ཞི་ཅིན་ཕིང་གིས་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ལས་དོན་ཡག་པོར་བསྒྲུབ་དགོས་པའི་ཐད་ནས་མཛུབ་སྟོན་གལ་ཆེན་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 11-20


        ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་འཕྲིན། ཀྲུང་གོའི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་བཙུགས་ནས་ལོ་སུམ་ཅུ་འཁོར་བར་དྲན་གསོ་ཞུ་བ་དང་། མི་རབས་རྗེས་མར་སེམས་ཁུར་བྱེད་པའི་རྒྱལ་ཡོངས་ཀྱི་གཟེངས་བསྟོད་ཚོགས་ཆེན་ཚེས་བཅུ་བདུན་དང་ཚེས་བཅོ་བརྒྱད་ཉིན་པེ་ཅིན་དུ་བསྡུས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དེའི་ཐད་ནས་མཛུབ་སྟོན་གལ་ཆེན་གནང་བར་མ་ཟད། ཏང་ཀྲུང་དབྱང་གི་ཚབ་མཛད་དེ་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་ལས་གཞན། རྒྱལ་ཡོངས་ཀྱི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བ་སྒྲུབ་མཁན་གྱི་བློ་མཐུན་རྒན་པ་དང་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ལས་བྱེད་པ་ཚང་མར་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་གནང་།
        ཞི་ཅིན་ཕིང་གིས་བསྟན་དོན། གཞོན་ནུ་ལོ་ཆུང་ནི་མེས་རྒྱལ་གྱི་མ་འོངས་པ་དང་མི་རིགས་ཀྱི་རེ་བ་ཡིན། ཀྲུང་གོའི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་བཙུགས་ནས་ལོ་སུམ་ཅུ་འགོར་བའི་རིང་དང་ཁྱད་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། རྒྱ་ཆེའི་ལས་བྱེད་པ་རྒན་གྲས་དང་འཐབ་འཛིང་པ་རྒན་གྲས། ཆེད་མཁས་པ་རྒན་གྲས། དགེ་རྒན་རྒན་གྲས། དཔེ་བཟང་རྒན་གྲས་སོགས་ལས་གནས་དང་བྲལ་བ་དང་ལས་འཁྱུར་ངལ་གསོ་བྱས་ཟིན་པའི་བློ་མཐུན་རྒན་གྲས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས། གཞོན་ནུ་ལོ་ཆུང་སྐྱོན་བྲལ་ངང་འཚར་ལོངས་འབྱུང་བར་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད།
        ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རྒྱ་ཆེ་བའི“རྒན་གྲས་ལྔ”ནི་ཏང་དང་རྒྱལ་ཁབ་ཀྱི་རྒྱུ་ནོར་རྩ་ཆེན་ཞིག་དང་གཞོན་ནུ་ལོ་ཆུང་གི་བསམ་བློ་ཆབ་སྲིད་ལས་དོན་ལ་ཤུགས་སྣོན་རྒྱག་པའི་སྟོབས་ཤུགས་གལ་ཆེན་ཡིན། ཏང་ཨུ་དང་སྲིད་གཞུང་གི་རིམ་པ་སོ་སོས་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ལས་ཀར་འགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས། བློ་མཐུན་རྒན་པ་སྔར་ལས་མང་བོ་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ལས་ཀའི་ནང་ཞུགས་པར་རྒྱབ་སྐྱོར་བྱས་ཏེ། རྒྱ་ཆེ་བའི“རྒན་གྲས་ལྔ”ཡིས་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་གར་སྟེགས་ཆེན་པོའི་སྟེང་དུ། རྒས་དུས་ལས་རྒྱུ་ཡོད་པ་དང་། ནུས་པ་འདོན་གང་ཐུབ་བྱེད་པར་སྐུལ་འདེད་གཏོང་དགོས་པར་མ་ཟད། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་ཆེད་ལེགས་སྐྱེས་གྱ་ནོམ་འབུལ་དགོས།
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ། ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཧོང་ཁུན་མིན་གྱིས་ཚོགས་ཐོག་ནས་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་བྱས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1