ཞི་ཅིན་ཕིང་གིས་རང་དམག་གི་དམག་དོན་སྦྱོང་བརྡར་ཐད་འདི་འདྲ་གསུངས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 11-27



      ཞི་ཅིན་ཕིང་གིས་ཀྲུང་དབྱང་དམག་ཨུད་ཀྱི་དམག་དོན་སྦྱོང་བརྡར་གྲོས་ཚོགས་ཐོག་དངོས་འཐབ་ཅན་གྱི་དམག་དོན་སྦྱོང་བརྡར་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། སྦྱོང་བརྡར་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་འགྲོ་བ། རྒྱལ་ཁ་ལེན་ཐུབ་པའི་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏོང་བ་བཅས་བྱ་དགོས་པའི་ནན་སྟོན་གནང་བ།


     འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་25ཉིན། ཀྲུང་དབྱང་དམག་ཨུད་ཀྱི་དམག་དོན་སྦྱོང་བརྡར་གྲོས་ཚོགས་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་ལ་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་གནང་ཡོད་པ་རེད། 
     ཁོང་གིས། དམག་ཡོངས་ནས་དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་བསམ་བློ་དོན་འཁྱོལ་བྱེད་པ་དང་། དུས་རབས་གསར་པའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་དོན་འཁྱོལ་བྱེད་པ། དམག་གྲབས་དང་དམག་རྒྱག་རྒྱུར་དོ་སྣང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། དངོས་འཐབ་དངོས་སྦྱོང་དང་། མཉམ་འཐབ་མཉམ་སྦྱོང་། ཚན་རྩལ་ལ་བརྟེན་ནས་སྦྱོང་བརྡར་ལ་ཤུགས་སྣོན། ཁྲིམས་ལྟར་སྦྱོང་བརྡར་བཅོས་སྐྱོང་བཅས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཐོག་ཕུལ་བྱུང་གི་སྲོལ་རྒྱུན་དར་སྤེལ་དང་། སྒྱུར་བཅོས་གསར་གཏོད་ལ་ཤུགས་སྣོན། དམག་དོན་སྦྱོང་བརྡར་མ་ལག་གསར་པ་གང་མགྱོགས་འཛུགས་པ། སྦྱོང་བརྡར་གྱི་ཆུ་ཚད་དང་རྒྱལ་ཁ་ལེན་ཐུབ་པའི་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཏང་གི་དུས་རབས་གསར་པར་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་འབེན་མངོན་འགྱུར་དང་། རང་དམག་དེ་ཉིད་ཁྱོན་ཡོངས་ནས་འཛམ་གླིང་གི་དམག་དཔུང་རྩེ་གྲ་ཞིག་ཏུ་བསྐྲུན་ཐུབ་པ་བྱ་ཆེད་སྲ་ཞིང་བརྟན་པའི་འདེགས་སྐྱོར་བྱ་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད། 
     ཕྱི་དྲོའི་ཆུ་ཚོད་བཞི་པ་ཙམ་ལ། ཞི་ཅིན་ཕིང་ཅིང་ཞི་མགྲོན་ཁང་དུ་ཕེབས་ཡོད་པ་དང་། སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད། གྲོས་ཚོགས་ལ་ཞུགས་མཁན་འཐུས་མི་དང་། དམག་ཡོངས་ཀྱི་དམག་དོན་སྦྱོང་བརྡར་གྱི་སྔོན་ཐོན་ཚན་པའི་འཐུས་མི་དང་སྔོན་ཐོན་མི་སྒེར་བཅས་ལ་བྱམས་བརྩེའི་ཐུག་འཕྲད་གནང་བ་མ་ཟད། ཚང་མ་དང་ལྷན་དུ་དྲན་རྟེན་སྐུ་པར་བསྐྱོན་ཡོད་པ་རེད། 
     ཞི་ཅིན་ཕིང་གིས་གྲོས་ཚོགས་ཐོག་གསུང་བཤད་གལ་ཆེན་གནང་ཡོད། ཁོང་གིས། དམག་དོན་སྦྱོང་བརྡར་ནི་དཔུང་སྡེའི་རྒྱུན་གཏན་རང་བཞིན་གྱི་ལྟེ་བའི་ལས་དོན་ཞིག་དང་། དམག་འཐབ་ནུས་པ་སྐྱེད་སྲིང་དང་ཆེ་རུ་གཏོང་བའི་གཞི་རྩའི་ཐབས་ལམ་ཞིག ཆེས་ཐད་ཀའི་དམག་དོན་འཐབ་རྩོད་ཀྱི་གྲ་སྒྲིག་བཅས་ཡིན་པས། དེས་དཔུང་སྡེས་དམག་རྒྱག་ཐུབ་པ་དང་རྒྱལ་ཁ་ལེན་ཐུབ་པའི་འགན་སྲུང་བྱ་རྒྱུ་དང་། དཔུང་སྡེའི་ཁྱོན་ཡོངས་འཛུགས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་རྒྱུར་གལ་འགངས་ཤིན་ཏུ་ཆེ་བའི་དོན་སྙིང་ལྡན་ཡོད་ཅེས་ནན་སྟོན་གནང་ཡོད། 
     ཞི་ཅིན་ཕིང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱིས་བློ་བརྟན་འགྱུར་མེད་ངང་དངོས་འཐབ་ཅན་གྱི་དམག་དོན་སྦྱོང་བརྡར་ལ་སྐུལ་འདེད་བཏང་བ་དང་། དམག་ཡོངས་ཀྱིས་དམག་དོན་སྦྱོང་བརྡར་བྱ་རྒྱུ་དེ་འཐབ་ཇུས་གནས་བབ་ཐོག་མུ་མཐུད་འཇོག་རྒྱུར་སྐུལ་འདེད་བཏང་ཡོད་ཅིང་། དངོས་འཐབ་དངོས་སྦྱོང་ལ་གཙོ་གནད་ཐོག་སྐུལ་འདེད་བཏང་བ་དང་། མཉམ་འཐབ་མཉམ་སྦྱོང་ལ་སྐུལ་འདེད་གཏིང་ཟབ་བཏང་བ། སྦྱོང་བརྡར་ཁྱབ་ཁོངས་ཀྱི་སྒྱུར་བཅོས་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་བཏང་བ། མང་ཚོགས་རང་བཞིན་གྱི་དམག་སྦྱོང་དང་དྲག་རྩལ་འགྲན་བསྡུར་ལ་རྒྱ་ཁྱབ་ངང་སྐུལ་འདེད་བཏང་བས། རང་དམག་གི་དམག་དོན་སྦྱོང་བརྡར་དེ་དངོས་འཐབ་དང་འབྲེལ་བ་ཟབ་ཏུ་འགྲོ་བ་དང་དངོས་འཐབ་ལ་ཞབས་ཞུ་སྒྲུབ་པའི་ཕྱོགས་སུ་གོམ་སྟབས་ཆེན་པོ་ཞིག་སྤོས་ཡོད་པ་དང་། དུས་ཡུན་རིང་པོའི་ནང་གནས་པའི་མངོན་གསལ་དོད་པའི་འགལ་ཟླ་དང་གནད་དོན་ཁག་གཅིག་ཐག་གཅོད་ཐུབ་ཡོད་ཅིང་། དམག་གྲབས་དམག་རྒྱག་གི་ནུས་པ་ཆེ་རུ་གཏོང་རྒྱུ་དང་ལས་འགན་གལ་ཆེན་ཁག་ལེགས་སྒྲུབ་བྱ་རྒྱུར་འདེགས་སྐྱོར་བྱས་ཡོད་ཅེས་བསྟན་གནང་ཡོད།
     ཞི་ཅིན་ཕིང་གིས། མིག་སྔར། རང་རྒྱལ་གྱི་བདེ་འཇགས་ཁོར་ཡུག་དང་། དམག་དོན་འཐབ་རྩོད་ཀྱི་རྣམ་པ། རང་དམག་གི་འོས་འགན་དང་ལས་འགན། དེང་རབས་དམག་འཁྲུག་གི་རྣམ་པ། རང་དམག་གི་རྩ་འཛུགས་རྣམ་པ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གྱི་དམིགས་འབེན་ལས་འགན་བཅས་ཚང་མར་འགྱུར་ལྡོག་གསར་པ་བྱུང་ཡོད་པ་དང་། རང་དམག་གི་དམག་དོན་སྦྱོང་བརྡར་དེ་ཕྱོགས་ཡོངས་ནས་འཕོ་འགྱུར་དང་སྤྱི་ཡོངས་རང་བཞིན་གྱི་མཐོ་རུ་འགྲོ་བའི་དུས་མཚམས་གསར་པར་སླེབས་ཡོད། དུས་རབས་གསར་པ་དང་། དུས་བབ་གསར་པ། ལས་འགན་གསར་པ། བླང་བྱ་གསར་པ་བཅས་ཁོང་དུ་ཆུད་པ་བྱས་ཏེ། སེམས་ཁྲལ་གྱི་འདུ་ཤེས་ཆེ་རུ་གཏོང་བ་དང་། འོས་འགན་དང་འགན་འཁྲི་ཆེ་རུ་བཏང་ནས། དམག་དོན་སྦྱོང་བརྡར་གྱི་རྣམ་པ་བརྗེ་སྒྱུར་རིམ་འཕར་མངོན་འགྱུར་ཇེ་མགྱོགས་སུ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད། 
     ཞི་ཅིན་ཕིང་གིས། འཐབ་ཇུས་ཇུས་འགོད་དང་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་བརྒྱབ་ནས། དམག་དོན་སྦྱོང་བརྡར་གྱི་རྣམ་པ་བརྗེ་སྒྱུར་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། དམག་འཐབ་དང་སྦྱོང་བརྡར་གཅིག་གྱུར་ཡོང་རྒྱུར་ཤུགས་སྣོན་རྒྱག་པ་དང་། དམག་འཐབ་ཀྱིས་སྦྱོང་བརྡར་ལ་ཁྲིད་སྟོན་དང་སྦྱོང་བརྡར་གྱིས་དམག་འཐབ་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དངོས་འཐབ་ཀྱི་བླང་བྱ་གཞིར་བཟུར་སྦྱོང་བརྡར་བྱེད་པ་དང་། དམག་འཐབ་དང་སྦྱོང་བརྡར་གཞི་གཅིག་ཅན་མངོན་འགྱུར་ཡོང་བ་བྱེད་དགོས། མཉམ་འབྲེལ་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ་དང་། མཉམ་འབྲེལ་གྱིས་རྩ་གནད་བྱས་ཏེ། རང་དམག་གི་ཁྱད་ལྡན་མཉམ་འབྲེལ་སྦྱོང་བརྡར་མ་ལག་གོང་འཕེལ་གཏོང་དགོས་པ་དང་། གཞི་གཅིག་ཅན་གྱི་མཉམ་འབྲེལ་དམག་འཐབ་ནུས་པ་མགྱོགས་མྱུར་ཆེ་རུ་གཏོང་དགོས། སྦྱོང་བརྡར་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དོ་དམ་གྱི་མ་དཔེ་དང་བརྒྱུད་རིམ་ལེགས་སུ་གཏོང་བ། འབྲེལ་ཡོད་ཁྲིམས་སྲོལ་ལམ་ལུགས་དང་ཚད་གཞི་བྱ་ཐབས་བཅས་འཛུགས་རྒྱུར་ཤུགས་སྣོན་རྒྱག་པ། དུས་འཁོར་ཧྲིལ་པོ་དང་ཞིབ་ཚགས་ཅན་གྱི་སྦྱོང་བརྡར་དོ་དམ་ཆུ་ཚད་མཐོ་རུ་གཏོང་དགོས། ཚན་རྩལ་ལ་བརྟེན་ནས་དམག་མིར་སྦྱོང་བརྡར་སྤྲོད་ཤུགས་ཆེ་རུ་གཏོང་བ་དང་། དཔོན་དམག་གི་ཚན་རྩལ་བྱང་ཚད་མཐོ་རུ་གཏོང་བ། སྒྲིག་ཆས་གསར་པ་དང་། སྟོབས་ཤུགས་གསར་པ། ཁྱབ་ཁོངས་གསར་པ་བཅས་ཀྱི་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ། སྔོན་ཐོན་སྦྱོང་བརྡར་བྱ་ཐབས་དང་བྱེད་ཐབས་གོང་འཕེལ་གཏོང་བ་བཅས་བྱས་ནས། སྦྱོང་བརྡར་ཁྲོད་ཀྱི་ཚན་རྩལ་འདུས་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་ཞེས་བསྟན་གནང་ཡོད་པ་རེད། 
     སྦྱོང་བརྡར་ལ་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བཀོད་པ་ལེགས་སྒྱུར། རྒྱུ་རྐྱེན་འཐུས་ཚང་། བྱེད་སྟངས་གསར་གཏོད་བཅས་བྱེད་པ་དང་། དམག་སྦྱོང་ངོ་མ་འདྲ་བའི་ཁོར་ཡུག་སྒྲིག་འཛུགས་བྱས་ནས་ཆུ་ཚད་མཐོ་བའི་སྦྱོང་བརྡར་འགན་སྲུང་མ་ལག་འཛུགས་སྐྱོང་མགྱོགས་སུ་གཏོང་དགོས། ཤེས་ལྡན་མི་སྣའི་འདེགས་སྐྱོར་ལ་ཤུགས་སྣོན་རྒྱག་པ་དང་། དུས་རབས་གསར་པའི་དམག་དོན་སློབ་གསོའི་བྱེད་ཕྱོགས་ལག་བསྟར་བྱེད་པ། སློབ་གླིང་གི་སློབ་གསོ་དང་། དམག་དཔུང་གི་སྦྱོང་བརྡར་ལག་ལེན། དམག་དོན་ལས་རིགས་སློབ་གསོ་བཅས་ཀྱི་ཕྱོགས་བསྡུས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ནུས་པ་འདོན་སྤེལ་བྱས་ཏེ། དམག་སྦྱོང་དམག་གྲབས་ཀྱི་འཇོན་ཐང་ཅན་འབོར་ཆེན་གསོ་སྐྱོང་བྱ་དགོས། དཔོན་དམག་གི་བྱེད་པོའི་གནས་བབ་ལ་བརྩི་འཇོག་དང་། དམག་དོན་དམངས་གཙོ་དར་སྤེལ། གསར་གཏོད་གསར་སྐྲུན་ལ་སྐུལ་ལྕག་བཅས་བྱས་ཏེ། རྒྱ་ཆེའི་དཔོན་དམག་གི་དམག་སྦྱོང་བྱེད་པའི་སྤྲོ་སེམས་འཕེལ་བ་དང་། དམག་སྦྱོང་གི་བློ་རིག་གོང་བུ་གཅིག་ཏུ་འགྲིལ་བ་བྱ་དགོས། དཀའ་ཚེགས་ཆེ་ཞིང་དོ་ནན་གྱི་སྦྱོང་བརྡར་བྱེད་རིང་དང་། དམག་འཐབ་དངོས་དང་འདྲ་བའི་ཁོར་ཡུག་ཁྲོད། དེ་བཞིན་ཛ་དྲག་ཆེ་ཞིང་རྙོག་འཛིང་ཆེ་བའི་དམག་དོན་འཐབ་རྩོད་ནང་སྦྱོང་བརྡར་དང་དམག་དཔུང་ལ་སྦྱོང་བརྡར་བྱ་དགོས་ཞིང་། དཔོན་དམག་ཚོས་ཕུགས་བསམ་གྱི་དད་སེམས་བརྟན་དུ་གཏོང་བ་དང་། དམག་འཐབ་ཀྱི་བློ་སྟོབས་སྦྱོང་བརྡར་བྱེད་པ། དམག་འཐབ་ཀྱི་སྤྱོད་ཚུལ་སྦྱོང་བརྡར་བཅས་བྱ་དགོས་པའི་ཁྲིད་སྟོན་བྱེད་དགོས་ལ། ཐོག་མཐའ་བར་གསུམ་དུ་གཅིག་ནས་དཀའ་སྡུག་ལ་མི་སྐྲག་པ་དང་གཉིས་ནས་འཆི་རྒྱུར་མི་སྐྲག་པའི་ཞུམ་མེད་ཀྱི་དམག་འཐབ་སྙིང་སྟོབས་རྒྱུན་འཁྱོངས་བྱ་དགོས་ཞེས་གསུངས་ཡོད།
     ཞི་ཅིན་ཕིང་གིས། ཏང་གིས་དམག་དོན་སྦྱོང་བརྡར་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། རིམ་ཁག་ཏང་ཨུད་ཀྱིས་ཆབ་སྲིད་ཀྱི་གནས་བབ་མཐོ་རུ་གཏོང་བ་དང་། ཆབ་སྲིད་ཀྱི་འགན་འཁྲི་ཤུགས་ཆེར་གཏོང་བ། དམག་དོན་སྦྱོང་བརྡར་གྱི་ལས་དོན་ལ་དམ་འཛིན་ཧུར་ཐག་བྱ་དགོས། དམག་འཐབ་དངོས་ལ་དམིགས་ནས་སྦྱོང་བརྡར་ལ་དམ་འཛིན་བྱས་ཏེ། དམག་སྦྱོང་དམག་གྲབས་ལ་ཤུགས་སྣོན་རྒྱག་པར་ཕན་ཐོགས་ཡོད་པའི་ལས་ཀའི་ཁྲིད་ཕྱོགས་དང་། མི་སྣ་བཀོལ་སྤྱོད་ཀྱི་ཁྲིད་ཕྱོགས། སྲིད་ཇུས་ཀྱི་ཁྲིད་ཕྱོགས། གླེང་ཕྱོགས་ཀྱི་ཁྲིད་ཕྱོགས་བཅས་ཆགས་པར་སྐུལ་འདེད་གཏོང་དགོས། དོ་ནན་གྱི་སྦྱོང་བརྡར་འགན་འཁྲིའི་ལམ་ལུགས་བཙུགས་ནས་རིམ་པ་བཞིན་གནོན་ཤུགས་བརྒྱུད་སྤྲོད་དང་རིམ་པ་བཞིན་འགན་འཁྲི་ནན་དུ་གཏོང་དགོས། ཏང་ཨུད་ཀྱིས་དམག་འཐབ་དང་སྦྱོང་བརྡར་གྲོས་གླེང་གི་སྤུས་ཚད་མཐོ་རུ་གཏོང་བ་དང་། སྦྱོང་བརྡར་མཛུབ་ཁྲིད་དང་ལས་ཀའི་བྱེད་སྟངས་ལེགས་བཅོས་བྱས་ནས། སྦྱོང་བརྡར་ལ་དམ་འཛིན་བྱེད་པའི་ཚན་རིག་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་གཏོང་དགོས། སྦྱོང་བརྡར་ཁྲོད་ཀྱི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཡོ་བསྲང་དང་བཅོས་སྒྲིག་གཏིང་ཟབ་བྱས་ཏེ་སྦྱོང་བརྡར་གྱི་སྤྱོད་ཚུལ་རྩ་བའི་ཆ་ནས་ལེགས་འགྱུར་ཡོང་བ་བྱ་དགོས། རིམ་པ་ཁག་དང་ལྷག་པར་དུ་མཐོ་རིམ་བཀོད་འདོམས་པས་སེམས་ཤུགས་གཅིག་སྡུད་ཀྱིས་དམག་དོན་དང་། དམག་འཁྲུག དམག་རྒྱག་པ་བཅས་ལ་ཞིབ་འཇུག་བྱེད་པ་དང་། དམག་འཐབ་ཤེས་པ་དང་། བཀོད་འདོམས་ཤེས་པ། སྦྱོང་བརྡར་སྒྲིག་འཛུགས་བྱེད་མཁས་པ། སྦྱོང་བརྡར་བྱ་རྒྱུར་དམ་འཛིན་ངོ་མ་བཅས་བྱས་ཐོག་འཇོན་ཐང་ངོ་མ་ལྡན་པའི་སྦྱོང་བརྡར་བྱས་ཏེ་འཇོན་ཐང་ལྡན་པའི་དཔུང་སྡེ་གསོ་སྐྱོང་བྱ་དགོས་ཞེས་ནན་སྟོན་གནང་ཡོད།
     ཞི་ཅིན་ཕིང་གིས། དམག་དོན་སྦྱོང་བརྡར་ལ་དམ་འཛིན་ཡག་པོ་བྱ་རྒྱུ་ནི་དམག་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན་ཞིང་། དམག་ཨུད་ཀྱིས་གཅིག་གྱུར་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དམག་ཨུད་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་ཡག་པོ་བྱེད་པ། ཕྱོགས་ཁག་ཚང་མས་རང་འགན་གཙང་སྒྲུབ་བྱ་དགོས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས། དེ་བཞིན་ས་གནས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་སྦྱོང་བརྡར་བྱེད་ས་འཛུགས་སྐྲུན་དང་། སྦྱོང་བརྡར་ཐོན་ཁུངས་འགན་སྲུང་། སྦྱོང་བརྡར་ཁྲོད་དབང་པོ་སྐྱོན་ཅན་དུ་གྱུར་བར་འཆི་གོད་གྱོང་གསབ་བྱེད་པ། ནང་སྦྱོང་ལས་འགན་གྱི་འགན་ཟླ་སེལ་བ་སོགས་ཀྱི་ཐད་རྒྱབ་སྐྱོར་ནུས་ལྡན་བྱས་ཏེ། ཐུན་མོང་ཐོག་རང་དམག་གི་དམག་སྦྱོང་དམག་གྲབས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་གསུངས་ཡོད། 
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཞུས་ཆི་ལིའང་གིས་གྲོས་ཚོགས་གཙོ་སྐྱོང་གནང་ཡོད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡིའུ་ཞ་ཡིས་དམག་ཡོངས་ཀྱི་དམག་དོན་སྦྱོང་བརྡར་གྱི་སྔོན་ཐོན་ཚན་པ་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་ཀྲུང་དབྱང་དམག་ཨུད་ཀྱི་བརྡ་ཁྱབ་སྒྲོག་སྦྱང་གནང་ནས། དམག་ཡོངས་ཀྱི་དམག་དོན་སྦྱོང་བརྡར་གྱི་སྔོན་ཐོན་ཚན་པ་10དང་། དམག་ཡོངས་ཀྱི་དམག་དོན་སྦྱོང་བརྡར་གྱི་སྔོན་ཐོན་མི་སྒེར་23ལ་གཟེངས་བསྟོད་བྱས་ཡོད། ཞི་ཅིན་ཕིང་སོགས་ཀྱིས་གཟེངས་བསྟོད་ཐོབ་མཁན་ལ་གཟེངས་རྟགས་གནང་ཡོད་པ་རེད། 
     ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་ཝེ་ཧྥེང་ཧོ་དང་། ལི་ཙུའོ་ཁྲེང་། མེའོ་ཧྭ། ཀྲང་ཧྲེང་མིང་བཅས་གྲོས་ཚོགས་ལ་ཞུགས་ཡོད། དམག་ཨུད་ལས་ཁུངས་ཀྱི་སྡེ་ཚན་ཁག་དང་དམག་ཡོངས་ཀྱི་ཚན་པ་ཆེ་གྲས་ཁག་གི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་སོགས་གྲོས་ཚོགས་ལ་ཞུགས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1