ཡུལ་བབ་དང་བསྟུན་པའི་ཐོན་ལས་གཉེར་ནས་བདེ་སྐྱིད་ཀྱི་འཚོ་བར་བསྙེགས།

གསང་བདག་སྒྲོལ་མ། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།རྔ་བའི་བོད་ཡིག་གསར་འགྱུར། སྤེལ་དུས། 11-23



      ཆུ་ཆེན་རྫོང་མདོ་བུ་གྲོང་རྡལ་ཀུམ་ཉོའུ་གྲོང་སྡེ་ནི་ཆུ་ཆེན་རྫོང་གི་ལྷོ་ནུབ་ཕྱོགས་སུ་ཆགས་ཡོད་ཅིང་། མཚོ་ངོས་ལས་མཐོ་ཚད་སྨི་2700ཡོད་པ་དང་། རི་སྐེད་གྲོང་སྡེ་ཡི་དཔེ་མཚོན་ཞིག་ཡིན་ལ། དཔལ་འབྱོར་འཕེལ་རྒྱས་སུ་སོང་མེད་ལ་རྨང་གཞིའི་སྒྲིག་བཀོད་ཅུང་ཞན། གྲོང་སྡེ་ཡོངས་སུ་མི་826ཡོད་པ་ལས་དབུལ་བོ་304ཡོད་པ་དང་། དབུལ་ཕོངས་ཀྱི་ཚད་བརྒྱ་ཆ་36.8ཡིན། ཉེ་བའི་ལོ་ཤས་རིང་། གྲོང་སྡེའི་ཀྲི་པུའུ་ཡིས་ཐོན་ལས་ལ་བརྟེན་ནས་གྲོང་སྡེ་ཕྱུག་སྒྱུར་ལ་དམིགས་ཏེ། ཐོན་ཁུངས་དང་མ་དངུལ། རྒྱུ་ནོར་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་གྲོང་གསེབ་དར་སྤེལ་གཏོང་བའི་ལམ་བུ་ཞིག་བཙལ། ད་སྐབས་ཁྱད་ལྡན་ཐོན་ལས་དར་བ་དང་མང་ཚོགས་ཀྱི་ཡོང་འབབ་ཇེ་མང་དུ་སོང་བས། 2018ལོར་ཀུམ་ཉོའུ་གྲོང་སྡེའི་དབུལ་ཞྭ་ཕུད་ཡོད།
     དབུལ་བྲལ་གནད་སྒྲོལ་གྱི་ལས་དོན་ལག་བསྟར་མ་བྱས་གོང་། སྡེ་མི་ཚོས་གནམ་གཤིས་ལ་བརྟེན་ནས་འཚོ་བ་རོལ། ཐན་ཞོད་ལ་འཕྲད་སྐབས་ཐོན་འབབ་མི་བཟང་། དཔལ་འབྱོར་འཕེལ་རྒྱས་སུ་གཏོང་ཆེད། ཀུམ་ཉོའུ་གྲོང་སྡེའི་ཀྲི་པུའུ་ཡིས་ཀུང་སི་དང་ཆེད་ལས་མཉམ་ལས་ཁང་ནང་འདྲེན་བྱས་ནས། ཞིང་ས་སྐོར་སྤྱོད་དང་མ་རྐང་ནང་ཞུགས་ནས་ཁེ་སྤོགས་བགོ་བཤའ་རྒྱག་པའི་བྱེད་ཐབས་སྤྱད་དེ་ཁྱད་ལྡན་ཐོན་ལས་སྟོབས་ཆེར་བཏང་། མཉམ་ལས་ཁང་གཅིག་གིས་ཐོན་ལས་གཅིག་གཉེར་བ་བརྒྱུད། མིག་སྔར་མཉམ་ལས་ཁང་ལ་རང་ཉིད་ཀྱི་སྤུས་རྟགས་ཐོན་ལས་ཡོད།

     ཀུམ་ཉོའུ་གྲོང་སྡེའི་ཀྲི་པུའུ་ཧྲུའུ་ཅི་ཧོ་ཝན་ཆིའུ་ཡིས། ཐོན་ལས་རེ་རེ་ནི་མཉམ་ལས་ཁང་ལྔ་ཡིས་ས་རྒྱུ་དང་། གནམ་གཤིས། ས་བབ་མཐོ་ཚད། མི་ཆོས་ལོ་རྒྱུས་སོགས་ཀྱི་གནས་ཚུལ་དངོས་དང་འབྲེལ་ཞིང་། ཡུལ་བབ་དང་བསྟུན་ནས་འཕེལ་རྒྱས་སུ་བཏང་བ་ཡིན། མཉམ་ལས་ཁང་གིས་གཡེར་སྡོང་བཙུགས་པའི་ལོ་རྒྱུས་ཅུང་རིང་ཞིང་། གཡེར་སྡོང་འཛུགས་མཁན་ཡང་ཅུང་མང་བོ་ཡོད། ན་ནིང་ཁྱིམ་ཚང་མང་བོས་གཡེར་མ་སྒོར་ཁྲི་6ཡས་མས་ཀྱི་རིན་བཙོངས་ཡོད། ཀུམ་ཉོའུ་གྲོང་སྡེའི་གཡེར་མ་ནི་ས་གནས་ཀྱི་མིང་དུ་གྲགས་པའི་གཡེར་མ་ཡིན་ཞིང་། མིང་གཞན་ལ་ཀོའུ་ཧྲི་གཡེར་མ་ཡང་ཟེར། གཡེར་མ་དེའི་ཐོན་ཚད་མང་ལ་བྲོ་བ་ཞིམ། ནད་འབུ་འགོག་པའི་ནུས་པ་ཡང་ཡོད། ང་ཚོས་ལེགས་ཆ་དེ་དག་ལ་དམིགས་ནས་མཉམ་ལས་ཁང་ནང་འདྲེན་བྱས་ཤིང་། ཞིང་ས་མུའུ་230སྐོར་སྤྱོད་བྱས་པ་དང་། མང་ཚོགས་ཀྱིས་དགོས་མཁོ་དང་བསྟུན་ནས་ཞོར་ལས་གཉེར་བ་དང་། ལོ་རེར་ཡོང་འབབ་སྒོར་ཁྲི་2ལྷག་ཡོད། དེའི་མི་ཚད་གྲོང་སྡེར་ངལ་རྩོལ་ནུས་ཤུགས་ཞན་པ་དང་ཡོང་འབབ་ཉུང་བའི་ཡིག་ཚགས་བཀོད་ཅིང་བྱང་བུ་བཟོས་པའི་དབུལ་བོས་མཉམ་ལས་ཁང་ལ་ལས་གླ་བྱས་ཡོད་ཅིང་། མཉམ་ལས་ཁང་ལ་གཡེར་མར་ལུད་གཏོང་བ་དང་ཡུར་མ་ཡུར་རོགས་བྱས་ནས། ཁྱིམ་ཚང་རེར་ལོ་རེར་ཡོང་འབབ་སྒོར་3500ཡོད་ཅེས་བཤད།
     རྫོང་གི་གཡེར་མའི་སྤུས་རྟགས་གཏོད་ཆེད་དང་། ཐོན་ལས་སྦྲེལ་ཐག་རྒྱ་ཆེར་བཏང་ནས་མང་ཚོགས་ཀྱི་ཡོང་འབབ་འཕར་ཆེད། མཉམ་ལས་ཁང་གིས་གཡེར་མའི་ལས་སྣོན་བཟོ་གྲྭར་ལས་སྣོན་ཞིབ་ཚགས་བྱས་པ་དང་། གཡེར་མ་བསིལ་སྐམ་དང་དབྱེ་གསེད། ཐུམ་སྒྲིལ་བ་བཅས་བྱས་ཏེ། གཡེར་མའི་སྣུམ་ལས་སྣོན་བྱས།
     མཉམ་ལས་ཁང་གིས་ཐོན་ལས་འཕེལ་རྒྱས་སུ་བཏང་བ། ཀུམ་ཉོའུ་གྲོང་སྡེའི་མཉམ་ལས་ཁང་གཞན་པས་ས་གཤིས་དང་འཚམ་པའི་ཐོན་ལས་འཕེལ་རྒྱས་སུ་བཏང་། མཉམ་ལས་ཁང་དང་པོས་འབྲི་ཏ་ས་འཛིན་གྱི་ཐོན་ལས་འཕེལ་རྒྱས་སུ་བཏང་བ་དང་། མཉམ་ལས་ཁང་གཉིས་པས་ཤིང་ཏོག་ལིའི་ཐོན་ལས་འཕེལ་རྒྱས་སུ་བཏང་ནས་ནགས་ཁྲོད་དུ་སྔོ་ཚལ་བར་འདེབས་བྱས་ལ། མཉམ་ལས་ཁང་གསུམ་པས་གཡེར་མ་ལས་སྣོན་བྱས་ཤིང་། མཉམ་ལས་ཁང་བཞི་བས་ཕག་གི་ཐོན་ལས་འཕེལ་རྒྱས་སུ་བཏང་བ་དང་། མཉམ་ལས་ཁང་ལྔ་བས་དབྱིན་ཧུང་ལིའི་ཐོན་ལས་འཕེལ་རྒྱས་སུ་བཏང་། 2019ལོར་གྲོང་སྡེ་ཡོངས་ཀྱི་ལས་མི་ཁོ་ནར་ཡོང་འབབ་སྒོར་ཁྲི་56ལྷག་ཟིན་ཡོད། མིག་སྔར་གྲོང་སྡེའི་ཐུན་མོང་དཔལ་འབྱོར་གྱི་ལོ་འཁོར་ཡོང་འབབ་སྒོར་ཁྲི་15.23ཙམ་ཡིན་ལ། དབུལ་བོ་ཚོར་ཉིན་རེར་ལས་ཀ་ཡོད་པ་དང་། ཟླ་རེར་ཟླ་ཕོགས་ཡོད་པ། ལོ་མཇུག་ཏུ་ཁེ་སྤོགས་བགོ་རྒྱུ་ཡོད་པ་རེད།
     གྲུབ་འབྲས་འདི་དག་གླེང་སྐབས། ཧོ་ཝན་ཆིའུ་ཡིས། སྔོན་ཆད་གྲོང་སྡེའི་ན་གཞོན་ཚོ་ཕྱིར་གླ་བར་སོང་རྗེས། རྒན་རྒོན་ཚོར་ངལ་རྩོལ་གྱི་ནུས་ཤུགས་ཞན་པས་ཞིང་ས་མང་བོ་ས་རྒོད་དུ་གྱུར་སོང་། ད་སྐབས་ཞིང་སའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་མང་ཚོགས་ཀྱི་ཡོང་འབབ་ཇེ་མང་དུ་སོང་ཡོད་ཅེས་བཤད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1