༄༅།།དགུན་ཁ་འདི་ལ་གཟབ་དགོས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སི་ཁྲོན་བོད་སྐད་རླུང་འཕྲིན། སྤེལ་དུས། 11-26


        དགུན་ཁ་སླེབས་པ་དང་བསྟུན་ནས། ས་གཞི་སྐམ་ཤས་ཆེ་བར་འགྱུར་བཞིན་ཡོད་པས། ནགས་ཚལ་དང་རྩྭ་ཐང་ལ་མེ་སྐྱོན་འབྱུང་བའི་ཉེན་ཁ་ཡང་ཇེ་ཆེར་ཕྱིན་ཡོད། དེ་རིང་ངས་འདི་ནས་རྣམ་པ་ལྷན་རྒྱས་ལ་དགུན་ཁ་མེ་སྐྱོན་ལ་གཟབ་རོགས་ཞེས་ཞུ་རྒྱུ་ཡིན།
        མིའི་རིགས་ནི་ནགས་ཚལ་དང་ཁ་འབྲལ་ཐབས་མེད། ཚང་མས་མཁྱེན་གསལ་ལྟར་ནགས་ཚལ་གྱིས་རྒྱུན་ཆད་མེད་པར་ང་ཚོར་དགོས་མཁོ་ཆེ་བའི་ཤིང་ཆ་དང་། རྩྭ་རྩི་ཤིང་གི་ཐོན་ཁུངས། རྫས་འགྱུར་བཟོས་རྫས། སྨན་རྫས་ལ་སོགས་ཐོན་ཁུངས་མང་པོ་ཞིག་མཁོ་འདོན་བྱེད་བཞིན་ཡོད་པ་རེད། དུས་མཚུངས་སུ་ནགས་ཚལ་ནས་ཆུ་འགོ་འབྱུང་སྟེ་ཆུ་རྒྱུན་གཙང་མར་བཟོ་བ་དང་། ས་ཆུ་འཛིན་པ། དྲོད་ཚད་དང་གཤེར་ཚད་སྙོམས་པ། མཁའ་དབུགས་གཙང་མར་བཟོ་པ་སོགས་ལ་ནུས་པ་ཆེན་པོ་ཐོན་བཞིན་ཡོད། དེ་བས་ནགས་ཚལ་སྲུང་སྐྱོབ་བྱ་རྒྱུ་ནི་ང་རང་ཚོ་མི་ཐམས་ཅད་ཀྱི་ཕྲག་ཏུ་འཁུར་དགོས་པའི་ལས་འགན་ཞིག་ཡིན། དེ་རིང་ངས་འདི་ནས་རྣམ་པ་ལྷན་རྒྱས་ལ་དགུན་ཁ་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་བྱེད་པའི་དོན་ཚན་ཁ་ཤས་དྲན་སྐུལ་བྱ།
        དང་པོ། མེ་སོན་ཁྱེར་ནས་ནགས་ཚལ་དང་རྩྭ་ཐང་དུ་ཕྱིན་པ་དང་། ནགས་ཚལ་དུ་ཐ་མག་འཐེན་པ། དེ་མིན་དགུན་ཁར་སྤྲོ་འཆམ་ལ་ཕྱིན་ནས་ཕྱི་ལོག་ནས་ཇ་སྐོལ་བའི་བྱ་སྤྱོད་སོགས་ཀྱིས་མེ་སྐྱོན་སློང་བའི་ཉེན་ཁ་ཡོད་པས། ཚང་མས་ཡིད་གཟབ་བྱས་ན་ལེགས།
        གཉིས་པ། བསང་གསུར་བདུག་སྤོས་སོགས་ཀྱི་མཆོད་འབུལ་བྱེད་སྐབས་མེ་ལ་དོགས་ཟོན་མ་བྱས་པར་མེ་སྐྱོན་བྱུང་ན་ཆག་སྒོ་ཆེན་པོ་འབྱུང་སྲིད་པ་སེམས་ལ་འཛིན་རྒྱུ་གལ་ཆེ།
        གསུམ་པ། རི་ངོས་དང་ས་རྒོད་སྲེག་མི་རུང་། ས་རྒོད་བསྲེགས་ན་ནགས་རྩྭ་ལ་ལུད་བཏང་པ་དང་འདྲ་མོད། འོན་ཀྱང་དེ་ཡང་ཉེན་ཁ་ཆེན་པོ་ཞིག་རེད། སེམས་ཆུང་མ་བྱས་པར་མེ་ཤོར་སོང་ན་དེའི་མཇུག་འབྲས་ནི་དཔག་ཐབས་མེད་པ་ཞིག་རེད།
        བཞི་པ། བྱིས་པ་རྣམས་ཀྱིས་མེ་ཆ་སོགས་ཁྱེར་ནས་མེ་ཡིས་རྩེད་མོ་རྩེ་བ། མེ་ཡིས་རྩེད་མོ་རྩེ་བ་ནི་ཉེན་ཁ་ཧ་ཅང་ཆེ་པའི་བྱ་སྤྱོད་ཅིག་རེད། བྱིས་པ་ཆུང་ཆུང་ཚོར་མེ་ཟོན་གྱི་འདུ་ཤེས་ཅུང་ཞན་པའི་རྐྱེན་གྱིས། གལ་སྲིད་སྟབས་མ་ལེགས་པར་མེ་ཤོར་སོང་ན་རང་གཞན་གཉིས་ཀར་གནོད་སྲིད། དེ་བས་ཕ་མ་རྣམས་ཀྱིས་རང་གི་བུ་ཕྲུག་ལ་ལྟ་རྟོག་ཡག་པོ་གནང་རྒྱུ་གལ་ཆེ།
        གྲོགས་པོ་རྣམ་པ། ང་ཚོས་མཉམ་གཅིག་ཏུ་རྩྭ་ཐང་གི་མེ་འགོག་བྱ་བར་སྔར་ལས་ཤུགས་སྣོན་པ་དང་། རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་དང་མེ་གསོད་བྱ་བ་ཧུར་ཐག་གིས་བསྒྲུབས་ནས། ང་ཚོ་རང་ཉིད་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱ་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1