དགོ་བ་ཆུང་ཆུང་དང་སྐོར་སྲུང་འབྲོག་པ་རྒྱ་མཚོ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-19



   དགུན་དུས་ཀྱི་མཚོ་སྔོན་པོའི་འགྲམ་གྱི་རྩྭ་སྐམ་ཞིང་དྲོད་ཚད་རིམ་བཞིན་དམའ་རུ་འགྲོ །དགོ་བ་ཆུང་ཆུང་ཞིག་དལ་བུ་ངང་རྩྭ་ཐང་དུ་འགྲོ་བཞིན་འདུག་ལ། དེའི་སྤུ་མདོག་ནི་སྐྱ་སེར་གྱི་རྩྭ་མདོག་དང་གཞི་གཅིག་ཏུ་གྲུབ་འདུག དུད་ཁྱིམ་ཞིག་དང་ཐག་ཉེ་རུ་ཕྱིན་དུས། དགོ་བ་ཆུང་ཆུང་གིས་གོམ་འགྲོས་མགྱོགས་སུ་བཏང་ནས་རྒྱུག་སོང་།

ར་བའི་ནང་དུ་བྲེལ་འཚུབ་ངང་ལས་ཀ་བྱེད་བཞིན་པའི་རྒྱ་མཚོ་ཡིས་དགོ་བ་མཐོང་མ་ཐག་དེ་ཉིད་ར་བའི་ནང་ཡོང་དུ་བཅུག་པ་རེད། “དགོ་བ་ཆུང་ཆུང་”ཞེས་འབོད་པའི་དགོ་བ་དེ་ནི་ད་ལོར་ལོ་གཅིག་དང་ཕྱེད་ཀ་ཡིན་པ་དང་། རྒྱ་མཚོ་ཡིས་ན་ནིང་རོགས་སྐྱོབ་བྱས་པའི་དགོ་བ་ཞིག་རེད། རོགས་སྐྱོབ་བྱེད་དུས་དེ་སྐྱེས་མ་ཐག་ཡིན་ཞིང་། གཟུགས་པོ་ཤ་སྐམ་པོ་ཡོད་པས་རྒྱ་མཚོ་ཡིས་དེ་ལ་“དགོ་བ་ཆུང་ཆུང་”ཞེས་འབོད་པ་རེད།


    ད་ལོ་ལོ་44ཡིན་པའི་རྒྱ་མཚོ་ནི་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་ཝ་མགྱོགས་ཞང་མདའ་བཞི་འབྲོག་སྡེའི་འབྲོག་མི་ཞིག་ཡིན་ཞིང་། 1996ལོ་ནས་བཟུང་། རྒྱ་མཚོ་ཡིས་གྲོགས་པོ་དང་མཉམ་དུ་དགོ་བ་སོགས་བདག་ཏུ་མ་བཟུང་བའི་རི་སྐྱེས་སྲོག་ཆགས་རང་འགུལ་ངང་རོགས་སྐྱོབ་བྱེད་པ་དང་འབྲེལ་མཚོ་སྔོན་པོའི་ཉེ་འགྲམ་གྱི་གད་སྙིགས་སྒྲུག་པའི་ལས་ལ་གཞོལ་ཡོད། མདའ་བཞི་འབྲོག་སྡེའི་ཉེ་འགྲམ་གྱི་རྩྭ་ཐང་ནས་མཚོ་སྔོན་པོའི་ཉེ་འགྲམ་གྱི་ལམ་བུའི་ཐོག་རྒྱ་མཚོ་ལོ་ཉི་ཤུ་རིང་ཕར་འགྲོ་ཚུར་འོང་བྱས་མྱོང་ཞིང་། ཁོང་གི་རོགས་སྐྱོབ་ཐོབ་ནས་དྲག་པའི་དགོ་བ་བཅུ་ལྷག་ཟིན་ཡོད།
   དགོ་བ་ནི་རྒྱལ་ཁབ་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཤིག་ཡིན་ཞིང་། དེ་སྔོན་ནང་སོག་དང་ཉིང་ཞ། ཀན་སུའུ། མཚོ་སྔོན་སོགས་ཞིང་ཆེན་དུ་ཁྱབ་ཡོད། མིའི་རིགས་ཀྱི་བྱེད་སྒོ་ཡི་ཤུགས་རྐྱེན་ཐེབས་པ་དང་འཚོ་གནས་སྡུག་ཏུ་ཕྱིན་པའི་དབང་གིས་མིག་སྔར་མཚོ་སྔོན་པོའི་ཉེ་འཁོར་ས་ཁུལ་ནི་དགོ་བ་འཚོ་གནས་བྱེད་སའི་གནས་གཅིག་པུར་དེ་གྱུར་ཡོད།

   སྐྱ་རེངས་ཤར་བའི་མཚམས་སུ། རྒྱ་མཚོ་ཡིས་པར་ཆས་དང་རྒྱང་ཤེལ། མྱུར་སྐྱོབ་ཁུག་མ། ལས་ཀའི་ལག་འཁྱེར་དེབ་ཆུང་བཅས་ཁྱེར་ནས་ཕྱིར་བསྐྱོད། པར་ཆས་ནི་དགོ་བ་གྱི་གཟུགས་བརྙན་པར་ལེན་ཆེད་དང་། རྒྱང་ཤེལ་ནི་ཐག་རིང་ནས་དགོ་བ་ལ་ལྟ་ཞིབ་བྱ་ཆེད། ལས་ཀའི་ལག་འཁྱེར་དེབ་ཆུང་ནང་ཉིན་རེར་དགོ་བ་ལྟ་ཞིབ་འགྱུར་ལྡོག་ཟིན་ཐོ་བཀོད་ཡོད། ལུས་ལ་འཁྱེར་བའི་མྱུར་སྐྱོབ་ཁུག་མས་རྨས་སྐྱོན་ཕོག་པའི་དགོ་བ་དང་དེ་མིན་སྲོག་ཆགས་ལ་མགྱོགས་མྱུར་རོགས་སྐྱོབ་སྨན་བཅོས་བྱེད་ཆེད་རེད།


    “ཐོག་མར་ཉེ་འགྲམ་གྱི་འབྲོག་མི་མང་པོས་དེ་ལ་བསམ་ཤེས་མི་ཐུབ་པ་སྟེ། ང་ཚོ་ཉིན་རྟག་པར་སྤྱི་ལེ་བཅུ་ཤས་རིང་འགྲོ་ནས་གད་སྙིགས་སྒྲུག་དགོས་པ་མ་ཟད། ད་དུང་གླ་ཆ་མེད་པ། དེ་ནི་ཅིའི་ཕྱིར་རེད་ཅེས་ཟེར།”རྒྱ་མཚོ་ཡིས། ཡིན་ནའང་། ཡུལ་དེར་གད་སྙིགས་ཇེ་ཉུང་འགྲོ་བ་དང་བསྟུན་དགོ་བ་སོགས་རི་སྐྱེས་སྲོག་ཆགས་ཇེ་མང་སོང་ཞིང་། སྣོད་བཅུད་ཁོར་ཡུག་འགྱུར་ལྡོག་ལེགས་པོ་བྱུང་བ་མཐོང་སྐབས། ཡུལ་དེའི་འབྲོག་མིས་ཀྱང་དེ་སྔའི་འདུ་ཤེས་རིམ་བཞིན་བསྒྱུར་བཀོད་བྱས་ནས། མི་སྔར་བས་མང་པོ་ཞིག་རང་འགུལ་ངང་དང་བླངས་པའི་རུ་ཁག་ནང་ཞུགས་པ་རེད།
   གོམ་གང་མདུན་སྤོས་ངང་མཚོ་སྔོན་པོའི་ཉེ་འགྲམ་གྱི་སྣོད་བཅུད་ཁོར་ཡུག་ཇེ་བཟང་ཏུ་གཏོང་ཆེད། མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱིས་ད་ལོའི་9ཚེས་28ཉིན་མཚོ་སྔོན་པོའི་ཁག་དང་པོའི་འབྲོག་པ་སྐོར་སྲུང་རུ་ཁག་བཙུགས་པ་རེད། ཁྱོན་བསྡོམས་འབྲོག་པའི་སྐོར་སྲུང་རུ་ཁག་3ཡོད་པ་དང་།ཁྱོན་བསྡོམས་འབྲོག་པ་23ཞུགས་ཡོད།

རྒྱ་མཚོ་དང་ཁོའི་གྲོགས་པོ་བསམ་ཁོ་དང་ཚེ་རིང་རྒྱལ་སོགས་མི་8ཀྱིས་དེའི་ཁྲོད་ཀྱི་འབྲོག་པའི་སྐོར་སྲུང་རུ་ཁག་གཅིག་གྲུབ་ཡོད། ཉིན་རྒྱུན་གྱི་ལས་དོན་གཙོ་བོ་ནི་མཚོ་སྔོན་པོའི་ཉེ་འགྲམ་དུ་སྐོར་སྲུང་དང་གད་སྙིགས་སྒྲུག་པ། དགོ་བ་སོགས་བདག་ཏུ་མ་བཟུང་བའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱ་རྒྱུ་དེ་རེད།


   སྐོར་སྲུང་མི་སྣའི་རང་བྱུང་ཐོན་ཁུངས་སྐོར་སྲུང་ལྟ་ཞིབ་ཚད་ལེན་གྱི་ནུས་པ་སྔར་བས་ཆེ་རུ་གཏོང་ཆེད། ད་ལོའི་ཟླ་10ཚེས་19ནས་23ཉིན་བར་མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱིས་དུས་ཡུན་གཟའ་འཁོར་གཅིག་གི་2020ལོའི་རང་བྱུང་ཐོན་ཁུངས་སྐོར་སྲུང་ལྟ་ཞིབ་ཚད་ལེན་ནུས་པ་ཆེ་རུ་གཏོང་བའི་གསོ་སྦྱོང་འཛིན་གྲྭ་གཉེར་བ་རེད། གསོ་སྦྱོང་ནང་དོན་ནང་དུ་མཚོ་སྔོན་པོའི་འདམ་རའི་སྣོད་བཅུད་ངོ་སྤྲོད་དང་། མཚོ་སྔོན་པོའི་རྒྱུན་མཐོང་འདབ་ཆགས་དབྱེ་འབྱེད། བདག་ཏུ་མ་བཟུང་བའི་སྲོག་ཆགས་ཐང་སྟོང་དུ་རྨས་སྐྱོན་ཕོག་པའི་མྱུར་སྐྱོབ་དང་བརྒྱུད་སྐྱེལ། ནད་གཞིའི་རིམས་ནད་ཐོན་ཡུལ་དུ་དུག་སེལ་དང་སྤྱི་གནོད་མེད་པའི་ཐག་གཅོད་དང་ལྟ་ཞིབ་ཚད་ལེན་མི་སྒེར་གྱི་འགོག་སྲུང་སོགས་ཚུད་ཡོད་པ་རེད། “སྲུང་སྐྱོང་ཁུལ་དོ་དམ་ཅུས་དང་། སྲུང་སྐྱོང་ས་ཚིགས། སྐོར་སྲུང་རུ་ཁག”བཅས་གཞི་གཅིག་ཅན་གྱི་སྐོར་སྲུང་མ་ལག་རིམ་བཞིན་འཛུགས་པ་དང་འཐུས་ཚང་དུ་གཏོང་བར་རྨང་གཞི་བཏིང་བ་དང་། སྲུང་སྐྱོང་ཁུལ་དང་སྡེ་ཁུལ་གྱིས་ཐུན་མོང་ཐོག་དོ་དམ་བྱེད་པའི་ནུས་པའི་ཞན་ཆ་གསབ་ཐུབ་ཡོད་པ་རེད།

(http://tibet.people.com.cn/15829999.html) 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1