དངོས་མིན་ཤུལ་བཞག་རིག་གནས་ཀྱིས་ཁྲོ་ཆུའི་བྷི་རྡོ་སྡེ་བར་འཚོ་བ་གསར་བ་བསྐྲུན།

ནོར་བུ་ཚེ་རིང་། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།རྔ་བའི་བོད་ཡིག་གསར་འགྱུར། སྤེལ་དུས། 11-24



    “ངའི་མིང་ལ་བདེ་ཆེན་སྒྲོལ་མ་ཟེར། ཁྲོ་ཆུའི་ས་སྐྱེས་རྡོ་སྐྱེས་ཀྱི་བུ་མོ་ཞིག་ཡིན། ལོ་དྲུག་ནས་བཟུང་ཨར་མའེ་གླུ་ལ་སློབ་སྦྱོང་བྱས། འོན་ཀྱང་ངས་དེ་སྔོན་ཞིང་ཁར་ལེན་པའི་གླུ་འདི་ཕྱི་རོལ་གྱི་ཡུལ་དུ་གྲགས་ནས་མི་འདི་འདྲའི་མང་པོ་ཞིག་གིས་ཉན་ཐུབ་པར་བློས་དཔོག་བྱེད་མ་ཐུབ།” ཉེ་ཆར། ཀྲུང་དབྱང་སྒྲིག་བཤེར་ཨུ་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་དྲ་ཐོག་བཅར་འདྲི་བྱེད་སྐབས་ཁྲོ་ཆུ་རྫོང་ཙི་མུ་ལི་གྲོང་རྡལ་བྷི་རྡོ་སྡེ་བའི་བོད་རིགས་བུ་མོ་བདེ་ཆེན་སྒྲོལ་མས་མྱོང་ཚོར་ཟབ་མོ་འདི་ལྟར་བཤད། མོ་དང་འདྲ་བར། ཨར་མའེ་གླུ་ལ་བརྟེན་ནས་མི་རབས་ནས་མི་རབས་བར་དབུལ་ཕོངས་ཀྱི་གནས་ལས་སྒྲོལ་བའི་ཕྲུ་གུ་ད་དུང་ཧ་ཅང་མང་པོ་ཡོད། དབུལ་སྒྲོལ་ཁྱིམ་ཚང་དེ་དག་གི་བུ་ཕྲུག་ལ་ལ་གཟི་རྩ་སྡེ་དགུ་དང་། ཁྲེང་ཏུའུ། ཧྲང་ཧའེ་སོགས་ཀྱི་འཁྲབ་སྟོན་ལྟེ་གནས་སུ་བསྐྱོད་དེ་གླུ་ལེན་གི་ཡོད་པ་དང་ལ་ལས་སློབ་གྲྭ་རུ་སློབ་མ་ཚོར་ཨར་མའེ་གླུ་བསླབ་ཀྱིན་ཡོད།
   
    བྷི་རྡོ་སྡེ་བ་ནི་རི་སྐེད་དུ་གནས་པ་དང་། རང་བྱུང་ཆ་རྐྱེན་ངན་པ། དཔལ་འབྱོར་རྨང་གཞི་ཞན་པ། དབུལ་ཕོངས་ཀྱི་གཏིང་ཚད་ཟབ། 2016ལོ་ནས་བཟུང་། ཁྲོ་ཆུ་རྫོང་སྒྲིག་བཤེར་ཨུ་ལྟ་ཞིབ་ཨུ་ལྷན་གྱིས་མང་ཚོགས་ཀྱི་འཚོ་བའི་ཁྲོད་ཀྱི་རིག་གནས་ཀྱི་ནང་དོན་སྔོག་འདོན་བྱ་རྒྱུར་གཞོལ་ནས་མང་ཚོགས་ཀྱི་ནང་གནས་སྒུལ་ཤུགས་འཕེལ་བར་བྱས་ཡོད། རིག་གནས་དབུལ་སྐྱོར་བྱ་རྒྱུ་འཇུག་སྒོར་བརྩིས་ནས་མི་རིགས་ཀྱི་རིག་གནས་ལ་བརྟེན་ནས་ཕྱུག་འགྱུར་ལམ་བུར་བསྐྱོད་ཡོད།
    “རྒྱལ་ཁབ་ཀྱིས་ང་ཚོར་ཁ་གསབ་རོགས་དངུལ་སྤྲད་དེ་ཞིང་ཁར་ལེན་པའི་གླུ་འདི་ང་ཚོར་མུ་མཐུད་དུ་ལེན་དུ་འཇུག་གི་ཡོད། ”2016ལོའི་ཟླ་10པར་ཨར་མའེ་གླུ་ཡི་རྒྱུད་འཛིན་པ་ཙེ་དབྱིང་ཅུན་ལ་ཁ་གསབ་རོགས་དངུལ་སྒོར་3000རག་པ་རེད། རྒྱུད་འཛིན་པ་ནི་དངོས་མིན་ཤུལ་བཞག་རིག་གནས་ཀྱི་གལ་ཆེའི་ཐེག་ཚད་དང་བརྒྱུད་སྤྲོད་བྱེད་མཁན་ཞིག་ཡིན། རྒྱུད་འཛིན་པའི་ཧུར་སེམས་སྐུལ་སློང་དང་འདོན་སྤེལ་གང་ལེགས་བྱས་ན། ད་གཟོད་དངོས་མིན་ཤུལ་བཞག་རིག་གནས་དར་རྒྱས་གོང་འཕེལ་གཏོང་ཐུབ། རྫོང་འདིས་དངོས་མིན་ཤུལ་བཞག་རིག་གནས་ཀྱི་རྒྱུད་འཛིན་པའི་སྙན་ཞུའི་ཆ་རྐྱེན་ལྟར། སྲིད་ཇུས་གཞིར་བཟུང་གྲོང་མི་7ལ་རྒྱུད་འཛིན་པའི་མི་རེར་ལོ་རེར་ཁ་གསབ་སྒོར་3000སྤྲད་དེ་རིག་གནས་དབུལ་སྐྱོར་གྱི་གོམ་པ་དང་པོ་སྤོས།
    གྲོང་སྡོད་རོགས་སྐྱོར་ལས་དོན་ཚོགས་ཆུང་གི་རོགས་རམ་འོག་ཏུ། ཨར་མའེ་གླུ་འཁྲབ་སྟོན་མཉམ་ལས་ཁང་དངོས་སུ་བཙུགས་པ་དང་ཐོག་མའི་ཁོངས་མི་30ལྷག་ཡོད། རྫོང་སྒྲིག་བཤེར་ཨུ་ལྟ་ཞིབ་ཨུ་ལྷན་གྱིས་དེའི་འཁྲབ་སྟོན་གྱི་གོ་སྐབས་རྒྱུན་ཆད་མེད་པར་བརྩོན་ལེན་བྱས་ཡོད། དེ་བས་རྒྱ་ཆེ་བའི་གར་སྟེགས་སུ་འོས་སྦྱོར་བྱས་པ་དང་། ཁྲོ་ཆུ་རྫོང་འཁྱགས་རོམ་ནགས་ཁྲའི་དུས་ཆེན་དང་། ཕེང་ཀྲོའུ་ཤྭ་བ་དཀར་པོའི་རྒྱལ་སྤྱིའི་གཞོན་ནུའི་སྒྱུ་རྩལ་དུས་ཆེན། རྒྱལ་ཡོངས་དངོས་མིན་ཤུལ་བཞག་རིག་གནས་ཀྱི་དུས་ཆེན་གྱི་སི་ཁྲོན་ཡན་ལག་ཚོགས་ར་སོགས་རྒྱལ་ཡོངས་ས་གནས་ཁག་གིས་འཁྲབ་སྟོན་གདན་ཞུ་བྱས།
    འཁྲབ་སྟོན་གྱི་ལས་འགན་སྔར་བས་མང་དུ་ཕྱིན་པ་དང་བསྟུན་ནས། མཉམ་ལས་ཁང་གི་མིང་ཡང་ཁྲོ་ཆུ་རྫོང་ཨར་མའེ་གླུ་སྲུང་སྐྱོང་རྒྱུད་འཛིན་མཐུན་ཚོགས་ཞེས་པར་དངོས་སུ་བསྒྱུར། ད་ལོར་མཐུན་ཚོགས་ལ་མི་50ལྷག་ཡོད་པའི་ནང་ཡིག་ཚགས་བཀོད་ཅིང་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་པོ་27ཡོད་པ་རེད། 2020ལོར་ཕྱི་ཕྱོགས་སུ་འཁྲབ་སྟོན་འདིར་ཞུགས་པས་ཀྱང་མི་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་1ལྷག་ཙམ་ཡོང་བ་མངོན་འགྱུར་བྱུང་ཡོད།
    ཝུའུ་ཐུང་སྡོང་བོ་བཙུགས་ནས་གསེར་གྱི་ཁྱུང་ཆེན་ཁྱེར་ཡོང་། རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཀྱིས་ཁེ་ལས་དེ་བས་མང་པོ་ཞིག་གིས་ཁྲོ་ཆུའི་མ་འཇོག་ནང་ཞུགས་ཡོད། ད་ལོའི་ཟླ་11པའི་བར། རྫོང་དེས་བོད་ཕག་1000གི་སྐྱེ་ཁམས་ལྟ་སྐོར་གསོ་ཚགས་ར་བ་1དང་འབྲི་གཡག་500ཡི་རྒྱགས་གསོའི་རྟེན་གཞི་1གསར་དུ་བསྐྲུན་ཡོད། འཁོར་རྒྱུག་བྱེད་པའི་ས་ཞིང་མུའུ་500ཡིས་གཟན་རྩྭ་དང་ཀྲུང་ལུགས་སྨན་རྫས་འདེབས་འཛུགས་བྱས་ཡོད། རྫོང་སྒྲིག་བཤེར་ཨུ་ལྟ་ཞིབ་ཨུ་ལྷན་གྱིས་རིག་གནས་དང་ལྗོངས་སྐོར་མཉམ་འདྲེས་དང་ཞིང་ལས་དང་ལྗོངས་སྐོར་མཉམ་འགུལ་གྱི་བསམ་ཕྱོགས་གཞིར་བཟུང་། དྲིལ་བསྒྲགས་དང་། རིག་གནས། ལྗོངས་སྐོར་སོགས་སྡེ་ཁག་དང་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་བཏང་བ་བརྒྱུད། རྫོང་ཡོངས་ཀྱི་ལྗོངས་སྐོར་མཛེས་ལྗོངས་ཁུལ་དང་ཞིང་ལས་ཀྱི་ཁྱད་ལྡན་ཐོན་རྫས་བསྡུ་སྒྲིལ་གཏིང་ཟབ་བྱས་ཏེ“དཔྱིད་ཀར་བྲ་མའི་མེ་ཏོག་ལ་ལྟ་བ་དང་། སྟོན་ཁར་ལོ་མ་དམར་པོར་ལྟ་བ། དགུན་དུས་མངོན་མིན་རིག་གནས་ཤུལ་བཞག་ལ་ལྟ་བ”བཅས་ཀྱི་གྲོང་གསེབ་ཀྱི་ཁྱད་ལྡན་ལྗོངས་སྐོར་འཕེལ་རྒྱས་ཀྱི་བཀོད་པ་ཞིག་ཆགས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1