རྔ་བ་ཁུལ་མའོ་རྫོང་གིས་2020ལོའི“ཆའང་རིགས་ལོ་གསར”གྱི་རྟེན་འབྲེལ་མཛད་སྒོ་སྤེལ་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-18



     ཟླ་11ཚེས་15ཉིན་(ལུགས་རྙིང་ལོའི་ཟླ་10ཚེས་1ཉིན)ནི་ཆའང་རིགས་ས་ཁུལ་གྱི་དུས་ཆེན་གཙོ་བོ་སྟེ་ཆའང་རིགས་ལོ་གསར་ཡིན། རྔ་བ་ཁུལ་མའོ་རྫོང་གི་མི་རིགས་ཁག་གི་མང་ཚོགས་ཀྱིས་དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་ཏེ་གླུ་ལེན་གར་འཁྲབ་བྱས་ནས་ཆེས་སྲོལ་རྒྱུན་གྱི་རྣམ་པས་ཆའང་རིགས་ལོ་གསར་ལ་རྟེན་འབྲེལ་ཞུས་པ་རེད།

     ཟླ་11པའི་ཚེས་14ཉིན་(ལུགས་རྙིང་གི་ཟླ་9བའི་ཚེས་29ཉིན)ཀྲུང་གོ་གནའ་བོའི་ཆའང་རིགས་མཁར་གྲོང་ཡོངས་སུ་གློག་འོད་རབ་ཏུ་འཚེར་ཞིང་། ཆའང་རིགས་ཀྱི་ལོ་གསར་བསུ་བའི་བྱེད་སྒོ་དེ་དུས་དེ་ནས་དངོས་སུ་སྤེལ་འགོ་ཚུགས་པ་རེད། ཀྲུང་གོ་གནའ་བོའི་ཆའང་རིགས་མཁར་གྲོང་གི་ཆའང་རིགས་རིག་གནས་ཐང་ཆེན་དུ། ལོ་ངོ་སྟོང་རིང་འབར་བའི་“བསྐལ་བརྒྱར་གནས་པའི་མེ”ཆེན་པོ་སྤར་ཞིང་། ས་གནས་དེ་གའི་མང་ཚོགས་དང་ཡུལ་སྐོར་བ་ཚོ་མཉམ་དུ་དགའ་བས་འཛོམས་ནས་མེ་ཐབ་བསྐོར་ཏེ་དགའ་སྤྲོའི་ངང་ཆའང་རིགས་གླུ་གར་འཁྲབ། “བསྐལ་བརྒྱར་གནས་པའི་མེ” ལ་བསྲེགས་པའི་ལུག་ཤའི་དྲི་ཞིམ་འཐུལ་ཞིང་། ལོ་གསར་བསུ་བའི་མེ་ཕུང་དགོང་ཚོགས་དེ་གླུ་གར་དང་དགའ་སྤྲོའི་དགོད་སྒྲའི་ཁྲོད་འགོ་ཚུགས་པ་རེད།


       ཟླ་11ཚེས་15ཉིན(ལུགས་རྙིང་ལོའི་ཟླ་10ཚེས་1ཉིན)“ཕྱོགས་ཡོངས་ནས་འབྱོར་འབྲིང་ཡོང་བར། མངོན་མིན་རིག་གནས་ཤུལ་བཞག་མཉམ་དུ་བསྐྱོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཆའང་རིགས་ལོ་གསར་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྟེན་འབྲེལ་མཛད་སྒོའི་འགྲེམས་འཁྲབ་བྱེད་སྒོ་ཀྲུང་གོ་གནའ་བོའི་ཆའང་རིགས་མཁར་གྲོང་དུ་དངོས་སུ་འཁྲབ་སྟོན་བྱས་པ་རེད། འགྲེམས་འཁྲབ་དེ《གནམ་ལ་མཆོད་པ་ཕུལ་ནས་དུས་བདེ་ཡོང་བའི་སྨོན་འདུན་ཞུ》དང《ཆའང་ལུགས་ཆའང་ཉམས་ཀྱིས་ལོ་ལེགས་བྱུང་བར་རྟེན་འབྲེལ་ཞུ》 《བློ་སེམས་གཅིག་སྒྲིལ་གྱིས་འབྱོར་འབྲིང་ཕྱོགས་སུ་བསྐྱོད》བཅས་ཁྱོན་ལེ་ཚན་གསུམ་ལ་དབྱེ་ཡོད། ཆའང་རིགས་ཀྱི་མཆོད་འབུལ་དང་ལོ་གསར་གྱི་གླུ་གཞས། ཤིས་ཚིག་འབུལ་བ། ལོ་གསར་གྱི་གླུ་གཞས་མཉམ་ལེན་བྱས་པ་བཅས་བརྒྱུད། ཆའང་རིགས་མང་ཚོགས་ཀྱིས་ལོ་གསར་བསུ་བའི་མཛད་སྒོའི་ཁྲོད་བརྒྱུད་སྤྲོད་བྱས་པའི་རིག་གནས་ཀྱི་ནང་དོན་དང་མི་རབས་ནས་མི་རབས་བར་གྱི་བསམ་པའི་འདུ་ཤེས་མཚོན་པར་བྱས་ཡོད། མི་རྣམས་ཀྱིས་ལུས་ལ་དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་ཤིང་དགའ་སྤྲོའི་རྣམ་པས་ཁེངས་ནས། ཞིང་ལས་སྐོར་གླེང་བ་དང་ལོ་ལེགས་ལ་རྟེན་འབྲེལ་ཞུས། ཁྱད་ལྡན་རིག་གནས་ལ་བརྟེན་ནས་ཆའང་རིགས་མང་ཚོགས་ཀྱིས་དུས་བཞིའི་དུས་བདེ་དང་ལོ་ལེགས་ཀྱི་སྤྲོ་སྣང་མཚོན་པར་བྱས་ཡོད། འགྲེམས་འཁྲབ་བྱེད་རིང་ཕ་ཡུལ་ལ་བསྟོད་པ་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སོགས་ཆའང་རིགས་ཀྱི་གསར་གཏོད་གླུ་གར་ལ་བརྟེན་ནས་ཁྱིམ་གཞིས་གསར་པ་དང་དུས་རབས་གསར་པར་བསྟོད་གླུ་ལེན་པ་དང་བསྔགས་བརྗོད་བྱེད་ཀྱི་ཡོད། བྱེད་སྒོ་སྤེལ་ཡུལ་དུ་ད་དུང་ཆའང་རིགས་ཀྱི་ལོ་གསར་གསོལ་སྟོན་བཤམས་ནས་ཆའང་རིགས་ཀྱི་ཞིམ་ཟས་རིག་གནས་དང་། གུས་སྲོལ་རིག་གནས། གསོལ་གཏམ་རིག་གནས། རོལ་མོའི་རིག་གནས། སྡེར་མའི་རིག་གནས་བཅས་འགྲེམས་སྟོན་བྱས་པ་རེད། གར་སྟེགས་སྟེང་འོག་ཀུན་ནས་གླུ་ལེན་གར་འཁྲབ་བྱས་པ་བརྒྱུད། ཡུལ་སྐོར་བ་ཚོས་ཆའང་རིགས་ལོ་གསར་གྱི་ཆའང་རིགས་སྤུན་ཟླ་ཚོའི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་འདྲིས་ཉམས་ལེན་བྱས་པ་མ་ཟད། ཕྱི་ཕྱོགས་སུ་མའོ་རྫོང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་། ཡར་ངོའི་ཟླ་ལྟར་འཕེལ་བ། མི་ཉམས་གོང་འཕེལ་བཅས་ཀྱི་ཞི་མཐུན་ཤོག་དྲིལ་བཀྲམ་ཡོད།


      ཆའང་རིགས་རྒྱན་གོས་དང་གླུ་གར་རྣམ་པ་སྣ་ཚོགས་ཀྱིས་མི་རྣམས་ལྟ་བ་མིག་གིས་མི་ཁོམ་པ་བཟོས། གར་སྟེགས་ཐོག་ཏུ་ངོ་མཚར་ཆེ་ཞིང་། གར་སྟེགས་འོག་ཏུ་དགའ་འབོད་བྱས། བཀྲ་ཤིས་པ་དང་། འཆམ་མཐུན། དྲིན་ཚོར། འབད་འབུངས་ཡར་བརྩོན་བཅས་ཀྱི“ཆའང་རིགས་ལོ་གསར”གྱི་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་འཁྲབ་དེས་ཡུལ་དངོས་ཀྱི་ལྟད་མོ་བར་མི་སེམས་འགུལ་བའི་མཐོང་ཚོར་གྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་པ་རེད། རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་ཡུལ་སྐོར་བས་ཀྱང་ཆའང་རིགས་སྤུན་ཟླ་དང་མཉམ་དུ་ཆའང་རིགས་ཀྱི་ལོ་གསར་ལ་རྟེན་འབྲེལ་ཞུས་ཤིང་། “ཆའང་རིགས་ལོ་གསར”གྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཉམས་སུ་མྱངས་ནས་ཐུན་མོང་ཐོག་དུས་རབས་གསར་པར་སྨོན་འདུན་ཞུས་ཡོད། 

(http://tibet.people.com.cn/15829881.html)




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1