2020ལོའི་རྔ་ཁུལ་རྩྭ་ཐང་མེ་སྐྱོན་མེ་གསོད་འཁྲབ་སྦྱོང་བྱ་འགུལ་སྤེལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བ་བོད་སྐད་རླུང་འཕྲིན། སྤེལ་དུས། 11-19




     2020ལོའི་རྔ་བ་ཁུལ་རྩྭ་ཐང་མེ་སྐྱོན་སྔོན་འགོག་འཁྲབ་སྦྱོང་བྱ་འགུལ་ཧུང་ཡོན་ནས་སྤེལ་བ་དང་། ཐེངས་འདིའི་སྦྱོང་བརྡར་ནི་ཀྲུང་གུང་རྔ་བ་ཁུལ་ཨུ་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་མཛད་ཅིང་། ཀྲུང་གུང་ཧུང་ཡོན་རྫོང་ཨུ་དང་སྲིད་གཞུང་། ཁུལ་འཕྲལ་སྒྲུབ་དོ་དམ་ཅུས། ཁུལ་ནགས་ལས་ཁང་། ཁུལ་ནགས་ལས་མེ་གསོད་ཡན་ལག་རུ་ཁག་བཅས་ཀྱིས་འགན་དུ་བསྟར་བའི་བྱ་འགུལ་ཞིག་ཡིན་ལ། རྔ་བ་ཁུལ་གྱི་ཁུལ་དཔོན་གཞོན་པ་ཏུན་མེན་ཀྲུང་དང་ཧུང་ཡོན་རྫོང་གི་འབྲེལ་ཡོད་འགན་ཁུར་བ་གཙོ་བྱས་རྔ་བ་རྫོང་དང་མཛོད་དགེ་རྫོང་། འཛམ་ཐང་རྫོང་། ཟུང་ཆུ་རྫོང་སོགས་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བ་དང་། ཞིང་འབྲོག་དམངས་དང་སློབ་མ་བཅས་བསྡོམ་པས་མི་སྣ1500ལྷག་བྱ་འགུལ་ཁྲོད་ཞུགས་ནས་སྦྱོང་བརྡར་ཡུལ་དངོས་སུ་ལྟ་སྦྱོང་བྱས།

       ཐེངས་འདིའི་སྦྱོང་བརྡར་དུ་མེ་གསོད་རུ་ཁག་གི་འཐབ་མོ་བ་རྣམས་ཀྱིས་ཆེད་ལས་རང་བཞིན་ལྡན་ལ་དོན་དངོས་དོན་རྐྱེན་སྔོན་འགོག་གི་སྣང་བརྙན་མཐོ་རུ་བཏང་སྟེ། དུས་ཡུན་བརྩོན་ལེན་དང་འཐབ་ཕྱོགས་ཚད་ལྡན་ཡིན་པ། རུ་ཁག་གི་ལས་བགོ་ཡང་དག་པ། མཉམ་འབྲེལ་གྱི་བྱེད་ནུས་ཕུན་སུམ་ཚོགས་པ། དོན་རྐྱེན་བྱུང་དུས་ཀྱི་བསམ་པའི་བྱང་ཚད་དང་མྱུར་སྐྱོབ་ཀྱི་ཀུན་སློང་བརྟན་པོ་ཡིན་པ། རིག་ལམ་མྱུར་ལ་ལག་ལེན་བྱང་ཆ་ལྡན་པ་སོགས་མེ་སྐྱོན་སྔོན་འགོག་གི་རྩ་བའི་རྒྱུན་ཤེས་དང་མེ་གསོད་འཕྲལ་སྒྲུབ་ཀྱི་ཆེད་སྦྱོང་ལག་ལེན་གཉིས་ཟུང་དུ་འབྲེལ་ནས་ཡུལ་དངོས་སུ་ངེས་པ་དོན་གྱིས་འཁྲབ་སྦྱོང་བྱས་པ་དང་། འཕྲལ་སྒྲུབ་མྱུར་སྐྱོབ་སྐབས་ཀྱི་སྒྲིག་ཆས་མི་འདྲ་བ༡༠༠༠ལྷག་གི་བཀོལ་སྤྱོད་བརྒྱུད་རྗེས། དུས་ཡུན་ཆེས་ཐུང་ངུའི་ནང་དོན་རྐྱེན་གྱི་གནོད་པའི་ཚད་ཆེས་ཉུང་དུ་གཏོང་ཐུབ་པའི་ཐད་ལ་ཚད་མཐོ་བའི་སྦྱོང་བརྡར་གྱི་བཀོད་སྒྲིག་དང་གྲུབ་འབྲས་འབུར་ཐོན་ལོན་ཐུབ་པར་བྱས།


      ཁུལ་ནགས་ལས་མེ་གསོད་ཡན་ལག་རུ་ཁག་གིརུ་གཙོ་ཀྲང་ཙི་ཆོན་ནས་འཁྲབ་སྦྱོང་ལས་ཀར་དཔྱད་བསྡུར་སྤེལ་བ་དང་། ཁུལ་དཔོན་གཞོན་པ་ཏུན་མེན་ཀྲུང་གིས་ཡུལ་དངོས་འཁྲབ་སྦྱོང་རྣམ་པར་གསུང་བཤད་གལ་ཆེན་གནང་།  ཁོས་སྦྱོང་བརྡར་དོན་དངོས་གཉིས་བར་ཧེ་བག་ཆེན་པོ་ཡོད་ནའང་། དོན་རྐྱེན་བྱུང་དུས་ཀྱི་བསམ་པའི་བྱང་ཚད་མཐོ་བ་དང་བྱེད་ཕྱོགས་ཡང་དག་ཐོན་པར་རྒྱུན་ཤེས་སྦྱོང་བརྡར་དང་འབྲེལ་བ་གལ་ཆེན་ཡོད་པས། འདི་ལྟ་བུའི་ཕན་ཚུན་བར་གྱི་མཐུན་སྒྲིལ་དང་གྲ་སྒྲིག བྱེད་ཕྱོགས། ལག་ལེན་སོགས་ཀྱི་སྦྱོང་བརྡར་ནི་དོན་རྐྱེན་ཁོ་ན་ཙམ་མ་ཡིན་པར། བྱ་བ་གང་དང་མི་རེ་རེ་ཡི་འཚོ་བའི་ཁྲོད་ཕན་ཐོགས་ངེས་ཅན་ཡོད་པས། ཡུལ་དངོས་ཀྱི་རྫོང་ཁག་སོ་སོའི་འགན་ཁུར་བ་དང་མི་སེར་མང་ཚོགས། སློབ་མ་སོ་སོས་ལྟ་སྦྱོང་ནན་ཏན་བྱས་ཏེ། རང་རང་གི་ཉེ་འགྲམ་དང་སྤྱི་ཚོགས་འཚོ་བར་མུ་མཐུད་དུ་དོན་རྐྱེན་སྔོན་འགོག་གི་ལས་ལམ་སྣེ་ཁྲིད་པ་དང་གསལ་བཤད་བྱེད་པ། བྱེད་ཕྱོགས་ཡང་དག་ཡིན་པའི་ལས་ཀར་རང་འགུལ་གྱིས་ནུས་པ་འདོན་དགོས་པ་དང་། སྒོས་སུ་དུས་ཚིགས་མི་འདྲ་བའི་རང་བྱུང་འབྱུང་བཞིའི་གནས་བབ་དང་བསྟུན་ནས། རང་བྱུང་ཁོར་ཡུག་གི་བདག་དམ་དང་། སྲུང་སྐྱོབ། སྡེ་ཁག་ཚོགས་པའི་སྤྱི་ཚོགས་ཁོར་ཡུག་ལ་གཅེས་སྤྲས་བྱེད་པ། མི་སྒེར་དང་ཁྱིམ་ཚང་གི་རྒྱུན་སྤྱོད་མཁོ་ཆས་ཡང་དག་གཟབ་ནན་ཡོང་བ་བཅས་བྱས་ཏེ། བདེ་ཐང་བདེ་འཇགས་དང་། རིག་གནས་དཔལ་ཡོན་ལྡན་པའི་ཐུན་མོང་གི་འཇིག་རྟེན་ཞིག་གསར་སྐྲུན་བྱེད་དགོས་པའི་རེ་སྐུལ་ནན་མོ་བྱས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1