གཙོ་ངོས།>> ཞིབ་འཇུག>>ལོ་རྒྱུས།

དཔལ་རྩལ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༡༡ཚེས་༢༦ཉིན།

༄༅།།བཙན་པོའི་རྒྱལ་རབས་ལས་སྟེངས་ཀྱི་རྣམ་གྲངས་འདྲེན་ལུགས་ལ་དཔྱད་པ།

བཙན་པོའི་རྒྱལ་རབས་ལས་སྟེངས་ཀྱི་རྣམ་གྲངས་འདྲེན་ལུགས་ལ་དཔྱད་པ།①

 དཔལ་རྩལ།
[ནང་དོན་གནད་བསྡུས།]སྟེངས་ཞེས་པའི་ཐ་སྙད་འདི་ཉིད་ལ་ཡིག་ཆ་ཁག་ཏུ་འབྲི་ལུགས་མི་འདྲ་བ་དང་། རྣམ་གྲངས་འདྲེན་ལུགས་ཀྱང་དུ་མ་བྱུང་ཡོད། དཔྱད་རྩོམ་འདི་རུ་རྒྱལ་རབས་ཡིག་ཆ་སྔ་ཕྱི་ཁག་ཏུ་སྟེངས་ཀྱི་རྣམ་གྲངས་བྱུང་ཚུལ་དང་སྟེངས་དང་སྟེང་། ལྡེང་། ལྡིང་སོགས་ཀྱི་འབྲི་ལུགས་ཁག་ཅིག་ཐོན་པའི་ཆོས་ཉིད་སོགས་ལ་དབྱེ་ཞིབ་བྱས་ཤིང་། སྟེངས་ཞེས་པ་ནི་ཕྱི་རབས་ལོ་རྒྱུས་སྨྲ་བ་ཚོས་བཙན་པོའི་དུས་ཀྱི་ལོ་རྒྱུས་ལ་གདེང་འཇོག་བྱེད་པར་ཆེད་དུ་བཀོལ་བའི་བརྡ་ཆད་ཅིག་ཡིན་ཚུལ་བསྒྲུབས་ཡོད།
[བརྡ་ཆད་གཙོ་བོ།] སྟེངས། ལྟེངས། ལྡིང་། ལྡེང་།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] H214
[ཡིག་ཚང་མཚོན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2019-02-0048-10
དང་པོ། སྔ་རབས་ཡིག་ཆ་ཁག་ཏུ་སྟེངས་ཞེས་པའི་རྣམ་གྲངས་བྱུང་ཚུལ།
         ང་ཚོས་དུས་རབས་བཅུ་དྲུག་པའི་ཡར་སྔོན་གྱི་རྒྱལ་རབས་ལོ་རྒྱུས་ཡིག་ཆ་གཙོ་བོ་ཁག་ཅིག་གུང་བསྒྲིགས་ན་སྟེངས་ཀྱི་རྣམ་གྲངས་འདྲེན་ལུགས་དུ་མ་ཞིག་བྱུང་ཡོད་ལ།དེ་དག་ཐམས་ཅད་ལས་སྔ་ཤོས་སུ་བརྩི་ཆོག་པ་ནི་མཁས་པ་ལྡེའུས་མཛད་པའི་《རྒྱ་བོད་ཆོས་འབྱུང་རྒྱས་པ་》རུ་བཀོད་པའི་རྒྱལ་རབས་《གསང་བ་ཡང་ཆུང་》གི་ཚན་པ་དེ་ཉིད་དུ་“དེ་ཡང་ཁྲི་བདུན་བང་སོ་གནམ་ལ་བཏབ། །ལྷའི་ལུས་ལ་རོ་མེད་འཇའ་ལྟར་ཡལ། །སྟེངས་གཉིས་དུར་བཏབས་རྫ་དང་གཡའ་ལ་བཏབ། །ལེགས་དྲུག་བང་སོ་སྤང་ཐང་མཚམས་སུ་བཏབ། །ལྡེ་བདུན་དུར་ས་ཆུ་བོའི་གཞུང་ལ་བཏབ། །”②ཅེས་རྒྱལ་རབས་ཀྱི་རྣམ་གྲངས་འདྲེན་ལུགས་ཁག་བསྟར་ཆགས་སུ་བཀོད་པའི་གྲས་སུ་སྟེངས་གཉིས་ཞེས་ཐོན་ཡོད་པ་དེ་ཡིན། 《གསང་བ་ཡང་ཆུང་》ནི་ཆོས་འབྱུང་དེ་རུ་“ཅན་ལྔ་ལོག་ནོན་གསང་བ་ཡང་ཆུང་ཕྱེད་སྐད་པ།བོད་གློ་བུར་རྒྱལ་པོ་ལ་གླེང་བའི་ཚིག་ཕྱེད་དང་བདུན་གྱིས་སྟོན་ཏེ།”③ཞེས་ཅན་ལྔ་དང་ལྷན་དུ་བགྲངས་ཤིང་། སྐབས་དེའི་ལོ་རྒྱུས་འབྲི་མཁན་ཚོས་ལུང་དུ་འདྲེན་པའི་ཡིག་ཆ་རྙིང་པ་ཞིག་ཡིན་ལ། དེ་རུ་“དར་མའི་གྲལ་ནི་འཕྲུལ་དང་རྒྱལ་ཆེན་བར། །དེའི་མིང་ནི་བང་རིམ་འཁོར་ལོ་ཅན། །འོད་སྲུང་གྲལ་ནི་འཕྲུལ་རྒྱལ་རྒྱབ་ན་ཡོད། །མིང་ནི་སྐྱེས་བུ་ལྷ་བསྟེན་བྱ་བ་ལགས། །”④ཞེས་དར་མ་འུ་དུམ་བཙན་དང་སྲས་འོད་སྲུང་གི་མཚན་དང་བང་སོའི་གནས་ས་དངོས་སུ་བསྟན་ཡོད་པ་ལ་དཔགས་ན་ཡིག་ཆ་འདི་ཉིད་བོད་སིལ་བུར་ཐོར་བའི་རྗེས་ཏེ། སྤྱི་ལོ་དུས་རབས་བཅུ་པ་ཡས་མས་སུ་བྱུང་བ་དང་། དེའི་སྐབས་སུ་ལོ་རྒྱུས་འབྲི་མཁན་ལ་སྟེངས་གཉིས་ཞེས་པའི་རྣམ་གྲངས་སྤྱོད་པའི་གོམས་གཤིས་ཡོད་པ་ཤེས་ཐུབ། ཀུན་གྱིས་ཡིག་ཆ་རྙིང་པར་རྩི་བའི་ཏུན་ཧོང་གི་ཤོག་དྲིལ་ཁག་ལ་བལྟས་ན། P.T.1287པ་རུ་བཙན་པོ་རིམ་བྱུང་གི་ལོ་རྒྱུས་གཏམ་རྒྱུད་རང་བཞིན་དུ་ཅུང་ཞིབ་པར་བཀོད་པའི་སྐབས་སུ། དྲྀ་གུམ་བཙན་པོ་སྐུ་གཤེགས་པ་དང་སྤུ་དེ་གུང་རྒྱལ་གྱིས་བཙན་པོའི་སྲིད་བཟུང་བའི་ལོ་རྒྱུས་ཞིབ་ཆ་དང་ལྡན་པ་བཀོད་ཡོད་མོད། སྟེངས་ཞེས་པའི་རྣམ་གྲངས་འདྲེན་ལུགས་བྱུང་མེད་ལ། དེ་བཞིན་དུ་P.T.1286པ་རུ་རྒྱལ་ཕྲན་དང་རྒྱལ་རབས་རིམ་བྱུང་གི་མཚན་མཐར་ཆགས་སུ་བཀོད་པ་རུའང་“ཁྲི་སྤེ་བཙན་པོ་འི་སྲས།དྲི་གུམ་བཙན་པོ། དྲི་གུམ་བཙན་པོའི་སྲས། སྤུ་དེ་གུང་རྒྱལ། གནམ་ལ་དྲི་བདུན། ས་ལ་ལེགས་དྲུག་བཤོས་ན།  སྤུ་དེ་གུང་རྒྱལ་གྲོངས་ན། གྲང་མོ་གནམ་གསེར་བརྩིག་” ⑤ཅེས་ཁྲི་བདུན་ནམ་དྲི་བདུན་དང་། ལེགས་དྲུག་སོགས་རྒྱལ་རབས་རྣམ་གྲངས་འདྲེན་ལུགས་བྱུང་ཡོད་མོད་སྟེངས་ཀྱི་རྣམ་གྲངས་བྱུང་མེད། དེ་བཞིན་དུ་རྐོང་རྗེ་དཀར་པོ་ལ་གཙིགས་གནང་བའི་《ཀོང་པོའི་གཡུང་དྲུང་འཛིན་གྱི་རྡོ་རིང་གི་ཡི་གེ་》སོགས་སུའང་གྲི་གུམ་ཡབ་སྲས་ཀྱི་ལོ་རྒྱུས་བྱུང་མོད་སྟེངས་ཀྱི་རྣམ་གྲངས་འདྲེན་ལུགས་བྱུང་མེད། 《གསང་བ་ཡང་ཆུང་》དུ་འཁོད་པའི་སྟེངས་ཚུད་པའི་ཁྲི་དང་ལེགས། ལྡེ། བཙན་སོགས་རྒྱལ་རབས་རྣམ་གྲངས་འདྲེན་ལུགས་དག་ནི་ཕྱིས་ཀྱི་ལོ་རྒྱུས་མཁས་པ་ཚོས་བར་གྱི་མངའ་དར་སྐོར་གྱི་རྒྱལ་རབས་དབྱེ་ལུགས་ཀྱི་གཞི་འཛིན་སར་གྱུར་ཡོད་པས་ལོ་རྒྱུས་སྤྱི་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། དུས་རབས་བཅུ་གཅིག་པའི་མཇུག་གམ་བཅུ་གཉིས་པའི་མགོ་རུ་བྱུང་བར་འདོད་པའི་《ཆོས་འབྱུང་ཆེན་མོ་བསྟན་པའི་རྒྱལ་མཚན་ལྡེའུ་ཇོ་སྲས་ཀྱིས་མཛད་པ་》རུ་“དེ་ཡང་གནམ་ལ་ཁྲི་བདུན་སྟོད་ཀྱི་སྟེངས་གཉིས་སུ་གྲགས་ཏེ་” ⑥ཞེས་གྲི་གུམ་བཙན་པོ་དང་སྤུ་ལྡེ་གུང་རྒྱལ་ལ་སྟོད་ཀྱི་སྟེངས་གཉིས་དང་། “བར་དེར་སྨད་ཀྱི་སྟེངས་གཉིས་བྱུང་ཏེ། དེ་ལ་སྐབས་འདིར་བོན་གྱི་བྱིན་བརླབས་ཆུང་བས་རྒྱལ་ཁྲིམས་དང་ཆོས་ཁྲིམས་གཉིས་ཀ་མ་ཆོས་པའི་རྒྱལ་པོ་བཞི་བྱུང་སྟེ་” ⑦ཞེས་སྟེངས་ཀྱི་མིང་བརྡ་འདི་ཐོག་དང་པོར་གྲི་གུམ་བཙན་པོ་ཡབ་སྲས་ཕུད་པའི་རྒྱལ་པོ་གཞན་ལ་སྤྱད་ནས་ཁྲི་གཉན་གཟུང་བཙན་དང་སྟག་རི་གཉན་གཟིགས་གཉིས་སྨད་ཀྱི་སྟེངས་གཉིས་སུ་བགྲངས་ཡོད། ས་སྐྱ་གྲགས་པ་རྒྱལ་མཚན་གྱི་《བོད་ཀྱི་རྒྱལ་རབས་》སུ་“བོད་ཀྱི་རྒྱལ་པོ་ཁྲི་བདུན་ལྡེང་གཅིག་དང་། ལེགས་དྲུག་ལྡེ་བརྒྱད་བཙན་བཞི་ཞེས་བྱ་སྟེ། །” ⑧ཞེས་དང་“སྤུ་ལྡེ་གུང་རྒྱལ་ལྡེང་གཅིག་བྱ་བའོ། །” ⑨ཞེས་ལྡེང་གཅིག་གི་མིང་བརྡ་བྱུང་ཡོད། དེ་བཞིན་དུ་དུས་རབས་བཅུ་གསུམ་པའི་མཇུག་ཏུ་བྱུང་བའི་ནེའུ་པཎྜི་ཏའི་《སྔོན་གྱི་གཏམ་མེ་ཏོག་ཕྲེང་བ་》རུ“སྟེང་གཅིག་ནི་འོ་སྟེ་སྤུ་རྒྱལ་ལོ་(དེའི་དུས་སུ་ཕན་པར་བྱེད་པའི་མོ་བྱུང་ངོ་།)” ⑩ཞེས་སྟེངས་གཅིག་གི་བཞེད་པ་ཞིག་བཏོན་ཡོད་ཅིང་། མངའ་བདག་ཉང་རལ་གྱི་《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་》དུ་“རྒྱལ་པོས་དེ་ལྟར་བྱས་བྱོན་པས་རོལ་མོ་དང་ཁུ་སྒྲ་ཆེན་པོ་བྱས་པས་མ་ཧེ་འགྲོགས་ཏེ་སོལ་ཚུབ་ཆེན་པོ་བྱུང་། ཆིབས་གོང་དུ་མེ་ལོང་ལྷག་ལྷག་བྱས་པས། མདས་འཕངས་པས་རྒྱལ་པོ་ལ་ཟུག་སྟེ་རྗེ་ཉིད་འབངས་ལོ་ངམ་གྱིས་བཀྲོངས་སོ། དེ་སྤུར་བྱུང་སྟེ་མིང་ཡང་གྲི་གུམ་བཙན་པོ་ཟེར། སྤུར་ནི་གྲང་མོ་གྲང་ཆུང་གི་ཟུར་ལ་ཡོད་དོ། དེ་ལ་སྲས་གསུམ་ཡོད་ཀྱང་རྒྱལ་སར་ཚུད་པ་སྤུ་དེ་གུང་རྒྱལ་དུས་སུ་ལྟོང་བྱུང་ཟེར་རོ།”⑾ ཞེས་སྟེངས་ཀྱི་རྣམ་གྲངས་སྤྱད་མེད་ནའང་ལྟོང་བྱུང་ཞེས་སྤུ་དེ་གུང་རྒྱལ་ལ་དམིགས་བསལ་གྱི་འགྲེལ་རྗོད་ཅིག་བསྐྱོན་ཡོད། དུས་རབས་བཅུ་བཞི་པའི་དཀྱིལ་གྱི་ལོ་རྒྱུས་ཡིག་ཆ་གལ་ཆེན་《དེབ་ཐེར་དམར་པོ་》རུ་“རྒྱལ་པོ་ཡབ་སྲས་དེ་གཉིས་ཀྱི་བར་ལ་སྒྲུང་དང་ལྡེའུ་བྱུང་། ཞིང་འདེབས་པ་དང་། གསེར་དངུལ་བཞུ་བ། ཟམ་པ་སོགས་བྱུང་། སྟོད་ཀྱི་ལྟེངས་ཞེས་བྱ་སྟེ། ལྟེངས་གཉིས་བང་སོ་རྫ་དང་གཡའ་ལ་བཏབ་”⑿ཅེས་དང་། “དེའི་སྲས་ཁྲི་གཉན་གཟུང་བཙན། དེའི་སྲས་འབྲོ་གཉན་ལྡེའུ། དེ་ལ་མཛེ་བྱུང་བས་གསོན་པོར་དུར་དུ་ཞུགས།དེའི་སྲས་དམུས་ལོང་གཅིག་ཡོད་པ་མིག་ཕྱེ་བས། སྟག་མོའི་རི་ལ་གཉན་འགྲོ་བ་གཟིགས་ཏེ། སྟག་རི་གཉན་གཟིགསུ་བཏཊ། ཡབ་སྲས་འདི་གཉིས་ལ་བར་གྱི་ལྟེངས་ཟེར་”⒀ཞེས་དང་། ཡང་“རེ་ཤིག་རྒྱལ་པོ་ཚུལ་བཞིན་དུ་བྱས་ཀྱང་བློན་པོ་སྡིག་ལ་དགའ་བ་རྣམས་ཀྱིས་བསྒྱུར་བ་དང་། སྔར་ནུ་འོ་རྒྱལ་སྲིད་བསྐོས་པའི་སྙིང་ནད་ལ། བོད་དུ་སངས་རྒྱས་ཀྱི་བསྟན་པ་བསྣུབས་སོ། དེའི་ཚེ་རྒྱལ་པོའང་ལྷ་ལུང་དཔལ་གྱི་རྡོ་རྗེས་མདའ་བརྒྱབས་ནས་བསད་དེ་མདོ་ཁམས་སུ་བྲོས།འདི་ལ་སྨད་ཀྱི་སྟེངས་ཟེར།”⒁ཞེས་དར་མ་འུ་དམ་བཙན་ལའང་སྨད་ཀྱི་སྟེངས་ཞེས་པའི་མིང་བརྡ་སྤྱད་ཅིང་། འབྲོ་གཉན་ལྡེའུ་དང་སྟག་རི་གཉན་གཟིགས་ལ་བར་གྱི་སྟེངས་ཞེས། སྟོད་ཀྱི་སྟེངས་དང་བར་གྱི་སྟེངས། སྨད་ཀྱི་སྟེངས་བཅས་སྟེངས་ལྔ་ཡི་རྣམ་གྲངས་གསལ་པོ་ཆགས་ཡོད་ལ། མང་བཀུར་གྱི་གདུང་རབས་བརྗོད་པའི་དུས་སུ་“ཁྱེའུ་གཉིས་བླངས་ནས་ཕུའོ་དེ་རྒྱལ་པོར་བསྐོས་པས་བུ་མེད་པར་ཤི། ནུའོ་རྒྱལ་པོར་བསྐོས་ཏེ། འདི་ལ་བུ་རམ་ཤིང་པའི་ལྟེངས་ཟེར་རོ་”⒂ཞེས་ཉི་འོག་གི་རྒྱལ་པོ་རྣ་བ་ཅན་གྱི་སྲས་གཉིས་ལས་གོའུ་ཏ་མ་རབ་ཏུ་བྱུང་བ་དང་བྷ་ར་དྷ་ཛ་རྒྱལ་ས་རུ་ཡོད་པ་ལ་སྲས་མེད་པར་སྐུ་གཤེགས་པས། རྒྱལ་སྲིད་མི་འཆད་པའི་ཕྱིར་གོའུ་ཏ་མའི་ས་བོན་ཟགས་པ་ལས་བྱུང་བའི་ཁྱེའུ་གཉིས་ཏེ། ཉི་མའི་གཉེན་དང་བུ་རམ་ཤིང་པ་གཉིས་རེ་རེ་བཞིན་རྒྱལ་སར་བཀོད་པའི་ལོ་རྒྱུས་ལ་བུ་རམ་ཤིང་པའི་སྟེངས་ཞེས་པའི་མིང་བརྡ་སྤྱད་ཡོད། འདི་ནི་རྒྱལ་རབས་ལོ་རྒྱུས་ཁག་ཏུ་བཙན་པོའི་རྒྱལ་རབས་ཕུད་པའི་རྒྱལ་ཁབ་གཞན་ལ་སྟེངས་ཀྱི་མིང་བརྡ་སྤྱད་པ་ཐོག་མ་ཡིན། སྣང་ཚུལ་འདི་ལ་བོད་ཀྱི་ད་ལྟའི་ལོ་རྒྱུས་ཞིབ་འཇུག་པ་མང་པོས་དོ་སྣང་མ་བྱུང་བའི་རྒྱུ་མཚན་ནི། ཕལ་ཆེར་བོད་ཁུལ་དུ་རྒྱུགས་ཆེ་བའི་《དེབ་ཐེར་དམར་པོ་》རུ་“འདི་ལ་བུ་རམས་ཤིང་པའི་ཕྲེངས་ཟེར་རོ་”⒃ཞེས་ཡི་གེ་རྦད་དེ་ནོར་ཡོད་པས་ཡིན་པ་འདྲ། དུས་རབས་བཅོ་ལྔ་པའི་སྐབས་ཀྱི་ལོ་རྒྱུས་ཡིག་ཆ་སྟེ་སྟག་ཚང་དཔལ་འབྱོར་བཟང་པོའི་《རྒྱ་བོད་ཡིག་ཚང་ཆེན་མོ་》རུ་བཙན་པོའི་རྒྱལ་རབས་རང་ལ་བྱུང་བའི་སྟེངས་ལྔའི་རྣམ་གྲངས་ཕུད། ད་དུང་“ཕྱིས་བྷ་ར་དྷ་ཛ་བུ་མེད་པར་ཤི། གོའུ་ཏ་མ་རྩལ། སྔར་གྱི་ལོ་རྒྱུས་རྙེད་པས། ཐམས་ཅད་མྱ་ངན་དུ་གྱུར། ཁྱེའུ་གཉིས་པོ་བླངས་ནས། རིམ་པར་རྒྱལ་སར་བསྐོས་སོང་། འདི་ལ་བུ་རམ་ཤིང་པའི་སྟེངས་ཟེར་རོ། །”⒄ ཞེས་བུ་རམ་ཤིང་པའི་སྟེངས་ཀྱི་མིང་བརྡ་འདི་མུ་མཐུད་དུ་སྤྱད་ཡོད་ལ། ཕྱིས་སུ་《ཆོས་འབྱུང་མཁས་པའི་དགའ་སྟོན་》དུའང་བཙན་པོའི་རྒྱལ་རབས་སུ་སྟེངས་ལྔ་དང་བུ་རམ་ཤིང་པའི་སྟེངས་གཅིག་བཅས་ཀྱི་རྣམ་གྲངས་འདི་གཅིག་མཐུན་དུ་སྤྱད་ཡོད། འོན་ཀྱང་དུས་རབས་བཅོ་ལྔ་པའི་མཇུག་ཏུ་བྱུང་བའི་ཆོས་འབྱུང་《དེབ་ཐེར་སྔོན་པོ་》རུ་“དེའི་སྲས་གྲི་གུམ་བཙན་པོ། སྤུ་དེ་གུང་རྒྱལ། དེ་དག་ནི་བར་གྱི་ལྟེངས་གཉིས་སོ།”⒅ ཞེས་གྲི་གུམ་བཙན་པོ་དང་སྤུ་དེ་གུང་རྒྱལ་གཉིས་ལ་བར་གྱི་སྟེངས་གཉིས་ཀྱི་རྣམ་གྲངས་ཁོ་ན་ལས། རྒྱལ་རབས་གཞན་ལ་སྟེངས་ཀྱི་མིང་བརྡ་སྤྱད་མེད།
         དེ་ལྟར་བཙན་པོའི་རྒྱལ་རབས་ཀྱི་མཇུག་ལ་ཉེ་བའི་དུས་སུ་ཁྲི་བདུན་དང་ལེགས་དྲུག་སོགས་ཀྱི་རྣམ་གྲངས་གསལ་པོ་བྱུང་ཡོད་མོད། སྐབས་དེར་སྟེངས་ཞེས་པའི་རྣམ་གྲངས་བྱུང་མེད་ལ། ད་ལྟ་ང་ཚོས་མཐོང་དུ་ཡོད་པའི་ཡིག་ཆ་ཁག་ལས་ཐོག་མར་སྟེངས་ཞེས་པའི་རྣམ་གྲངས་བྱུང་ས་ནི་བོད་སིལ་བུའི་དུས་ཀྱི་རྒྱལ་རབས་ཡིག་ཆ་《གསང་བ་ཡང་ཆུང་》ཞེས་པ་དེ་ཡིན། 《གསང་བ་ཡང་ཆུང་》དུའང་གྲི་གུམ་བཙན་པོ་ཡབ་སྲས་ཁོ་ན་ལ་སྟེངས་གཉིས་ཞེས་པའི་རྣམ་གྲངས་སྤྱད་ཡོད་པ་ལས་ཕྱིས་ཀྱི་རྒྱལ་རབས་གཞན་དུ་སྟེངས་ཀྱི་རྣམ་གྲངས་སྤྱོད་པའི་སྲོལ་ཆགས་མེད། 《སྔོན་གྱི་གཏམ་མེ་ཏོག་ཕྲེང་བ་》རུ་འོ་སྟེ་སྤུ་རྒྱལ་ལ་སྟེང་གཅིག་ཅེས་སྐབས་དེར་སྟེང་གཅིག་དང་སྟེངས་གཉིས་ཞེས་པ་ལས་རྣམ་གྲངས་གཞན་གང་ཡང་མེད་པས། སྟེངས་ལ་སྟོད་སྨད་སོགས་ཀྱི་དབྱེ་བ་སྦྱར་མེད། སྟེངས་ཞེས་པའི་གོ་དོན་དེ་ལོ་རྒྱུས་མཁས་པ་ཚོས་རིམ་གྱིས་དང་ལེན་བྱས་པ་བརྒྱུད་སྟེངས་ཀྱི་རྣམ་གྲངས་ཀྱང་ཇེ་མང་དུ་ཕྱིན་ཡོད་ཅིང་། མཐར་དུས་རབས་བཅུ་བཞི་པ་ནས་བཟུང་ཡིག་ཆ་གལ་ཆེན་མང་པོ་རུ་བཙན་པོའི་རྒྱལ་རབས་སུ་སྟེངས་ལྔ་དང་བུ་རམ་ཤིང་པའི་སྟེངས་གཅིག་བཅས་བསྡོམས་ན་སྟེངས་དྲུག་གི་རྣམ་གྲངས་ཆགས་ཡོད། 
སྔ་རབས་ཡིག་ཆ་གཙོ་བོ་ཁག་ཏུ་སྟེངས་ཀྱི་རྣམ་གྲངས་བྱུང་ཚུལ་རེའུ་མིག

གཉིས་པ། སྔ་རབས་ཡིག་ཆ་ཁག་ཏུ་བྱུང་བའི་སྟེངས་དང་འབྲེལ་བའི་འབྲི་ཚུལ་འགའ།
         སྟེངས་ཀྱི་རྣམ་གྲངས་འདི་ལ་ཡིག་ཆ་མི་འདྲ་བ་ཁག་ཏུ་སྟེངས་དང་ལྟེངས། སྟེང་། ལྡེང་། ལྡིང་སོགས་འབྲི་ཚུལ་རིགས་མི་འདྲ་བ་དུ་མ་བྱུང་ཡོད། 《ཆོས་འབྱུང་ཆེན་མོ་བསྟན་པའི་རྒྱལ་མཚན་ལྡེའུ་ཇོ་སྲས་ཀྱིས་མཛད་པ་》རུ་སྟེངས་ཀྱི་རྣམ་གྲངས་བརྗོད་པའི་སྐབས་སུ་སྟེངས་དང་སྟེང་། ལྟེངས་བཅས་གདམ་ང་རུ་སྤྱད་ཡོད་དེ། སྟོད་ཀྱི་སྟེངས་གཉིས་ཀྱི་སྐབས་སུ“དེ་ནས་བར་དུ་སྟེང་གཉིས་ཏེ། ཡབ་སྟེངས་པ་དང་སྲས་སྟེངས་པའོ།”⒆ཞེས་དང་། ཡང་འབྲོ་གཉེན་ལྡེའུ་དང་སྟ་གུ་རྙན་གཟིགས་ཀྱི་སྐབས་སུ“བར་དེར་སྨད་ཀྱི་སྟེང་གཉིས་བྱུང་ཏེ་”⒇ཞེས་དང་། “སྟེངས་པའི་གཏན་ཚིགས་ནི་ཡབ་མེས་ཀྱི་ཡི་དམ་སྤངས་པ་དང་ཡབ་བསྙུན་གྱིས་ཁྱེར་ནས་སྲས་རྨུན་ལོང་དུ་སོང་བས་ཞག་ཉི་ཤུ་རྩ་ཅིག་ཏུ་རྒྱལ་ས་ཤོར་ཏེ་སྨད་དུ་ལྟེངས་སོ་”(21)ཞེས་གསལ།《མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ་》རུ་རྒྱལ་རབས་《གསང་བ་ཡང་ཆུང་》མཐར་ཆགས་སུ་འགོད་པའི་སྐབས་སུ་སྟེངས་ཞེས་བྲིས་ཡོད་མོད། གཞུང་རང་དུ་“འུ་(སྤུ་)དེ་གུང་རྒྱལ་གྱིས་འདི་ངའི་ཁུ་བོ་བས་ལྷག་ཟེར་ནས་ཁུ་སྨོན་གཟུང་དུ་བཏགས་སོ། དེ་ལ་སྟོད་ཀྱི་སྟེང་གཉིས་ཟེར་བ་ལགས་སོ།”(22) ཞེས་ཡང་འཇུག་མེད་པའི་སྟེང་འདི་བེད་སྤྱད་ཡོད། 《དེབ་ཐེར་དམར་པོ་》རུའང་“རྒྱལ་པོ་ཡབ་སྲས་དེ་གཉིས་ཀྱི་བར་ལ་སྒྲུང་དང་ལྡེའུ་བྱུང་། ཞིང་འདེབས་པ་དང་། གསེར་དངུལ་བཞུ་བ། ཟམ་པ་སོགས་བྱུང་། སྟོད་ཀྱི་ལྟེངས་ཞེས་བྱ་སྟེ། ལྟེངས་གཉིས་བང་སོ་རྫ་དང་གཡའ་ལ་བཏབ།” (23)ཅེས་དང་། “དེའི་ཚེ་རྒྱལ་པོའང་ལྷ་ལུང་དཔལ་གྱི་རྡོ་རྗེས་མདའ་བརྒྱབས་ནས་བསད་དེ་མདོ་ཁམས་སུ་བྲོས། འདི་ལ་སྨད་ཀྱི་སྟེངས་ཟེར།” (24)ཞེས་སྟེངས་དང་ལྟེངས་འདམ་ང་རུ་སྤྱད་ཡོད། 《རྒྱ་བོད་ཡིག་ཚང་ཆེན་མོ་》རུའང“སྟེང་གཉིས་བང་སོ་རྫ་དང་གཡའ་ལ་བཏབ་ཅེས་སོ།” (25) ཞེས་དང་། “དེ་རྗེའི་སྲས། འབྲོ་གཉན་ལྡེ་རུ། བློན་པོ། གཉག་ཐང་སྤང་ཡང་རྗེ་དང་། སྣུབས་ཁྲི་ད་རེ་ཐོང་པོས་བྱས། རྗེའི་སྲས། སྟག་རི་གཉན་གཟིགས་དང་། ཡབ་སྲས་དེ་གཉིས་ལ་བར་སྟེངས་ཟེར།” (26)ཞེས་སྟེང་དང་སྟེངས་གཉིས་གདམ་ང་རུ་སྤྱད་ཡོད།
         འདི་ལྟར་གོ་བསྡུར་ནས་དཔྱད་ན་སྟེངས་དང་སྟེང་། ལྟེངས་བཅས་འབྲི་སྟངས་གསུམ་བྱུང་བ་ནི། སྔར་གྱི་ཡིག་ཆ་དག་ནི་མི་རབས་ནས་མི་རབས་བར་ངོ་བཤུས་དང་དཔར་འདེབས་ཀྱི་རིམ་པ་མི་འདྲ་བ་བརྒྱུད། འབྲེལ་ཡོད་ཀྱི་མི་སྣས་བཅོས་ནོར་དང་བྲིས་ནོར་བྱུང་བའི་དབང་གིས་གཅིག་གྱུར་མ་བྱུང་བ་ནི་ལོ་རྒྱུས་ཡིག་ཆ་གཅིག་གི་པར་གཞི་མི་འདྲ་བ་ཁག་ནས་ཀྱང་མཐོང་ཐུབ། དཔེར་ན་གོང་འཁོད་《དེབ་ཐེར་དམར་པོ་》ལྟ་བུར་ཆ་མཚོན་ན། ཕྲན་གྱིས་གཞི་འཛིན་སའི་པར་གཞི་ནི་མི་རིགས་ཕོ་བྲང་གི་དཔེ་མཛོད་ཁང་དང་བོད་རང་སྐྱོངས་ལྗོངས་ཡིག་ཚགས་ཅུས་ཀྱི་བྲིས་མ་ལྟར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་པར་གཞི་དེ་ཡིན་ལ། 2004ལོར་བལ་པོའི་སྒམ་པོ་པ་དཔེ་མཛོད་ནས་དཔར་བའི་《ཞུས་ལན་དེབ་ཐེར་དམར་པོ་ཚལ་པ་ཀུན་དགའ་རྡོ་རྗེས་མཛད་པ་》ཞེས་པའི་པར་གཞི་རུ་“སྟོད་ཀྱི་སྟེང་ཞེས་བྱ་སྟེ། སྟེང་གཉིས་བང་སོ་ཛ་དང་གཡའ་ལ་བཏབ།” (27) ཅེས་དང་“ལྷ་ལུང་དཔལ་གྱི་རྡོ་རྗེས་མདའ་བརྒྱབས་ནས་བསད་དེ་དཔལ་གྱི་རྡོ་རྗེ་མདོ་ཁམས་སུ་བྲོས།འདི་ལ་སྨད་ཀྱི་སྟེང་ཟེར།” (28) ཞེས་སྟེང་ཡང་འཇུག་མེད་པ་སྤྱད་ཡོད། འབྲས་ལྗོངས་གཞུང་གི་པར་མ་《འཚལ་པ་ཀུན་དགའ་རྡོ་རྗེས་མཛད་པའི་ཧུ་ལན་དེབ་ཐེར་》ཞེས་པར།“དེའི་ཚེ་རྒྱལ་པོའང་ལྷ་ལུང་དཔལ་གྱི་རྡོ་རྗེས་མདའ་བརྒྱབས་ནས་བསད་དོ། ། མདོ་ཁམས་སུ་བྲོས། འདི་ལ་སྨད་ཀྱི་ལྟེངས་ཟེར།” (29)ཞེས་ལྟེངས་འདི་སྤྱད་ཡོད་པས། བལ་བོའི་པར་གཞི་རུ་སྟེང་ཞེས་སྤྱད་པ་ནི་སྒྲིག་མཁན་གྱི་རང་བཟོ་ཡིན་པ་ཤེས་ཐུབ། འདི་ལྟར་པར་གཞི་མི་འདྲ་བར་སྒྲིག་མཁན་དང་བཤུ་མཁན་རང་གི་གོ་བའམ་རང་བཟོའི་ཤུགས་ཀྱིས་སྟེངས་ཀྱི་རྣམ་གྲངས་ལ་ཡི་གེ་གང་འདོད་དུ་བྲིས་ཡོད་པར་མཐོང་བས། མཐའ་གཅིག་ཏུ་ལོ་རྒྱུས་མཁས་པ་དེས་ཡི་གེ་དེ་འདོད་ཅེས་ཁ་ཚོན་གཅོད་ཐབས་བྲལ། འོན་ཀྱང་ལོ་རྒྱུས་ཡིག་ཆར་བྱུང་བའི་ཐེངས་གྲངས་ཆེས་མང་ཤོས་ནི་སྟེངས་ཞེས་པ་འདི་ཡིན་ལ། ཆེས་ཐོག་མར་《གསང་བ་ཡང་ཆུང་》ནང་བྱུང་བས་ང་ཚོས་འདི་ཉིད་ནི་ཕྱི་མོ་ལྟ་བུ་དང་། ཡི་གེ་འདིའི་སྟེང་ནས་གོ་བ་ལེན་འོས་པར་འདོད། 
         སྟེངས་དང་ལྟེངས། སྟེང་བཅས་དང་མི་འདྲ་བར་དམིགས་བསལ་དུ་བརྩི་འོས་པ་ཞིག་ནི་ལྡེང་དང་ལྡིང་ཡིན། ལྡེང་ནི་གྲགས་པ་རྒྱལ་མཚན་གྱི་རྒྱལ་རབས་ཁོ་ན་ལ་བྱུང་ཡོད་ཅིང་། འདིའང་སྔར་གྱི་ཤིང་དཔར་དང་ཕྱིས་ཀྱི་དཔེ་བསྡུར་མ་གཞིར་བཟུང་བ་ཡིན་པས། དེའི་ཡར་སྔོན་གྱི་བྲིས་དཔེ་རྙིང་པ་ཁག་ཏུ་ཡི་གེ་གང་ཡིན་གྱི་ཁུངས་རྙེད་མ་བྱུང་། ལྡིང་ནི་བོན་དང་འབྲེལ་བའི་ཡིག་ཆ་ཁག་ཏུ་མ་གཏོགས་བྱུང་མེད་ལ། ལྡིང་ཞེས་པའི་སྐབས་སུ་ངོས་འཛིན་སྟངས་ཐད་བན་ཕྱོགས་ཀྱི་ཡིག་ཆ་དང་མི་འདྲ་ས་ཐོན་ཡོད། བོན་གྱི་ཡིག་ཆ་རྙིང་ཤོས་ཁག་ཏུ་སྟེངས་ཀྱི་མིང་བརྡ་བྱུང་མེད་དེ། 《གཡུང་དྲུང་བོན་གྱི་སྒྲ་བསྒྲགས་པ་རིན་པོ་ཆེའི་གླིང་གྲགས་》དུ་གྲི་གུམ་བཙན་པོའི་སྐུ་རིང་ལ་བཙན་པོ་དང་གཤེན་བོན་བར་ལ་འགལ་བ་ཆེན་པོ་བྱུང་བའི་ལོ་རྒྱུས་ཅུང་ཁ་གསལ་ཞིག་བཀོད་ཡོད་པར། གྲི་གུམ་བཙན་པོས་གཤེན་བོན་རྣམས་གཤེགས་སུ་གསོལ་བས་ཁོང་སྐུ་ཚེ་མ་བརྟན་པའི་རྒྱུ་མཚན་ནི་བོན་གྱི་དབུ་ཡོགས་དང་མཐུ་ཡིན་པ་དང་། གྲི་གུམ་ནི་ཐེའུ་རང་མང་སྙ་ཨི་ཝེར་གྱི་སྤྲུལ་པ་ཡིན་པ། བདུད་ཡང་རྗེ་ནག་པོའི་སྤྲུལ་པ་ཡིན་པ་སོགས་བཙན་པོ་ལ་དམའ་འབེབས་པའི་ཚིག་མང་ཙམ་ཐོན་ཡོད་མོད། སྟེངས་ཀྱི་མིང་བརྡ་སྤྱད་མེད་ལ་ཁྲི་དྲུག་གི་སྟེང་ལ་ཁྲི་སྡེ་ཡགས་པ་ཞེས་པ་ཞིག་བསྣན་ནས་གནམ་གྱི་ཁྲི་བདུན་དང་། གྲི་གུམ་བཙན་པོ་ལོགས་སུ་བཞག་ཅིང་། སྤུ་དེ་གུང་རྒྱལ་ལ་ཐོ་ལེགས་བཙན་པོ་ཞེས་མཚན་གསོལ་ནས་སའི་ལེགས་དྲུག་གི་དང་པོར་བརྩིས་ཡོད། ཁོད་པོ་བློ་གྲོས་ཐོགས་མེད་ཀྱིས་གཏེར་ནས་བཏོན་པའི་《སྲིད་པ་རྒྱུད་ཀྱི་ཁ་བྱང་》དུའང་གྲི་གུམ་བཙན་པོ་དང་སྤུ་དེ་གུང་རྒྱལ་གྱི་རྒྱལ་རབས་རྣམ་གྲངས་དབྱེ་སྟངས་《བསྒྲགས་པ་རིན་ཆེན་གླིང་གྲགས་》ལྟར་བཀོད་ཡོད་ལ། སྟེངས་ཀྱི་རྣམ་གྲངས་ཅི་ཡང་བྱུང་མེད། གཞན་《མདོ་འདུས་》དང་《མཛོད་ཕུགས》 《མདོ་གཟེར་མིག་》སོགས་ཡིག་ཆ་སྔ་ཤོས་སུ་འདོད་པ་དུ་མ་ཡོད་མོད། དེ་དག་ཏུ་གཤེན་རབས་ཀྱི་མཛད་པ་སྟོན་པ་དང་། སྲིད་པའི་ཆགས་རབས་སྟོན་པ་སོགས་བརྗོད་བྱ་གཙོ་བོར་བྱས་པ་ལས། བཙན་པོའི་རྒྱལ་རབས་སྐོར་ལ་དམིགས་བསལ་འབྲེལ་བ་ཆེན་པོ་མེད་པས་རྒྱལ་རབས་རྣམ་གྲངས་དང་འབྲེལ་བའི་སྐོར་བཀོད་མེད། ད་ལྟ་ང་ཚོས་མཐོང་དུ་ཡོད་པའི་བོན་ཕྱོགས་ཀྱི་ཡིག་ཆ་ཁག་ལས་སྟེངས་དང་འབྲེལ་བའི་རྒྱལ་རབས་རྣམ་གྲངས་བཀོད་པ་སྔ་ཤོས་ནི་ཁྱུང་པོ་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི་《གླེང་གཞི་བསྟན་པའི་བྱུང་ཁུངས་》ཡིན་ལ། དེར་“དེ་གཉིས་བམ་པོ་ས་ལ་བཏབ་ཅིང་མངའ་ཐང་ཕྲི་བས། བར་གྱི་ལྡིང་གཉིས་ཞེས་བྱའོ། །” (30) ཞེས་བཀོད་ཡོད། དེའི་ཕྱིས་སུ་《བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ་》སོགས་སུའང་དོན་གྱི་བྱུང་རིམ་ཞིབ་ཕྲ་《བསྒྲགས་པ་རིན་ཆེན་གླིང་གྲགས་》དང་ཆ་མཐུན་པ་ལ་བཙན་པོ་ཡབ་སྲས་དེ་གཉིས་ལ“མཚན་ཡང་གྲི་རུམ་བཙན་པོར་བཏགས་སོ། །ཞང་ཞུང་ཨ་བོ་ཆབ་དཀར་གྱིས་སྐུ་སྲུང་། དེ་དང་བལ་ཟ་ཁྲི་བཙུན་བཤོས་པ་ལ། ནམ་གྱི་གུང་ལ་སྲས་བྱ་རྟ་སྤྱང་གསུམ་གྱི་སྤུ་ལ། སྐྲ་དང་བ་སྤུ་བྱས་པ་ཞིག་བྱུང་སྟེ། མཚན་ཡང་སྤུ་དེ་གུང་རྒྱལ་དུ་བཏགས་སོ། །ཞང་ཞུང་ཚེའི་རྒྱལ་པོས་སྐུ་སྲུང་ངོ་། །དེ་གཉིས་བར་གྱི་ལྡིང་གཉིས་སོ། །” (31)ཞེས་བཀོད་ཡོད།
         བོན་གྱི་ཡིག་ཆ་འདི་དག་ལས་དམིགས་བསལ་ཞིག་ནི་《བཤད་མཛོད་ཡིད་བཞིན་ནོར་བུ་》རུ་“གཉའ་ཁྲི་བཙན་པོ་གུང་ལ་གཤེགས་ནསུ། །ཁྲི་བདུན་བར་གྱི་སྟེང་༢དང་། །ལེགས་དྲུག་དང་ནི་སྡེ་བརྒྱདང་། །བཙན་ལྔ་གདུང་རབས་ཉིུ་བརྒྱད། །བོད་ལ་ཆོས་མེད་མུན་པའི་གླིང་། །ཆབ་སྲིད་བོན་གྱི་བསྟན་པ་དར། །” (32)ཞེས་དང་། “ཁྲི་ཁུང་རྩན་པོ་དང་། སྤོ་དེ་དགུང་རྒྱལ་ལ་བར་གྱི་སྟེང་༢་ཟེར་བ་ཡིན།” (33)ཞེས་སྟེང་གཉིས་ཞེས་པའི་འབྲི་ལུགས་འདི་སྤྱད་ཡོད། འདིའི་གཞུང་དངོས་སུ་བན་བོན་གྱི་འགལ་བ་དང་ཕྱོགས་གཅིག་ལ་དམའ་འབེབས་པའི་ཚིག་འགྲོས་མང་པོ་མ་མཐོང་བས་རྩོམ་པ་པོའི་ལོ་རྒྱུས་བཞེད་ཕྱོགས་བན་ཕྱོགས་ཀྱི་ཡིག་ཆ་དང་ཆ་འདྲ་བ་དང་། སྟེང་ཞེས་པའི་འབྲི་ཐབས་འདི་སྤྱད་པའང་བཞེད་ཕྱོགས་འདི་དང་འབྲེལ་བ་ཡོད་སྲིད་པར་སྙམ། དེ་ཡང་པར་གཞི་འདི་དང་འབྲུག་ནས་ཐོན་པའི་པར་གཞི་གང་ཡིན་ཡང་དབུ་མེད་ཀྱི་མ་ཡིག་ཅིག་ཡོད་པ་མངོན་པར་གསལ། ལྷག་པར་དུ་རྡི་ལི་གསར་པའི་པར་གཞི་འདིའི་ཡི་གེ་སྐུང་ཚུལ་དང་། ཡིག་ཚབ་ལ་ཨང་ཀི་སྤྱོད་སྟངས་སོགས་གང་ལ་བལྟས་ཀྱང་མ་ཡིག་དབུ་མེད་ཅིག་ལས་བཤུས་པ་བདེན་པར་གྲུབ་པས། བཤུ་བ་པོས་རང་བཟོ་བཅོས་ཐལ་ཤོར་མེད་པའི་ཁ་ཚོན་ཡང་གཅོད་ཐབས་བྲལ།
         གོང་འཁོད་ཀྱི་འབྲེལ་ཡོད་རྒྱུ་ཆ་ཁག་ལས་མངོན་པ་ལྟར་ན་བོན་གྱི་ཡིག་ཆ་དག་ཏུ་སྟེངས་ཀྱི་རྣམ་གྲངས་བྱུང་བ་ནི་བན་ཕྱོགས་ཀྱི་ཡིག་ཆ་ཁག་ལས་ཆེས་ཆེར་འཕྱི་ཞིང་། དུས་རབས་བཅུ་བཞི་པའི་སྐབས་སུ་གཞི་ནས་གྲི་གུམ་བཙན་པོ་དང་སྤུ་དེ་གུང་རྒྱལ་ཡབ་སྲས་ལ་ལྡིང་ཞེས་པའི་ཡི་གེ་སྤྱོད་མགོ་ཚུགས། ལྡིང་ཞེས་པ་ལ་སྟེངས་དང་ཆ་མཐུན་པའི་དོན་ཡོད་མེད་ནི་ཤིན་ཏུ་བཤད་དཀའ་ལ། 《བསྒྲགས་པ་རིན་ཆེན་གླིང་གྲགས་》སུ་“བོད་འདིར་དང་པོ་རྒྱལ་པོ་བས་ཀྱང་བོན་སྔ་སྟེ་དེ་ལ་བོན་འདི་སྔ་ཞིང་དར་ཞིང་རྒྱས་ཚུལ་དང་། བར་དུ་ལྡིང་ཞིང་བརྒྱུད་ཚུལ་དང་། མཐར་གཏེར་སྒོ་འབྱེད་ལུགས་གསུམ་མོ། །” (34)ཞེས་ལྡིང་འདི་རྒྱལ་རབས་དར་རྒུད་དང་འབྲེལ་ནས་བརྗོད་ཡོད་པ་འདི་ཉིད་གཞིར་བཟུང་ན་དྲང་ལྡོག་གང་ཡིན་མ་ངེས་ཀྱང་། ལྡིང་ཞེས་པའི་མིང་འདི་ལས་ཀྱང་རང་གི་ལོ་རྒྱུས་དཔྱད་འཇོག་ཅིག་མངོན་ཡོད་པ་ཤེས་ཐུབ། བོན་ཕྱོགས་ཀྱི་ལོ་རྒྱུས་འབྲི་མཁན་ཚོས་ལྡིང་ཞེས་བཀོད་དོན་ནི་སྟེངས་ཞེས་པའི་ཡི་གེ་སྤྱོད་པར་མོས་མཐུན་མ་བྱས་པ་ཡིན་ཤས་ཆེ་ཞིང་། བོན་དང་འབྲེལ་བའི་རྒྱལ་རབས་དེབ་ཐེར་གཞན་གང་དུའང་འབྲོ་སྙན་ལྡེའུ་དང་སྟག་རི་གཉན་གཟིགས་ཡབ་སྲས་དང་དར་མ་འུ་དུམ་བཙན་ལ་ལྡིང་ཞེས་པའི་ཡིག་འབྲུ་འདི་སྤྱད་མེད། འདི་ནི་གྲུབ་མཐའ་རང་རང་གི་ལོ་རྒྱུས་དཔྱད་འཇོག་གི་ཚད་གཞི་དང་འབྲེལ་བ་ངེས་ཅན་ཞིག་ཡོད་པར་ངེས་ཏེ། 《གླེང་གཞི་བསྟན་པའི་བྱུང་ཁུངས་》སོགས་བོན་གྱི་ལོ་རྒྱུས་ཡིག་ཆ་དུ་མར་ཁྲི་གཉན་གཟུང་བཙན་དང་། འབྲོ་སྙན་ལྡེའུ། སྟག་རི་གཉན་གཟིགས། གནམ་རི་སྲོང་བཙན་བཅས་བཞི་ལ་ཕུན་སུམ་ཚོགས་པའི་བོན་རྒྱལ་བཞི་ཞེས་པའི་རྣམ་གྲངས་འདྲེན་ལུགས་གཞན་དང་མི་མཐུན་པ་སྤྱད་ཡོད། དར་མ་འུ་དུམ་བཙན་ཡང་ཆོས་བསྣུབས་པའི་བདུད་རྒྱལ་དུ་འདོད་པ་ནི་བན་ཕྱོགས་ཀྱི་ཡིག་ཆ་ཁག་གི་ལྟ་བ་ཡིན་པས། སྟེངས་ཞེང་པའི་མིང་བརྡ་མ་སྤྱད་པར་རང་ལུགས་དང་མཐུན་པའི་དཔྱད་འཇོག་བྱས་པའང་མཐོང་ཐུབ།
སྔ་རབས་ཡིག་ཆ་ཁག་ཏུ་སྟེངས་ཀྱི་འབྲི་ཚུལ་སྣ་ཚོགས་བྱུང་ཚུལ་གྱི་རེའུ་མིག

གསུམ་པ། སྟེངས་ཀྱི་འགྲེལ་ལུགས་མི་མཐུན་པ་བཀོད་ཅིང་རང་ལུགས་བཞག་པ།
         བཙན་པོའི་རྒྱལ་རབས་ཀྱི་རྣམ་གྲངས་འདྲེན་སྐབས་ཁྲི་བདུན་དང་། ལེགས་དྲུག ལྡེ་བརྒྱད། བཙན་ལྔ་སོགས་ནི་རྣམ་གྲངས་རང་རང་གི་སྐབས་ཀྱི་བཙན་པོའི་མཚན་ལས་ཐུན་མོང་གི་ཡི་གེ་རེ་ཁོལ་དུ་ཕྱུང་ནས་བཏགས་པ་ཡིན་པས།དམིགས་བསལ་འགྲེལ་རྗོད་བྱས་པ་ཞིག་མ་མཐོང་ལ། སྟེངས་ཀྱི་རྣམ་གྲངས་འདི་ནི་ལོ་རྒྱུས་ཡིག་ཆ་གསར་ཤོས་ཁག་ཏུ་སྟེང་ཞེས་ཡང་འཇུག་དོར་ཅིང་། བར་དང་སྨད་ཀྱི་སྟེངས་ཀྱི་རྣམ་གྲངས་ཁག་བེད་མི་སྤྱོད་པར། སྟོད་ཀྱི་སྟེང་ཞེས་ཐོག་དང་གོང་གི་དོན་ཡོད་པའི་སྒོ་ནས་རང་རང་གི་བརྩམས་ཆོས་ཁྲོད་དུ་རྒྱུད་འཛིན་བྱས་ཡོད། མཁས་པ་འགའ་རེས་འདིའི་དོན་ལ་ཐུགས་བསམ་བཞེས་ཡོད་ལ་རྒྱལ་རབས་རྩོམ་པའི་གོ་རིམ་དུ་སྟོད་ཀྱི་སྟེངས་གཉིས་སྐབས་སུ་འགྲེལ་རྗོད་བསྡུས་ཙམ་རེ་བགྱིས་ཡོད། དཔེར་ན་《བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་རཱ་གའི་ལྡེ་མིག་》ཏུ་“འདི་གཉིས་ལ་སྟོད་ཀྱི་སྟེང་གཉིས་ཟེར་བའང་སྤུ་རྒྱལ་གྱི་སྲིད་དབང་སྟོང་བའི་བར་སྐབས་ཀྱི་སྔོན་རྗེས་སུ་བྱུང་བའི་རྒྱལ་པོ་གཉིས་ཡིན་པའི་ཕྱིར་ན་མིང་དེ་ལྟར་དུ་བྱུང་བར་སྣང་” (35)ཞེས་རྒྱལ་རབས་སྟོང་བའི་སྔོན་རྗེས་སུ་བྱུང་བས་རྒྱལ་པོ་ཡིན་པ་དེ་སྟེང་གི་འགྲེལ་པའམ་རྒྱུ་མཚན་གྱི་ཚུལ་དུ་བཀོད་ཡོད། སྟེངས་ལ་ཆེད་དུ་ཞིབ་འཇུག་གིས་དཔྱད་སྡོམ་བཀོད་པ་ལ་ཀིརྟི་བློ་བཟང་བསྟན་འཛིན་གྱི་《གནའ་རབས་བོད་ཀྱི་སྲིད་དོན་ལོ་རྒྱུས་ལ་དཔྱད་པ་དྭངས་གསལ་མེ་ལོང་》དུ་སྟེང་གཉིས་ཟེར་དགོས་པའི་རྒྱུ་མཚན་ཞེས་བྱེ་བྲག་གི་ཚན་པ་ཕྱེ་ཞིང་གླེང་བར་“གོང་གསལ་ལོ་རྒྱུས་རྣམས་གུང་བསྒྲིགས་པའི་སྐབས་སུ་བཙན་པོ་འདི་ཉིད་དང་། སྲས་སྤུ་ལྡེ་གཉིས་ལ་བར་གྱི་སྟེང་སྟེ་བར་སྟོང་ལྟ་བུར་བཤད་དགོས་པའི་རྒྱུ་མཚན་ནི། བཙན་པོ་འདི་ཉིད་ཀྱི་ཡབ་གནམ་གྱི་ཁྲི་བདུན་གྱི་མཐའ་མ་དེ་མིན་པར་ཡབ་ཁྲི་ལྡེ་ཡག་པ་ཟེར་བ་དང་། ཡུམ་ས་བཙུན་ཀླུ་རྗེ། བཙུན་མོ་ཡང་ཀླུ་སྲིང་མེར་ལྕམ་ལ་བརྟེན་བཙན་པོ་སྔོན་མ་དེའི་རིགས་སྲས་མིན་པར་མ་ཟད། སྔོན་གྱི་དུས་སུ་ལྷ་ཡི་རིགས་ནི་རྒྱལ་རིགས་དང་རྨུ་དང་། ཀླུ་སོགས་ཀྱི་རིགས་ནི་འབངས་དཀྱུས་མའི་རིགས་ལ་བཤད་སྲོལ་ཡོད། རིགས་འཆོར་བ་སྟེ་འདི་ཡན་ལ་དམུ་ཐག་ཡོད་པར་རྒྱལ་པོ་འདིའི་དུས་ནས་དམུ་ཐག་ཆད་པའི་བཤད་སྲོལ་བྱུང་བར་བརྟེན་རིགས་ཉམས་པས་བར་སྟོང་ལྟ་བུ་ཞིག་ཏུ་ངོས་བཟུང་བར་སེམས་” (36)ཞེས་རིགས་ཉམས་པ་དང་རིགས་རྒྱུད་ཀྱི་དམུ་ཐག་ཆད་པའི་ཁྱད་ཆོས་དེ་གཙིགས་སུ་བཟུང་ནས་བརྗོད་ཡོད། འདིའི་སྐོར་ལ་པད་མ་དབང་རྒྱལ་ལགས་ཀྱིས་《བཙན་པོ་རིམ་བྱོན་ལས་སྟོད་ཀྱི་སྟེང་གཉིས་དང་བར་གྱི་སྟེང་གཉིས་ཞེས་པའི་མཚན་དོན་ལ་དཔྱད་པ་》ཞེས་པ་རུ་བརྡ་རྙིང་གི་མིང་ཚིག་བརྗེ་རེས་ཀྱི་ཆོས་ཉིད་གཞིར་བཟུང་ནས་སྟེང་དང་སྟེངས་ནི་སྟོང་དང་སྟོངས་དབྱངས་ཡིག་བརྗོད་པ་གང་བདེར་བྲིས་པ་དང་། སྟེངས་དང་ལྟེངས་ནི་མགོ་ཅན་ལ་དང་ས་གཉིས་བརྗོད་པ་གང་བདེར་བྲིས་པར་ངོས་བཟུང་ཡོད་ལ། མཐའ་དཔྱོད་དུ“དུས་སྐབས་སོ་སོའི་སྐད་ཀྱི་འཕེལ་འགྱུར་དང་བསྟུན་ནས་དབྱངས་བཞི་བོ་དང་གསལ་བྱེད་རྣམས་རང་རང་སྡེ་པའི་ནང་གསེས་སུ་བརྗོད་པར་གང་བདེར་བྲིས་པའི་ཐོབ་འབྲས་ཡིན་པ་ལས། དེ་དག་སོ་སོར་དོན་མི་འདྲ་བ་རེ་སྟོན་དུ་ཡོད་པ་མ་ཡིན་ཏེ། སྟོང་ཞེས་པའི་དོན་ཡིན་པར་སྙམ་ན་བློ་ལྡན་རྣམས་ཀྱིས་དཔྱད་པར་འཚལ། །” (37)ཞེས་སྟེང་དང་སྟེངས། ལྟེངས་བཅས་ནི་དོན་དུ་སྟོང་གི་དོན་ཡིན་པར་བསྒྲུབས་ཡོད། སྤྱིར་སྔར་གྱི་ཡིག་ཆ་བྲིས་མ་ཁག་ཏུ་བརྗོད་བདེ་རུ་བྲིས་པ་དང་། འབྲི་མཁན་རང་གི་ས་ཆའི་ཡུལ་སྐད་ཇི་བཞིན་ཡིག་ཐོག་ཏུ་ཕབ་པ་སོགས་ནི་མང་པོ་མཐོང་བས། མཐའ་གཅིག་ཏུ་དེང་གི་བརྡ་དག་གི་ཚད་གཞིས་གཞལ་ན་ཐལ་དྲགས་པ་ཤིན་ཏུ་མང་ལ། ཁོང་གིས་བརྗོད་པ་འདི་ལའང་གནས་ལུགས་ངེས་ཅན་ཞིག་ཡོད་པར་ངེས། ཡིག་ཆ་རྙིང་པ་མང་པོར་མགོ་འདོགས་དང་དབྱངས་ཡིག་ལ་གདམ་ང་ཅན་དུ་བྲིས་པ་མང་པོ་བསྟན་དུ་ཡོད་པས། འདི་ལྟ་བུའི་དཔྱད་འབྲས་བཀོད་པ་ནི་ལྟ་ཚུལ་གསར་པ་ཞིག་ཡིན་ལ། རང་ངོས་ནས་དཔྱད་གཞིའི་རིན་ཐང་ཡང་ངེས་ཅན་དང་ལྡན། འོན་ཀྱང་ང་ཚོས་ཞིབ་པར་བརྟགས་ཚེ་《མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ་》རུ་ལུང་དྲངས་པའི་《གསང་བ་ཡང་ཆུང་》དུ་ཆེས་ཐོག་མར་སྟེངས་ཞེས་པའི་ཡི་གེ་འདི་སྤྱད་ཡོད་པ་དང་། ཟངས་མ་གཞུག་རལ་ཅན་དང་ལྟེབ་མ་དགུ་རྩེག་ཅན་སོགས་ནི་སྐབས་དེར་གཞིར་འཛིན་དུ་ཡོད་པའི་ཡིག་ཐོག་གི་ལོ་རྒྱུས་ཡིག་ཆ་ཡིན་པར་གདོན་མི་ཟ་ལ། བྱེ་བྲག་《གསང་བ་ཡང་ཆུང་》ཡིག་ཐོག་གི་རྣམ་པ་ཡིན་ན་དེ་རུ་ཐོག་མར་བྱུང་བའི་སྟེངས་ཀྱི་མིང་འདི་ནི་ཡི་གེར་བཀོད་པ་ཆེས་སྔ་ཤོས་དང་། ཕྱིས་འབྱུང་ལོ་རྒྱུས་མཁས་པ་ཚོས་གཞི་འཛིན་ས་རུ་བྱས་ཡོད་པས། སྟེངས་ཞེས་པ་ནི་རྒྱལ་རབས་འདི་གཉིས་ཀྱི་མཚན་གྱི་རྣམ་གྲངས་སུ་བཀོད་པ་གསལ་པོ་ཡིན། ཕྱིས་སུ་འདི་ཉིད་གཞིར་བྱས་ནས་བྱུང་བའི་ཡིག་ཆ་རིམ་པ་ཁག་ཏུ་སྟེངས་དང་ལྟེངས། སྟེང་སོགས་གདམ་ང་ཅན་དུ་བྱུང་ཡོད་མོད། སྔ་ཕྱིའི་ཡིག་ཆ་གང་ཏུའང་ཡི་གེ་འདི་དག་ལ་སྟོང་གི་དོན་ཐད་ཀར་ཡོད་པ་དང་གདམ་ངའམ་བརྗེ་རེས་བྱས་པ་གཅིག་ཀྱང་མཐོང་དུ་མེད། 《ཉང་རལ་ཆོས་འབྱུང་》དུའང་ལྟོང་ཞེས་ཉག་དང་ཁས་ལྟོང་གི་དོན་ཡོད་པའི་ཡི་གེ་དམིགས་བསལ་བ་ཞིག་སྤྱད་པ་ལས་སྟོང་ཞེས་ཟད་པའམ་མེད་པའི་དོན་ཅན་འདི་སྤྱད་མེད། དེའི་ཕྱིར་སྟེངས་དང་ལྟེངས། སྟེང་བཅས་ནི་སྟེངས་ཀྱི་རྣམ་གྲངས་འདྲེན་པའི་སྐབས་སུ་གདམ་ང་རུ་སྤྱད་པའི་ཡི་གེ་འགའ་ཡིན་ལ། ཐམས་ཅད་ཀྱི་བསྟན་བྱ་གཅིག་ཏུ་བབས་ཡོད། འདི་དག་སྟོང་དང་དོན་གཅིག་ཡིན་པའི་ཐད་ཀའི་གཞི་འཛིན་སའི་ཡིག་ཆ་ཞིག་གང་དུའང་བྱུང་མྱོང་མེད་པ་མངོན་པར་གྲུབ། 《ཆོས་འབྱུང་མཁས་པའི་དགའ་སྟོན་》དུ་“ཡབ་སྲས་འདི་གཉིས་བར་གྱི་སྟེངས་ཅེས་གྲགས། སྲས་སྤྱན་མ་ཕྱེ་བའི་བར་ཞག་ཉེར་གཅིག་རྒྱལ་པོ་མེད་པས་གདུང་སྟོངས་སྐད།” (38) ཅེས་རྒྱལ་རབས་རྣམ་གྲངས་སུ་སྤྱོད་པའི་སྟེངས་དང་། བྱེ་བྲག་རྒྱལ་རབས་སྐབས་སུ་གདུང་རྒྱུད་ལ་བར་སྟོང་བྱུང་བའི་སྟོངས་གཉིས་ལོགས་སུ་ཕྱེ་ནས་བརྗོད་ཡོད་ལ། 《རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ་》རུའང་“ཁུ་སྨོན་གཟུང་མ་སྐྱེས་ཀྱི་བར་དུ་གྲི་གུམ་བཙན་པོ་བཀྲོངས་ནས། སྲས་འུ་དེ་གུང་རྒྱལ་རྒྱལ་སར་མ་ཚུད་བར་དུ་ལོ་སྐོར་གཅིག་སྟོངས་སོ་” (39)ཞེས་སྟོངས་དང་སྟེངས་གཉིས་དུས་གཅིག་ཏུ་བྱུང་ཞིང་ཕན་ཚུན་བརྗེ་བོ་མ་བརྒྱབ་པ་གསལ་པོར་མཐོང་ཐུབ་པས། སྟེངས་ནི་མཐའ་གཅིག་ཏུ་སྟོང་གི་དོན་ལ་ངོས་འཛིན་མི་ཆོག་པ་དང་། དེའི་བརྗོད་བདེའམ་ཡང་ན་གདམ་ང་རུ་དྲངས་པ་མིན་པ་ཤེས་ཐུབ། སྟེངས་དང་འབྲེལ་བའི་ལོ་རྒྱུས་དཔྱད་རྗོད་ཀྱི་གོ་རིམ་ཁྲོད་རིམ་བཞིན་ངོས་འཛིན་སྟངས་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པ་དང་། སྟེངས་ཞེས་པའི་འབྲི་ལུགས་ཀྱང་གཅིག་གྱུར་ཆགས་ནས། 《དེབ་ཐེར་དམར་པོ་》དང ་《མཁས་པའི་དགའ་སྟོན་》དུ་བཙན་པོའི་རྒྱལ་རབས་ལ་སྟེངས་ལྔ་དང་རྒྱ་གར་གྱི་རྒྱལ་རབས་ལ་སྟེངས་གཅིག་གི་རྣམ་གྲངས་གཏན་འཁེལ་ཆགས་ཡོད། ང་ཚོས་སྟེངས་ཀྱི་ཐོག་མའི་འབྲུ་དོན་དཔྱད་དཀའ་ལ། དེ་ཉིད་ཡི་གེ་གང་ཞིག་གཟུགས་འགྱུར་བྱུང་བར་ཚོད་དཔག་བྱེད་ཆོག་མོད། འོན་ཀྱང་འདི་ཉིད་མཐའ་གཅིག་ཏུ་སྟོང་བ་ཙམ་དུ་གོ་བ་བླངས་ན་ཁྱབ་ཆུང་བའི་སྐྱོན་ཡོད། 《རྒྱ་བོད་ཆོས་འབྱུང་རྒྱས་པ་》རུ་“དེ་རྗེས་ཁྲིམས་མེད་རྒྱལ་པོ་གསུམ་ཙམ་བྱོན། །རྒྱལ་ཁྲིམས་ཆོས་ཁྲིམས་གཉིས་ཀ་མེད་པ་ཡིས། །སྙུན་གྱིས་ཟིན་དང་དམུས་ལོང་དག་ཀྱང་བྱུང་། །དེ་ལ་བར་གྱི་སྟེང་གཉིས་ཟེར་བ་ཡིན། །” (40)ཞེས་དང་《ཆོས་འབྱུང་བསྟན་པའི་རྒྱལ་མཚན་》དུ་“བར་དེར་སྨད་ཀྱི་སྟེངས་གཉིས་བྱུང་སྟེ། དེ་ལ་སྐབས་འདིར་བོན་བྱིན་རླབས་ཆུང་བས་རྒྱལ་ཁྲིམས་ཆོས་ཁྲིམས་གཉིས་ཀ་མ་ཆོས་པའི་རྒྱལ་པོ་བཞི་བྱུང་” (41)ཞེས་དང་།《གླེང་གཞི་བསྟན་པའི་བྱུང་ཁུངས་》སུ་“དེ་གཉིས་བམ་པོ་ས་ལ་བཏབ་ཅིང་མངའ་ཐང་ཕྲི་བས། བར་གྱི་ལྡིང་གཉིས་ཞེས་བྱའོ། །” (42)ཞེས་པ་སོགས་ཀྱི་སྐབས་སུ་རྒྱལ་རབས་དེ་སྟེངས་པའི་རྒྱལ་རབས་ལ་ངོས་འཛིན་དགོས་པའི་རྒྱུ་མཚན་བགྲངས་པར་རྒྱལ་ཁྲིམས་ཆོས་ཁྲིམས་གཉིས་ཀ་མ་ཆོས་པ་དང་། མངའ་ཐང་ཕྲི་བ། བཙན་པོ་སྙུན་གྱིས་ཟིན་པ། དམུས་ལོང་སོགས་བྱུང་བ་བཅས་བཀོད་ཡོད་ལ། གུ་གེ་གྲགས་པ་རྒྱལ་མཚན་གྱི་《ཉི་མའི་རིགས་ཀྱི་རྒྱལ་རབས་》སུ་ལྟེངས་ཞེས་ཟེར་དགོས་པའི་རྒྱུ་མཚན་བརྗོད་སྐབས་“དེའི་དུས་སུ་བོད་ཀྱི་རྒྱལ་ཁམས་ཉམས་དམའ་བས་ན། བར་གྱི་ལྟེངས་ཞེས་ཟེར་ལ་”ཞེས་རྒྱལ་ཁམས་སྤྱི་ཉམས་དམའ་བ་ནི་ལྟེངས་ཞེས་ཟེར་དགོས་དོན་དུ་བརྗོད་ཡོད། འདི་ལྟར་ཕྱིས་བྱུང་གི་ལོ་རྒྱུས་རྩོམ་མཁན་ཚོས་ལོ་རྒྱུས་འབྲི་བའི་གོ་རིམ་ཁྲོད་དུ། མིང་བརྡ་འདི་རིམ་བཞིན་འཐུས་ཇེ་ཚང་དང་གོ་དོན་གཏན་འཁེལ་བ་ཆགས་ནས། རྒྱལ་རབས་དེའི་སྐབས་སུ་ཆབ་སྲིད་ལ་ཉམས་ཆག་བྱུང་བ་དང་། མངའ་ཐང་རྒུད་པ། རྒྱལ་ཁམས་སྤྱི་ཉམས་དམའ་བ་སོགས་བཀྲ་མ་ཤིས་པའི་དོན་ཡོད་པའི་མཚོན་བྱེད་དམིགས་བསལ་བ་ཞིག་ཆགས་པ་གསལ་པོར་ཤེས་ཐུབ་ལ། འདི་ནི་ལངས་ཕྱོགས་དང་ལྟ་བ་མི་མཐུན་པའི་ཕྱིས་འབྱུང་ལོ་རྒྱུས་མཁས་པ་ཚོས་རྒྱལ་རབས་དེ་དག་ལ་གདེང་འཇོག་བྱ་བའི་གནད་ཅིག་ཀྱང་ཡིན་པ་ཤེས་ཐུབ། དེའི་ཕྱིར་བོན་གྱི་ཡིག་ཆ་ཁག་ཏུ་ལྡིང་གཉིས་ཞེས་གྲི་གུམ་བཙན་པོ་དང་སྤུ་དེ་གུང་རྒྱལ་ཡབ་སྲས་མ་གཏོགས་རྣམ་གྲངས་རྗེས་མ་དག་ངོས་ལེན་མ་བྱས་པ་དང་ཕུན་སུམ་ཚོགས་པའི་བོན་རྒྱལ་བཞི་ཡི་རྣམ་གྲངས་བཏོན་པ་སོགས་ནི་བོན་ཆོས་དར་རྒུད་ཀྱི་ལོ་རྒྱུས་དང་འབྲེལ་ནས་དཔྱད་ན་ལོ་རྒྱུས་དཔྱད་འཇོག་གི་ཆོས་ཉིད་གསལ་པོ་ཞིག་མཐོང་ཐུབ།སྟེངས་ཀྱི་མིང་བརྡ་འདིའི་རང་ངོས་ནས་ལོ་རྒྱུས་ལ་སྡོམ་ཚིག་རེ་འགོད་བཞིན་པའང་ཤེས་ཐུབ། 
         དེ་ལྟར་སྟེངས་ཞེས་པ་ནི་བཙན་པོ་དང་འབྲེལ་བའི་ལོ་རྒྱུས་ཡིག་ཆ་ཁག་ཏུ་བྱུང་བའི་རྒྱལ་རབས་རྣམ་གྲངས་ཀྱི་མཚན་གལ་ཆེན་དང་ཁྱད་པར་བ་ཞིག་ཡིན་ལ། དེ་ཉིད་བྱུང་འཕེལ་གྱི་གོ་རིམ་ཁྲོད་འབྲི་ལུགས་དུ་མ་བྱུང་ཞིང་། གོ་དོན་དམིགས་བསལ་བ་ཞིག་ལྡན་པས་ལོ་རྒྱུས་མཁས་པ་ཚོར་ངོས་ཟིན་གཅིག་གྱུར་ཞིག་ཆགས་ཡོད་པ་སྟེ། ཕྱི་རབས་ལོ་རྒྱུས་སྨྲ་བ་ཚོས་སྔར་གྱི་མེས་པོ་དག་གི་བྱས་རྗེས་དང་ཉེས་འཛོལ་ལ་གདེང་འཇོག་བྱེད་པའི་ཐ་སྙད་གལ་ཆེན་ཞིག་ཏུ་ཆགས་ཡོད། སྟེངས་ཞེས་པའི་ཡི་གེ་འདི་དེང་གི་སྐད་ཆའི་བེད་སྤྱོད་ཁྲོད་ཡལ་བར་གྱུར་ཡོད་ནའང་། ལོ་རྒྱུས་རྩོམ་འབྲིའི་གོ་རིམ་ཁྲོད་དེས་ནུས་པ་གལ་ཆེན་ཐོན་ཡོད་པ་ཤེས་ཐུབ། འདི་ལྟ་བུའི་སྣང་ཚུལ་ལོ་རྒྱུས་ཡིག་ཆ་ཁག་ཏུ་བྱུང་བའི་དོན་དངོས་ལ་དབྱེ་ཞིབ་མི་བྱེད་པར། ཐད་ཀར་སྟོང་བ་ཙམ་གྱི་དོན་ལ་གོ་བ་ལེན་པ་ནི་ལོ་རྒྱུས་རྒྱུས་ལོན་ལ་ལྡོག་ཕྱོགས་ཀྱི་ནུས་པ་འཐོན་པའི་རྒྱུ་རུ་འགྱུར་བར་ངེས་ལ། ལོ་རྒྱུས་རྩོམ་འབྲི་མཁན་སྔ་མ་དག་གི་ལྟ་བ་རྒྱུས་མ་ལོན་པ་དང་སླ་ཐབས་སུ་བྱས་པའི་སྐྱོན་ཡོད། དེའི་ཕྱིར་དེང་གི་ལོ་རྒྱུས་གསར་རྩོམ་པ་ཚོས་ཀྱང་སྟེངས་ཀྱི་རྣམ་གྲངས་འདི་བེད་སྤྱོད་སྐབས་སྔར་གྱི་འབྲི་ལུགས་ཚད་ལྡན་དེ་བེད་སྤྱོད་ཅིང་སྤེལ་བ་ལས། སྟེང་ཞེས་ཐོག་དང་གོང་གི་དོན་དུ་སྤྱོད་པ་དང་། སྟོང་ཞེས་སླ་ཆོས་སུ་འཇུག་པ་བཅས་ནི་ལོ་རྒྱུས་དོན་དངོས་དང་འགལ་བའི་བྱེད་ཐབས་ཤིག་ཡིན་པ་ཤེས་དགོས།
         མཆན་འགྲེལ།
         ① རྩོམ་འདི་ནི་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་2019ལོའི་འབུམ་རམས་ཞིབ་འཇུག་སློབ་མའི་གསར་བཏོད་རང་བཞིན་གྱི་ཞིབ་འཇུག་རྣམ་གྲངས་ཀྱི་དཔྱད་འབྲས་ཡིན། རྣམ་གྲངས་ཀྱི་ཨང་ཀི། CX2019BS09
         ②མཁས་པ་ལྡེའུ། 《མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ》[M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1987ལོ། P.377
         ③④མཁས་པ་ལྡེའུ། 《མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ》 [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1987ལོ། P.227; P.378
         ⑤དབང་རྒྱལ། 《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ》[M] མི་རིགས་དཔེ་སྐྲུན་ཁང་། 1980ལོ། P.98
         ⑥⑦ལྡེའུ་ཇོ་སྲས། 《ཆོས་འབྱུང་ཆེན་མོ་བསྟན་པའི་རྒྱལ་མཚན་ལྡེའུ་ཇོ་སྲས་ཀྱིས་མཛད་པ》 [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1987ལོ། P.102; P.106
         ⑧⑨གྲགས་པ་རྒྱལ་མཚན། 《ས་སྐྱ་གོང་མ་རྣམ་ལྔའི་གསུང་འབུམ་དཔེ་བསྡུར་མ》 (པོད་14པ) [M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2007ལོ། P.142
         ⑩ནེའུ་པཎྜི་ཏ། 《བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ》[M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1990ལོ། P.5
         ⑾ ཉང་ཉི་མ་འོད་ཟེར། 《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད》 [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1988ལོ། P.162
         ⑿⒀⒁⒂ཚལ་པ་ཀུན་དགའ་རྡོ་རྗེ། 《དེབ་ཐེར་དམར་པོ》 [M] མི་རིགས་དཔེ་སྐྲུན་ཁང་། 1981ལོ། P.34; P.34; P.40; P.4
         ⒃འཚལ་པ་ཀུན་དགའ་རྡོ་རྗེ། 《ཧུ་ལན་དེབ་ཐེར》[M] Namgyal institute of tibetology 1961ལོ། P.17སྲིབ།
         ⒄སྟག་ཚང་དཔལ་འབྱོར་བཟང་པོ། 《རྒྱ་བོད་ཡིག་ཚང་ཆེན་མོ》[M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1985ལོ། P.21
         ⒅འགོས་ལོ་གཞོན་ནུ་དཔལ། 《དེབ་ཐེར་སྔོན་པོ》[M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1986ལོ། P.61
         ⒆⒇ལྡེའུ་ཇོ་སྲས། 《ཆོས་འབྱུང་ཆེན་མོ་བསྟན་པའི་རྒྱལ་མཚན་ལྡེའུ་ཇོ་སྲས་ཀྱིས་མཛད་པ》[M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1987ལོ། P.103; P.106;
         (21)ལྡེའུ་ཇོ་སྲས། 《ཆོས་འབྱུང་ཆེན་མོ་བསྟན་པའི་རྒྱལ་མཚན་ལྡེའུ་ཇོ་སྲས་ཀྱིས་མཛད་པ》[M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1987ལོ། P.108
         (22)མཁས་པ་ལྡེའུ། 《མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ》 [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1987ལོ། P.249
         (23)(24)ཚལ་པ་ཀུན་དགའ་རྡོ་རྗེ། 《དེབ་ཐེར་དམར་པོ》[M] མི་རིགས་དཔེ་སྐྲུན་ཁང་། 1981ལོ། P.34; P.40
         (25)(26)སྟག་ཚང་དཔལ་འབྱོར་བཟང་པོ། 《རྒྱ་བོད་ཡིག་ཚང་ཆེན་མོ》[M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1985ལོ། P.135; P.137
         (27)(28)《ཞང་གཡུ་བྲག་པ་བརྩོན་འགྲུས་གྲགས་པའི་གསུང་འབུམ་རིན་པོ་ཆེ》[M] Gam-Po-Pa Library 2004ལོ། NEPAL P.32; P.38
         (29)འཚལ་པ་ཀུན་དགའ་རྡོ་རྗེ། 《ཧུ་ལན་དེབ་ཐེར》 [M] Namgyal institute of tibetology 1961ལོ། P.17སྲིབ།
         (30)(31)སྣང་མཐའ་བསྟན་འཛིན་ཉི་མས་བསྒྲིགས། 《ཞང་བོད་ལོ་རྒྱུས་ཕྱོགས་བསྒྲིགས》 སྟོད་ཆ།[M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2016ལོ། P.862; P.148
         (32)(33)དོན་དམ་སྨྲ་བའི་སེང་གེ། 《བཤད་མཛོད་ཡིད་བཞིན་ནོར་བུ》[M] New Delhi 1969ལོ། P.80; P.81 
         (34)སྣང་མཐའ་བསྟན་འཛིན་ཉི་མས་བསྒྲིགས། 《ཞང་བོད་ལོ་རྒྱུས་ཕྱོགས་བསྒྲིགས》 སྟོད་ཆ།[M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། P.689 
         (35)ཐུབ་བསྟན་ཕུན་ཚོགས། 《བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་རཱ་གའི་ལྡེ་མིག》[M] མི་རིགས་དཔེ་སྐྲུན་ཁང་། 2006ལོ། P.65
         (36)ཀིརྟི་བློ་བཟང་བསྟན་འཛིན། 《གནའ་རབས་བོད་ཀྱི་སྲིད་དོན་ལ་དཔྱད་པ་དྭངས་གསལ་མེ་ལོང》[M] ཞང་ཀང་ཐེན་མཱ་དཔེ་སྐྲུན་ཁང་། 2002ལོ། P.17
         (37)པད་མ་དབང་རྒྱལ། 《བཙན་པོ་རིམ་བྱོན་ལས་སྟོད་ཀྱི་སྟེང་གཉིས་དང་བར་གྱི་སྟེང་གཉིས་ཞེས་པའི་མཚན་དོན་ལ་དཔྱད་པ》[J] མཚོ་སྔོན་མི་རིགས་སློབ་ཆེན་རིག་གཞུང་དུས་དེབ། 2014ལོ། P.123
         (38)དཔའ་བོ་གཙུག་ལག་ཕྲེང་བ། 《ཆོས་འབྱུང་མཁས་པའི་དགའ་སྟོན》 [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2014ལོ། P.140
         (39)(40)མཁས་པ་ལྡེའུ། 《མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ》 [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1987ལོ། P.248; P.250
         (41)ལྡེའུ་ཇོ་སྲས། 《ཆོས་འབྱུང་ཆེན་མོ་བསྟན་པའི་རྒྱལ་མཚན་ལྡེའུ་ཇོ་སྲས་ཀྱིས་མཛད་པ》 [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1987ལོ། P.106
         (42)སྣང་མཐའ་བསྟན་འཛིན་ཉི་མས་བསྒྲིགས། 《ཞང་བོད་ལོ་རྒྱུས་ཕྱོགས་བསྒྲིགས》 སྟོད་ཆ། [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2016ལོ། P.862
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1