལ།།
འཇམ་དཔལ་དབྱངས་དངོས་བློ་བཟང་ཉི་མ་མཆོག་གང་སྤྱི་བོའི་གཙུག་ཏུ་མཆོད།།

དུས་རབས་ཉི་ཤུའི་ནང་དུ་གླིང་དཀར་སྟོད་ཅེས་མདོ་སྨད་ཞིང་གི་ཆར།།
སྨན་ལྗོངས་ཕྱུག་མོའི་རོང་མ་འབྲོག་གི་ཕུན་སུམ་ཚོགས་པའི་ཁྱིམ་ཞིག་ན།།
གང་སྐུ་མངོན་པར་བལྟམས་པས་ཤིས་པའི་རྔ་ཆེན་ཕྱོགས་བཅུ་ཀུན་ཏུ་བརྡུང་།།
ཡུལ་དེའི་དཀར་ཕྱོགས་ལྷ་ཀླུ་གཞི་བདག་དགའ་བའི་ངོ་སོ་ཅིས་མི་བསྟོད།།

ཆུང་ནས་གྲྭ་སར་འགྲིམ་ཞིང་ཤེས་རིག་ཡོན་ཏན་མ་ལུས་མཁྱེན་པར་མཛད།།
གདན་ས་ཁག་གི་སྒྲིག་ལམ་བསྲུང་སྟེ་ཚུལ་བཞིན་འདུལ་བའི་བརྟུལ་ཞུགས་བཟུང་།།
མདོ་སྔགས་གཞུང་བརྒྱའི་དགོངས་པ་ཟབ་མོར་ལུང་དང་རིག་པས་སྒྲོ་འདོགས་བཅད།།
མཁས་པའི་སྙན་པ་འཛིན་མའི་ཁྱོན་ན་ཡོམ་ཡོམ་གཡོ་བར་བྱས་སོ་ལོ།།

སྤྱི་ཚོགས་གསར་རྙིང་གཉིས་ལ་གོམ་པ་སྤོས་ཤིང་སྐྱིད་སྡུག་འདྲེས་མ་མྱོང་།།
རིག་གནས་གསར་རྙིང་གཉིས་ལ་མཁྱེན་པར་མཛད་པས་མཁྱེན་པ་ཀློང་དུ་བརྡོལ།།
གསོ་རིག་གསེར་གྱི་ཉ་མོ་བཟུང་བས་མཐོ་སྒང་ཕྱུགས་ལས་སྨན་བཅོས་ཀྱི།།
ལག་ཐབས་གསར་བཏོད་བྱས་ཤིང་ཚན་རིག་དང་མཐུན་ཕྱུགས་རྣམས་འཕེལ་ཁ་རྒོད།།

མཁྱེན་དཔྱོད་སྐྱེན་པོའི་རིག་པ་བདར་ནས་ཕྱི་རབས་འགྲོ་བའི་བགོ་སྐལ་དུ།།
མདོ་སྔགས་གཞུང་བརྒྱའི་དགོངས་པ་ཟབ་མོ་བརྗོད་བྱ་བྱས་པའི་གསུང་འབུམ་ལ།།
བཀའ་པོད་དགུ་ཡི་བདག་ཉིད་གཏོས་ཆེན་པར་དུ་བསྐྲུན་ཞིང་བཀྲམ་པ་འདིས།།
སྐལ་ལྡན་ཁྲི་འབུམ་སྐོམ་པས་གདུང་ལ་བདུད་རྩི་བསིལ་མའི་དཔྱིད་དུ་སྨིན།།

སྦྲང་ཆར་བསིལ་མས་སྐྱེ་དངོས་ཁྲག་ཁྲིག་ཚེ་སྲོག་གསར་བའི་འདབ་བརྒྱ་གྲོལ།།
རྟ་བདུན་དབང་བོས་མུན་པའི་འཇིག་རྟེན་སྣང་བའི་དཔལ་གྱི་ལང་ཚོ་སྨིན།།
འདྲེན་པ་གང་གིས་གངས་ཕྲུག་གཞོན་ནུའི་མ་འོངས་མདུན་ལམ་རིང་མོ་ལ།།
ལང་ཚོ་བསྐྲུན་དང་གཉིས་སུ་མེད་ཅེས་མགྲིན་པ་གཟེངས་སུ་བསྟོད་ནས་སྨྲ།།

ཕྱོགས་འཛིན་གདོན་གྱིས་མྱོས་པའི་དེང་གི་མཁས་པར་རློམ་པ་རེ་འགའ་ཡིས།།
ལྟ་གྲུབ་སྟོང་གི་གནས་ལུགས་ཤེས་ཁུལ་རང་སྣང་གང་དྲན་བཤད་ཆེས་པས།།
འཛམ་བུ་གླིང་གིས་དམ་དུ་འཛིན་པའི་རླབས་ཆེན་དུས་རབས་འདི་ལ་ཡང་།།
ང་ཚོ་གྲུབ་མཐའི་གཡུར་སར་ཕྱིར་ལ་འཁྲིད་འདིས་སྐྱོ་བ་བས་ཀྱང་སྐྱོ།།

འགྲོ་དྲུག་སེམས་ཅན་ཕ་མར་ཤེས་པའི་བྱམས་བརྩེ་ཟབ་མོ་ཁྱེད་ལ་ཡོད།།
འཛམ་གླིང་ཧྲིལ་བོ་ཁྱིམ་ཚང་གཅིག་པའི་འདུ་ཤེས་ཟབ་མོ་ཁྱེད་ལ་ཡོད།།
ས་ཡ་དྲུག་གི་སྐྱིད་སྡུག་མཁྱེན་པའི་ཡོན་ཏན་ཟབ་མོ་ཁྱེད་ལ་ཡོད།།
གྲུབ་མཐའ་ཐམས་ཅད་གཅིག་ཏུ་ཤེས་པའི་ལྟ་བ་ཟབ་མོའང་ཁྱེད་ལ་ཡོད།།

དབང་དང་ཐ་ཚིག་བསྒྲགས་ནས་ཕྱི་རབས་རེ་བའི་མདུན་ལམ་བཀག་པ་མེད།།
དམ་ཚིག་ཟབ་ཅེས་བོད་པའི་སེམས་ལ་མི་འདོད་རྨ་ཁ་བཟོས་པ་མེད།།
མཐོན་པོའི་ཁྲི་ལ་འགྱིང་ནས་སྒེར་གཅོད་ལྟ་བས་འཁྲུགས་ལོང་བསླང་བ་མེད།།
འཆི་བ་མི་རྟག་བཤད་ནས་དོན་དངོས་རྟག་འཛིན་ལྟ་བ་གཉེར་བ་མེད།།

བོད་ཡུལ་སྤྱི་དང་སྒོས་སུ་མདོ་སྨད་ཞིང་གི་གཞོན་རབས་རེ་བ་ཅན།།
ཁྲི་མ་འབུམ་གྱི་སློབ་གསོའི་ཁ་ཕྱོགས་གནའ་དེང་ཟུང་དུ་འབྲེལ་བ་ལ།།
དབུ་མའི་ལམ་མཆོག་བསྟན་པའི་སྐྱེས་མཆོག་ཁྱེད་ཀྱི་ཡོན་ཏན་ཕུང་བོ་ཆེ།།
སོར་སྐྱེས་བདག་འདྲའི་བརྗོད་པའི་ཡུལ་ལས་འདས་པ་དངོས་པོའི་གཤིས།།

ལྷག་དོན་ཕ་དང་མེས་པོའི་ཤུལ་བཞག་ཤེས་རིག་པད་མོ་དགའ་བའི་ཚལ།།
ཡོངས་སུ་རྒྱས་པ་མཛོད་དགེའི་བོད་ཡིག་སློབ་འབྲིང་ཞེས་ཀྱི་གྲགས་པ་ཅན།།
གཞི་ནས་བཏབས་པས་བོད་ཡུལ་ཞིང་ལྗོངས་ལྔ་ཡི་ན་གཞོན་སྦྲང་བུའི་ཚོགས།།
དྲན་རིག་སེམས་ཀྱི་ཟློས་གར་བསྒྱུར་སའི་གར་སྟེགས་ཆེན་པོར་གྱུར་འདི་རྨད།།

དེང་ཡང་བོད་ཡུལ་སྤྱི་དང་སྒོས་སུ་མདོ་སྨད་ཞིང་གི་གཞོན་རབས་པ།།
ཕལ་ཆེར་མགོན་པོ་གང་གི་དངོས་སློབ་དང་ནི་བརྒྱུད་སློབ་ཡིན་ནོ་ཞེས།།
སྐད་ངག་མཐོན་པོས་སྨྲས་ནའང་ཐལ་བར་མི་འགྱུར་དེ་བཞིན་བདེན་པས་ན།།
རླབས་ཆེན་དུས་རབས་འདི་ལ་ཁྱེད་ཉིད་མ་བཞུགས་སེམས་པ་སྐྱོ་བས་མནར།།

གང་སྐུ་གསེར་གྱི་ཉི་མ་ནུབ་རིར་བཞུད་ནས་ལོ་ཟླ་གྲངས་འདས་ཀྱང་།།
སྙིང་སྟོབས་གསོན་པོ་ཕྱི་རབས་ཟུངས་ཁྲག་རྒྱུན་ལ་འདྲེས་པ་འོ་ཆུ་བཞིན།།
དེ་ཕྱིར་བཀའ་དྲིན་ཞུ་ན་མགོན་པོ་གང་གི་སྐུ་གསུང་ཐུགས་ལ་ཞུ།།
རྗེས་དྲན་ཞུ་ནའང་མགོན་པོ་གང་གི་མི་ཚེའི་མཛད་རྗེས་ཟབ་མོར་ཞུ།།
                   ༢༠༡༩/༡༢/༣༠ཉིན་སྦྱར་བའོ།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1